ཟླ་1ཚེས་13ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡིས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཆེད་མངགས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ཏེ་ཚོགས་འདུ་གཉིས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་འཕྲིན་སྤེལ་ནང་ཞུགས་མཁན་གསར་འགོད་པ་དང་། རྩོམ་སྒྲིག་པ། ལས་དོན་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཁར་ཚང་མར་མུ་མཐུད་གྲུབ་འབྲས་དར་སྤེལ་དང་། ཡང་འབད་བསྐྱར་འབད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱེད་པ་དང་ཁྲིད་སྟོན་སྟངས་འཛིན་དང་བྱེད་ཐབས་གསར་གཏོད་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།
གཟིགས་པ་དང་འཚམས་འདྲི་གནང་སྐབས་ཏུང་ཡུན་ཧུའུ་ཡིས་འཐབ་ས་དང་པོའི་གསར་འགོད་པ་དང་རྩོམ་སྒྲིག་པར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་སྤྲོ་སེམས་འཁོལ་བའི་གླེང་མོལ་གནང་བ་མ་ཟད། ཚོགས་འདུ་གཉིས་ཀྱི་འཕྲིན་སྤེལ་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས་ཐེངས་འདིའི་“ཚོགས་འདུ་གཉིས ”རྒྱལ་ཁའི་ངང་འཚོག་རྒྱུར་དམིགས་ནས་རྒྱ་ཆེའི་གསར་འགྱུར་ལས་དོན་པས་ལས་དུས་འཕར་མ་བྱེད་པ་དང་ངལ་བ་ཁྱད་དུ་བསད་ནས་དྲིལ་བསྒྲགས་འཕྲིན་སྤེལ་གྱི་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དེའི་ཐོག་ནས་ཧྲུའུ་ཅི་ཁྲེན་ཆོན་གོས་པན་ཀྲང་གནང་བའི་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚན་ཁག་གི་མཐུན་སྒྲིལ་སྣེ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འབད་འཐབ་འོག་བོད་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གང་ལེགས་མངོན་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་ཕྱོཌ་སུ་བསྐྱོད་པ། གསར་འབྱེད་ཡར་བརྩོན་བཅས་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མཚོན་པར་བྱས་པར་ལྗོངས་ཏང་ཨུད་ཀྱིས་ཁས་ལེན་གང་ལེགས་གནང་བ་དང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད་པས་ཕྲན་གྱིས་ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཚབ་ཞུས་ནས་ཁྱེད་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཏུང་ཡུན་ཧུའུ་ཡིས་2012ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན། རང་རེའི་ཏང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་ཉེར་ཡོད་པ་དང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད་པས་གསར་འགྱུར་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་ངེས་པར་དུ “དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་དང་གསར་གཏོད ”བཅས་ཀྱི་སྤྱིའི་བླང་བྱར་མུ་མཐུད་གཞིགས་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གསར་འགྱུར་ལས་དོན་ཐད “ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག ཁྲིད་སྟོན་ལ་དམ་འཛིན། བྱ་བ་དངོས་སྒྲུབ་པ། གླེང་ཕྱོགས་ཀྱི་འཐབ་རྩོད་དགེ་མཚན་ལྡན་ལ་ནུས་ལྡན་ངང་སྤེལ་བ ”བཅས་བྱེད་དགོས་པའི་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། བྱ་ཐབས་བཟང་པོ་དང་། ཉམས་མྱོང་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་མུ་མཐུད་དར་སྤེལ་གཏོང་བ་བཅས་བྱས་ཏེ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། དགོན་སྡེའི་དོ་དམ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། གྲོང་ཁྱེར་དྲ་བ་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་སོགས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མིག་སྔའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་དུས་བབ་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།