ཟླ་1ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧའོ་ཕུང་གིས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་དང་། ལག་རྩལ་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག རྒྱལ་མཚམས་ནས་འགྲོ་འོང་དོ་དམ་སྤྱི་ཁྱབ་རུ་ཁག རྒྱལ་སྲུང་སྤྱི་ཁྱབ་རུ་ཁག་བཅས་སུ་ཆེད་མངགས་ཕེབས་ཏེ་རང་ལྗོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་སྦྲགས་འཐབ་ཕྱོགས་དང་པོར་ཡོད་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།
བརྟག་ཞིབ་གནང་རིང་ཧའོ་ཕུང་གིས་2012ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུ་ཡིན་པས་རང་ལྗོངས་ཀྱི་སྤྱི་བདེའི་ལས་དོན་ལ་དུས་བབ་དང་འགྲན་སློང་གསར་པ་འཕྲད་རྒྱུ་ཡིན་པ་དང་འདི་ལོའི་སྤྱི་བདེའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཆ་མཚོན་ན་འགན་འཁྲི་དང་ལས་འགན་གཉིས་པོ་ཧ་ཅང་ལྕི་པོ་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ལ་བདེ་སྡོད་ཉེན་བསམ་དང་ཉེན་བརྡ་རྒྱུན་སྒྲོག་གི་རྣམ་པའི་ཐོག་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག་བྱ་སྤྱོད་སྔོན་ལ་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་གནད་དུ་བརྩིས་ཏེ་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་ཤིང་། རྡུང་རྡེག་ཚ་ནན་དང་བཅོས་སྒྲིག་གི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་ལུགས་ལྟར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ་དང་སྤྱི་ཚོགས་ཀྱི་འགལ་བ་བསལ་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྤྱོད་ཚུལ་དང་རྩེར་སོན་གཏོད་པའི་ངར་ཤུགས་ཀྱི་ཐོག་ནས་ནན་ཏན་ངང་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་གལ་ཆེན་དང་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ལི་ཀྲའོ་ཡང་བརྟག་ཞིབ་དང་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།