དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་མཚན་མོ་ལྷ་སའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་མངོན་མེད་བརྟག་དཔྱད་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སྤྱོད་འགོ་ཚུགས་ནས་ཟླ་བ་གཅིག་ལྷག་ཙམ་སོང་བ་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མཚན་མོའི་ལས་སྒྲུབ་ལམ་ལུགས་མཐའ་འཁྱོངས་ཡག་པོ་བྱུང་ཡོད་དམ། མྱུར་དུ་བྱ་སྤྱོད་སྤེལ་ནུས་ཇི་ལྟར་ཡོད་དམ། བརྟན་ལྷིང་སྲུང་སྐྱོང་དུས་བབ་ཀྱི་དགོས་མཁོ་དང་འཚམ་གྱི་ཡོད་དམ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འཁོར་སྐྱོད་ཕན་འབྲས་ཐུགས་ལ་འཇོག་གནང་གི་ཡོད། ཚེས་10ཉིན་གྱི་མཚན་མོ་གྲང་ངར་ལ་མ་འཛེམས་པར་ཁྲེན་ཆོན་གོས་མི་ཉུང་སྟབས་བསྡུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་སྐབས་བསྟུན་ངང་མངོན་མེད་བརྟག་དཔྱད་གནང་བ་རེད།

        ཆུ་ཚོད་21དང་སྐར་མ་50ཡི་ཐོག་ཁྲེན་ཆོན་གོ་ལྷ་ས་གྲོང་ཁྱེར་བུད་མེད་དང་བྱིས་པའི་འཕྲོད་སྦྱོར་སྨན་ཁང་གི་རྒྱལ་སྒོའི་མདུན་དུ་ཕེབས་ཏེ་ལུས་འགྲམ་གྱི་ལས་དོན་མི་སྣར་ལག་ཁྱེར་ཁ་པར་སྤྱད་དེ “110”ལ་ཉེན་དོན་སྙན་སེང་ཞུ་རུ་བཅུག་པ་དང་དུས་མཚུངས་དུས་ཚོད་བཀག་གནང་བ་རེད། སྐར་མ་5དང་སྐར་ཆ་20སོང་རྗེས་སྣོད་བཅུད་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་3ཉེན་དོན་སྙན་སེང་ཞུ་སར་རྒྱུག་ཡོང་བ་རེད།

        “བློ་མཐུན་ཚོ། འོ་བརྒྱལ་བྱུང་སོང་། ང་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཁྲེན་ཆོན་གོ་ཡིན། ‘ཉེན་བརྡ་རྫུས་མ ’དེ་ངས་བཏང་བ་ཞིག་ཡིན། དེའི་དོན་གཙོ་བོ་ནི་བློ་མཐུན་ཚོའི་ཚོར་སྐྱེན་ཇི་ཙམ་ཡོད་མེད་ལ་ཚོད་བགམ་བྱས་པ་ཞིག་ཡིན། ཚང་མར་དཀའ་ལས་བཟོས་སོང་ཡང་དམག་སྦྱོང་བྱེད་པའི་དམིགས་ཡུལ་དང་དཔུང་ཁག་ལ་ཞིབ་བཤེར་བྱེད་པའི་དམིགས་ཡུལ་འགྲུབ་ཐུབ་ཡོད། ཁྱེད་ཚོའི་བྱ་སྤྱོད་ངོ་མ་དེར་ང་བློ་བདེ་པོ་བྱུང ”ཞེས་མི་དམངས་ཉེན་རྟོག་པ་གསུམ་གྱི་ལག་ནས་བཟུང་སྟེ་དེ་ལྟར་གསུངས། ཁྲེན་ཆོན་གོས་ལས་འགན་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་མཚན་མོ་ལྷག་པ་ཆེ་བ་དང་གྲང་ངར་ཆེ་བས་ངེས་པར་དུ་གཟུགས་པོར་བདག་གཅེས་བྱེད་དགོས་པའི་མངགས་བྱ་གནང་།

        ཆུ་ཚོད་22དང་སྐར་མ་2ཀྱི་ཐོག་བོད་ལྗོངས་སློབ་ཆེན་གྱི་ནུབ་སྒོར་ཁྲེན་ཆོན་གོས་ལས་དོན་མི་སྣར་སླར་ཡང “110”ཉེན་བརྡའི་ཁ་པར་བརྒྱབ་ཏུ་བཅུག སྐར་མ་5དང་སྐར་ཆ་30ཐོག་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཨང་84པའི་ཝང་ཆང་སོགས་ཉེན་རྟོག་པ་3དེ་གར་འབྱོར་བ་དང་སྐར་ཆ་བཅུ་ཙམ་སོང་རྗེས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཨང་28པའི་ཀྲན་ཀྲང་པ་སངས་ཀྱིས་ཉེན་རྟོག་པ་གསུམ་གྱི་སྣེ་འཁྲིད་དེ་ལས་ཡུལ་དངོས་སུ་འབྱོར་བ་རེད། ཁྲེན་ཆོན་གོས “ཁྱེད་ཚོ་མགྱོགས་པོ་སླེབས་སོང་། དེ་རིང་གི་ཡིག་རྒྱུགས་ཆུང་ཆུང་དེ་ལོན་སོང་། བློ་མཐུན་ཚོའི་ལས་འགན་དཀའ་ཚེགས་ཆེ་བས་ཕྱི་པོ་དེ་འདྲ་ཆགས་ཀྱང་ཚང་མ་སྐད་གཏོང་དགོས་བྱུང་བས་འོ་བརྒྱལ་བྱུང་ཡོད་ཤག་རེད། ཡིན་ནའི་དགྲ་ཡའི་ཕྱོགས་གཏོགས་དང་། ཏཱ་ལའི་རུ་ཚོགས། ཉེས་གསོག་པ་བཅས་ཀྱིས་ཁ་ཕྲལ་གཏོར་བཤིག་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་སྐབས་གནམ་གཤིས་དང་དུས་ཚོད་ལ་བལྟ་མི་སྲིད། དེར་བརྟེན་ད་རེས་བློ་མཐུན་ཚོ་དེ་གར་ཡོང་བ་དེ་ནི་སྦྱོང་བརྡར་ཞིག་ཡིན་ལ་ཡིག་རྒྱུགས་ཤིག་ཀྱང་ཡིན། ཁྱེད་ཚོའི་བྱེད་སྟངས་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྱང་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་ངེས་ཡིན ”ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་དང་འཁོར་སྐྱོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་དམངས་ཕན་ཞབས་ཞུ་དང་། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་གཏོད་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་དགོས།

        ཉེན་བརྡ་རྒྱུན་སྒྲོག་བྱེད་པར་བདེ་འཇགས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས། དོགས་ཟོན་གྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། རིག་པ་དྭངས་གསལ་གྱིས་ཉེན་བརྡ་རྒྱུན་དུ་སྒྲོག་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། སྔོན་ཚུད་ནས་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། རང་འགུལ་དབང་ཆ་སྟངས་འཛིན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སྟོབས་ཤུགས་ཆེ་རུ་གཏོང་བར་མི་སྣ་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་པ་དང་། གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནུས་པ་ཆེ་རུ་གཏོང་བ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སྒྲིག་ཆས་རྩེར་སོན་སྒྲིག་སྦྱོར་བྱེད་པ། དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཉེན་ཟོན་ཉེན་བརྡ་དང་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་འཐབ་ཀྱི་བླང་བྱ་དང་འཚམས་པའི་ཉེན་ཟོན་ཉེན་བརྡ་སྣ་ཚོགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་ལྡན་རང་བཞིན་གྱི་ཕྱོགས་བསྡུས་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ས་གནས་ས་ཐོག་ཏུ་ཚོད་འཛིན་དང་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་འཕྲལ་དུ་ཁ་གཏད་གཅོག་པ་དང་བློ་ཐག་ཆོད་པོས་ཐག་གཅོད་ཐུབ་རྒྱུ་འགན་ལེན་བྱེད་དགོས། བདེ་འཇགས་འགན་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། གནས་ཚུལ་མགྱོགས་པོ་ཤེས་རྟོགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བའི་གཏོར་བཤིག་གི་བྱེད་སྤྱོད་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་མེད་པ་བཟོས་ཏེ “དོན་རྐྱེན་ཆེ་རིགས་མི་ཐོན་པ་དང་། དོན་རྐྱེན་འབྲིང་རིགས་མི་ཐོན་པ། དོན་རྐྱེན་ཆུང་རིགས་ཀྱང་མི་ཐོན་པའི་བརྩོན་ལེན ”བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།