ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་སྟེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་མཆན་འགོད་མཛུབ་སྟོན་གནང་བ།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མཆན་འགོད་མཛུབ་སྟོན་གནང་སྟེ་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་མཐའ་དག་སྐུལ་སློང་ཧུར་ཐག་བྱེད་པ་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་རེ་བ་བཏོན་གནང་ཡོད།
ཁྲེན་ཆོན་གོས་མཆན་འགོད་མཛུབ་སྟོན་ནང་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་རང་རེའི་ཏང་གི་གལ་ཆེའི་ཕ་ནོར་དང་། ཏང་གི་སྲིད་སྐྱོང་བོད་དར་གྱི་གལ་ཆེའི་ནང་དོན། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ལས་དོན་བཅས་ཡིན། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བཅས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དངོས་ཐོག་བདེན་འཚོལ་བྱེད་པ། སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་དང་མི་རིགས་དང་ཆོས་ལུགས་དང་། དགོན་སྡེ་དོ་དམ། ཏང་ཕྱིའི་མི་སྣ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར། ས་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླ། འཐབ་ཕྱོགས་གཅིག་གྱུར་གྱི་རིག་གནས་ལས་དོན་ཁག་བཅས་ལ་གོམ་སྟབས་གསར་པ་སྤོས་པ་དང་འཕེལ་རྒྱས་གསར་པ་བྱུང་བ་དང་ལྷག་དོན་དུ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་དེ་གསར་གཏོད་བྱེད་པའི་ཐད་ཀྱི་བསམ་ཕྱོགས་ཡག་པོ་ཞིག་བཟོ་བ་དང་། སྲིད་ཇུས་སྟངས་འཛིན་ཡག་པོ་བྱེད་པ། དོན་འཁྱོལ་ཡག་པོ་བཅས་བྱས་པ་དང་ཕན་འབྲས་བཟང་པོ་ཐོན་པ་དང་ཉམས་མྱོང་ཡག་པོ་བཏོད་དེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་སྲུང་སྐྱོང་བྱ་ཕྱིར་གལ་ཆེའི་ནུས་པ་བཏོན་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་སྟབས་ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་དང་ལས་བཟོ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་ལྷག་བསམ་ཟོལ་མེད་ངང་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
ཁྲེན་ཆོན་གོས་ནན་བཤད་གནང་དོན། ད་ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་ལེགས་པར་བྱས་ཐོག་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ལེགས་པར་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ལེགས་པར་བྱེད་པ། ཀྲུའུ་ཞི་ཅ་ཆིང་ལིན་དང་། ཧྲུའུ་ཅི་ཀྲོའུ་ཡུང་ཁང་། རྒྱལ་དོན་ཨུ་ཡོན་མོང་ཅན་ཀྲུའུ། ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་རྣམ་པའི་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལེགས་པར་བྱེད་པ། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལེགས་པར་བྱེད་པ་བཅས་བྱས་ཏེ་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། འཐབ་ཕྱོགས་གཅིག་གྱུར་གྱི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་གསར་པ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རང་ངོས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུའི་གལ་ཆེའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ་ཁྱོན་ཡོངས་ལ་དམིགས་པ་དང་། བསམ་ཕྱོགས་གསར་གཏོད་བྱེད་པ། ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཆོས་ཉིད་སྟངས་འཛིན་བཅས་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་དང་། སློབ་གསོས་ཁྲིད་སྟོན། རོགས་རམ་ཞབས་ཞུ་བཅས “ནུས་པ་ཆེན་པོ་གསུམ ”ལེགས་པར་འདོན་པ། ཤེས་ལྡན་མི་སྣ་འཛོམས་ཆེ་བ་དང་། རིག་སྟོབས་གཅིག་སྡུད་ཆེ་བ། མ་རྩའི་སྟོབས་ཤུགས་ཆེ་བ། འབྲེལ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་ཆེན་པོ་བཞི་ལེགས་པར་སྤྱོད་པ། སྲིད་ཏང་དང་། མི་རིགས། ཆོས་ལུགས། རིམ་གྲས། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བཅས་འབྲེལ་བ་ཆེན་པོ་ལྔ་ཐག་གཅོད་ལེགས་པར་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
གཅིག་ནས་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་སྒྲིག་གི་བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། བརྟན་ལྷིང་ཁྲོད་མྱུར་ཚད་བརྩོན་ལེན་བྱེད་པའི་ལས་དོན་གྱི་སྤྱིའི་བླང་བྱ་མངོན་གསལ་དུ་སྟངས་འཛིན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་གང་ལེགས་འདོན་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་དགོས་པ་དང་།
གཉིས་ནས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་བྱེད་རིན་གསར་པ་ཡོད་པ་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཕྱོགས་བཅུའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་གཙོ་བོར་དོན་འཁྱོལ་ལེགས་པར་བྱས་ཏེ་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ལེགས་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱ་སྤྱོད་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ནས་དོན་རྐྱེན་ཆེ་བ་དང་འབྲིང་བ་མི་ཐོན་པ་དང་དོན་རྐྱེན་ཆུང་བ་ཡང་མི་ཐོན་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས་པ།
གསུམ་ནས་དགོན་སྡེའི་དོ་དམ་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུའི་ཐད་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས་ཤིང་། དགོན་སྡེའི་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ “གཅིག་དྲུག ”གི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང “ཡོད་པ་དགུའི ”འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲྭ་བཙུན་གྱི་སྨན་བཅོས་དང་རྒན་གསོའི་འགན་བཅོལ་གང་མགྱོགས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་དང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་ནས་དགོན་སྡེ་དོ་དམ་ཡག་པོ་དང་། བརྟན་ལྷིང་ལ་དོ་དམ། ཞི་མཐུན་ལ་དོ་དམ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས་པ།
བཞི་ནས་ཆོས་ཕྱོགས་ལས་དོན་ཚད་ལྡན་ཡོང་བའི་ཐད་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས་ཤིང་། ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་གསོ་གཙོ་བོར་འཛིན་པ་དང་། སྣེ་ཁྲིད་གཙོ་བོར་འཛིན་པ། འགྱུར་བ་ཡོང་རྒྱུ་གཙོ་བོར་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་ངེས་མེད་གྲྭ་བཙུན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་ཡོང་བ་བྱེད་པ། བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྲུལ་སྐུའི་ཡང་སྲིད་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་ཡོང་བ་བཅས་བྱེད་དགོས་པ།
ལྔ་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བའི་ཐད་ལས་རྗེས་གསར་པ་ཡོང་བ་བྱེད་དགོས་ཤིང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ཁ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་བརྟན་པོ་འཛུགས་རྒྱུར་སྐུལ་ལྕག་གཏོང་བ་དང་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ལ་སྐུལ་མ་གཏོང་དགོས་པ།
དྲུག་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཤིང་། ཆབ་སྲིད་ཐད་བློ་བདེ་པོ་དང་། བསམ་བློའི་ཐད་བཀག་རྒྱ་མེད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ། ལས་ཀའི་ཐད་ལག་རྒྱ་གློད་པ་བཅས་བྱས་ཏེ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་གི་ནུས་པ་ལེགས་པར་བཏོན་ནས་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་མྱུར་པོ་ཡོང་རྒྱུར་སྐུལ་མ་གཏོང་དགོས་པ།
བདུན་ནས་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་བྱ་ཐབས་གསར་པ་ཡོད་པ་བྱེད་དགོས་ཤིང་། བསམ་བློའི་ཐད་གཅིག་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་ལ་ཕྱོགས་པ། བསམ་བློའི་ཐད་གཅིག་སེམས་མཉམ་སྐྱོད་བཅས་ཡོང་བ་བྱེད་པ་དང་ཤེས་རྟོགས་དང་། གསོ་སྦྱོང་། བེད་སྤྱོད། དོ་དམ་བཅས་ལྷུ་ཚིགས་བཞི་དམ་འཛིན་ལེགས་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་བློ་རྩ་བརྟན་པ། བྱང་ཚད་ལེགས་པ་བཅས་ཀྱི་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ།
བརྒྱད་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླའི་འཐབ་ཕྱོགས་གཅིག་གྱུར་རྒྱ་ཆེར་གཏོང་བའི་ཐད་རྣམ་པ་གསར་པ་ཐོན་པ་བྱེད་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། རྒྱལ་གཅེས་ཁྱིམ་ཚང་གཅིག་དང་རྒྱལ་གཅེས་ལ་སྔ་ཕྱི་མེད་པའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་མཐའ་དག་སྐུལ་སློང་ཧུར་ཐག་བྱེད་པ་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་སྔར་ལས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣