ཟླ་1ཚེས་12ཉིན་གྱི་ཕྱི་དྲོ་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་འདེམས་བསྐོའི་ཚོགས་ཆེན་འཚོགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཅིན་དབྱི་མིང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ལིའུ་ཆིང་ཧུའེ། བློ་བཟང་རྡོ་རྗེ། པད་མ་རྣམ་རྒྱལ། བསོད་ནམས་སྒྲོལ་མ། དབྱངས་ཅན། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཚོགས་འདུ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆིན་ཧུའེ་ཡིས་གཙོ་སྐྱོང་གནང་བ་རེད།
ད་ཐེངས་ཚོགས་འདུར་ཨུ་ཡོན་474ཕེབས་དགོས་པ་དང་དངོས་སུ་ཨུ་ཡོན་359ཕེབས་ཡོད་པས་དངོས་སུ་ཕེབས་པའི་ཨུ་ཡོན་གྱི་མི་གྲངས་ཀྱིས་ཕེབས་དགོས་པའི་མི་གྲངས་ཀྱི་གསུམ་ཆ་གཉིས་ལས་བརྒལ་བས་ད་ཐེངས་ཚོགས་འདུའི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད།
དང་ཐོག་ཚོགས་འདུའི་ཐོག 《སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་འདེམས་བསྐོའི་བྱ་ཐབས 》ལ་གྲོས་འཆམ་བྱུང་བ་དང་འདེམས་ཤོག་གི་སྤྱི་ཁྱབ་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་བ་རེད།
ཚོགས་འདུས་མིང་མི་འགོད་པའི་འདེམས་ཤོག་འཕེན་སྟངས་ཀྱི་ཐོག་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཀྲུའུ་ཞི་གཞོན་པ་གཅིག་གསབ་འདེམས་བྱས་ཤིང་། འདེམས་ཤོག་མང་པོའི་ཐོག་ནས་མགོན་པོ་བཀྲ་ཤིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།