ཟླ་1ཚེས་19ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་གིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའི་2012ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་དེ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་ཁར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཧའོ་ཕུང་གིས་རང་ལྗོངས་ཀྱི་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་གནང་སྐབས་ཉེ་དུས་ཚུན་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་གནང་བའི་ཐོག་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ་གཙོ་བོར་བྱས་ཏེ་དགོན་སྡེའི་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ་དང་། རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པའི་གྲོང་ཚོར་བཅའ་སྡོད་ལས་དོན། གྲོང་ཁྱེར་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་པ། ཁ་པར་དང་དྲ་སྦྲེལ་གྱི་མིང་ངོ་མ་འགོད་པ་སོགས་གཙོ་གནད་ལས་དོན་བཀོད་སྒྲིག་ཤུགས་ཆེན་བྱས་པ་དང་། སྲིད་ཁྲིམས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་དགོན་སྡེར་དོ་དམ་བྱེད་པའི་སྟོབས་ཤུགས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད། ལྷག་དོན་དུ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་བླང་བྱ་ཁག་བཅུ་བཏོན་པ་དང་། ལོ་ཧྲིལ་པོའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གཅིག་འདོམས་ངང་སྤེལ་རྒྱུའི་སྤྱིའི་བླང་བྱ་དང་། དམིགས་ཚད་དང་ལས་འགན། བྱེད་ཐབས་གཙོ་བོ་བཅས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་ལས་འགན་གཙོ་བོ་ཁ་གསལ་བཏོན་པ་དེས་ང་ཚོས་བབ་བསྟུན་འཕྲལ་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གསུངས་པ་རེད།
ཧའོ་ཕུང་གིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་མདུན་དུ་ང་ཚོས་མཐུན་རྐྱེན་མཐོང་བ་བྱས་ནས་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་དང་ཡིད་ཆེས་དང་ངར་ཤུགས་བརྟན་དུ་གཏོང་དགོས་ལ་ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་གྱིས་རིག་པ་དྭངས་གསལ་བྱ་རྒྱུ་རྒྱུན་འཁྱོངས་དང་གྲ་སྒྲིག་ཨང་བསར་བྱེད་ཐུབ་པ་བྱེད་དགོས་པ་དང་། རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་ཉེ་དུས་འཚོགས་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་ཚོགས་འདུའི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་རྒྱུའི་ལས་ཀ་གཙོ་བོ་དེར་དམ་པོར་དམིགས་ནས་སྔ་ཙམ་དམ་འཛིན་བྱེད་པ་དང་། ཆུང་ཙག་ནས་དམ་འཛིན་བྱེད་པ། དམ་འཛིན་མྱུར་པོ་བྱེད་པ། དམ་འཛིན་ལེགས་པོ་བྱེད་པ་བཅས་བྱས་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་གནད་དོན་ཆེ་འབྲིང་མི་ཐོན་པ་དང་གནད་དོན་ཆུང་ཙག་ཀྱང་མི་ཐོན་པའི་འབད་བརྩོན་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངག་བཅོལ་གལ་ཆེན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་རྒྱུ་མེད་ཅེས་ནན་བཤད་གནང་བ་རེད།
ཧའོ་ཕུང་གིས་མིག་སྔའི་རང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོ་བཀྲ་ཤིས་དགའ་སྤྲོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུའི་འགན་ལེན་བྱེད་ཆེད་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཀྱིས་གཤམ་གསལ་ཕྱོགས་ཐད་ཀྱི་ལས་དོན་དམ་འཛིན་མངོན་གསལ་དོད་པོ་བྱེད་དགོས་པ་སྟེ། གཅིག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་ནང་སྲུང་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ “རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མི་ལ་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ ”བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་པ་དང་། གནད་དང་ཁུལ་གཙོ་བོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་མི་སྣར་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་ལམ་འགྲིམ་འགྲུལ་དང་མེ་ཟོན་མེ་གསོད་ཀྱི་བདེ་འཇགས་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་གྱིས་སྤྱི་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་ནན་པོ་བྱེད་དགོས་པ་དང་། གཉིས་ནས་དགོན་སྡེའི་དོ་དམ་ལས་དོན་ནུས་པ་ལྡན་ལ་དོན་ངོ་མའི་ཐོག་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་དགོན་སྡེའི་དམངས་བདག་ཨུ་ལྷན་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས “མི་སེམས་གཅིག་སྒྲིལ་དང་། མི་སེམས་རྣལ་ལ་ཕབ་པ། མི་སེམས་ལ་དྲོ་སྐྱིད་ཚོར་བ ”བཅས་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་པ་དང་། དགོན་སྡེའི “འཛུགས་སྐྱོང་དྲུག ”གི་ལས་ཀ་དང་། “གཅིག་དྲུག ”གི་བྱེད་སྒོ། “དགུ་ལྡན ”འདུ་འགོད་བཅས་དམ་འཛིན་ཡག་པོ་བྱས་ནས་དགོན་སྡེའི་ནང་ཡོད་པའི་གྲྭ་བཙུན་ཚོས་རང་རྟོགས་ངང་ཁྲིམས་སྲུང་སྡོམ་སྲུང་དང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་མཉམ་གཏོད་བྱ་རྒྱུར་ཁྲིད་སྟོན་ནུས་ལྡན་བྱེད་པ་དང་། དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་ཏེ་བརྟག་ཞིབ་འཚམས་འདྲིའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ནན་ཏན་བྱེད་པ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་མཉམ་སྲུང་བྱེད་ཐབས་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ་བཅས་བྱས་ཏེ་གཞི་རིམ་གྱི་བརྟན་ལྷིང་འགན་ལེན་བྱེད་དགོས་པ། གསུམ་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་པར་དགའ་སྤྲོའི་ངང་བསུ་བ་ཞུ་རྒྱུའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་པ་དང་རང་ལྗོངས་ཀྱི་འདས་མ་ཐག་པའི་ལོ་གཅིག་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལ་དམིགས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་མཛུབ་ཁྲིད་བྱེད་པ་དང་འཚམས་འདྲི་བྱེད་པའི་གནས་ཚུལ་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱས་པའི་ལས་ཀའི་གནས་ཚུལ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པའི་ཕུན་སུམ་ཚོགས་པའི་འཚོ་བ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་དགའ་སྤྲོ་དང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་པ། བཞི་ནས་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་ཡོང་བ་བྱེད་དགོས་ཤིང་། 《བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་འགོ་ཁྲིད་ལས་བྱེད་པས་འགན་འཛོལ་དང་ལས་འཛོལ་ཤོར་བའི་བྱ་སྤྱོད་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས 》དོན་འཁྱོལ་ནན་ཏན་བྱས་ནས་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སྐུལ་འདེད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཏན་འབེབས་ལས་འགལ་བ་དང་འགན་འཛོལ་དང་ལས་འཛོལ་ཤོར་བའི་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ། ལྔ་ནས་དུས་ཆེན་རིང་གི་འཚམས་འདྲིའི་ལས་དོན་ཡག་པོ་བསྒྲུབ་དགོས་ཤིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ས་ཁུལ (གྲོང་ཁྱེར )ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་ལས་གནས་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣ་དང་། ལས་བྱེད་པ་དང་ཉེན་རྟོག་པ། ལས་འགན་བསྒྲུབ་མཁན་དཔོན་དམག་བཅས་ལ་སྔར་བས་སེམས་ཁུར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་དང་འཚམས་འདྲིའི་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པར་བྱས་ཏེ་མི་སེམས་གཅིག་ཏུ་བསྒྲིལ་བ་དང་ངར་ཤུགས་སྔར་བས་འཕེལ་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཉི་མ་ཚེ་རིང་དང་། རྡོ་རྗེ་ཚེ་རིང་། ཀུང་ཕུའུ་ཀོང་། མོང་ཏེ་ལི། ལི་ཀྲའོ། ཏིང་ཡེ་ཤན། བློ་བཟང་འགྱུར་མེད། ཀྲང་ཕེ་ཀྲུང་། སུང་ཅིན་ཡོན། དབྱང་ཧྲོང་ཅུས། ཀོ་དབྱེ་ལི། ཨོ་ལོ་བུ་ཆུང་། ཁྱུང་སྲས་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།