ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་དེ་2012ལོའི་ཟླ་1ཚེས་8ཉིན་ནས་ཚེས་12ཉིན་བར་ལྷ་སར་སྐོང་ཚོགས་བྱས་པ་རེད།
ཚོགས་འདུས་ཀྲུའུ་ཞི་སྐུ་གཞོན་པ་སངས་དོན་གྲུབ་ནས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་དང་ཀྲུའུ་ཞི་སྐུ་གཞོན་ཅིན་དབྱིས་མིན་ནས་གནང་བའི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སྒྲོན་གསན་འཇོག་གནང་བ་དང་སྦྲགས་གྲོས་ཞིབ་དང་གྲོས་འཆམ་གནང་བ་དང་། ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་དང་གྲོས་འཆམ་གནང་བ། བློ་མཐུན་མགོན་པོ་བཀྲ་ཤིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཀྲུའུ་ཞི་གཞོན་པར་གསབ་འདེམས་གནང་བ་བཅས་མ་ཟད། ཚོགས་ཞུགས་ཨུ་ཡོན་ཚོས་ད་དུང་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གནང་བའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་མོལ་གནང་བ་མ་ཟད་ཡིད་མཐུན་གནང་ཡོད་ཅིང་། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གྲོས་བསྡུར་གནང་ནས་མོས་མཐུན་གནང་ཡོད། ཚོགས་འདུ་འདི་ནི་གཟབ་ཅིང་རྒྱས་ལ་འཁྲུག་པ་དང་། ཕན་འབྲས་མངོན་གསལ་དོད་པ་ཞིག་འཚོགས་ཐུབ་པ་བྱུང་བར་བརྟེན་དེ་ནི་མཐུན་སྒྲིལ་དང་དམངས་གཙོ། བདེན་འཚོལ་གསར་བཏོད། བློ་སྟོབས་གཅིག་བསྡུས། དཔའ་སེམས་སྐྱེ་བ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན།
ཚོགས་འདུས་ངོས་འཛིན་གནང་དོན། 2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་བཀྲ་ཤིས་པའི་ལོ་ཞིག་ཡིན་ལ་ལོ “ལྔ་ཚན་བཅུ་གཉིས ”ཀྱི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། བོད་ཀྱི་བྱ་གཞག་ཁག་གོང་འཕེལ་ཆེན་པོ་བྱུང་བའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་བཀོད་འདོམས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་བར་བརྟེན་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་ཏུ་སླེབས་ཡོད། བོད་ལྗོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་། ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་དམ་པོར་བཟུང་སྟེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་སོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་གལ་ཆེའི་གསུང་བཤད་དང་བཀའ་སློབ་རབ་དང་རིམ་པའི་དགོངས་དོན། 《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྲིད་གྲོས་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཧུར་བརྩོན་ཆེན་པོས་འགན་ནུས་སྒྲུབ་ཐབས་གསར་གཏོད། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ནས་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
ཚོགས་འདུས་མཛུབ་སྟོན་གནང་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ནི་རང་ལྗོངས་སུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་མུ་མཐུད་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་དང་རྗེས་ཟིན་པ་བྱ་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན། ཚོགས་འདུས་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་གནང་བ་དོན་དངོས་དང་མཐུན་པ་དང་། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་ཉམས་མྱོང་དང་ཕུན་སུམ་ཚོགས་པའི་སྙིང་བཅུད་བསྡུས་པ་དང་རང་ལྗོངས་སུ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་དང་གནས་བབ་གཏན་འཁེལ་བྱ་རྒྱུ་གནད་ལ་འཁེལ་བ། སླད་ཕྱིན་གྱི་འཐབ་ཇུས་དང་བྱ་ཐབས་དེ་ཏང་དང་མི་དམངས་ཀྱི་སེམས་པ་དང་མཐུན་པ། སླད་ཕྱིན་ལོ་ལྔའི་འབད་འཐབ་དམིགས་ཚད་དང་2020ལོར་རྒྱལ་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་འགན་ལེན་བྱེད་རྒྱུ་བཅས་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་འོས་པ་ཞིག་ཡིན་པས་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་སེམས་པར་སྐུལ་སློང་ཐེབས་ངེས་ཡིན། ཚོགས་ཞུགས་ཨུ་ཡོན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཚུན་ཐོབ་པའི་གྲུབ་འབྲས་དངོས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་དང་མཁས་མཛངས་ལྡན་པའི་འཐབ་ཇུས། རྒྱལ་ཡོངས་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་དང་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་སྤྱི་ཚོགས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་བཅས་ཀྱི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་བཏོན་པའི་ཕུགས་ཇུས་དམིགས་ཚད་དང་རང་ལྗོངས་ཀྱི་“ལོ་ལྔ་ཚན་བཅུ་གཉིས ”ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད།
ཚོགས་འདུས་ནན་བཤད་གནང་དོན། དུས་སྐབས་གསར་པ་དང་དུས་རིམ་གསར་པའི་རང་ལྗོངས་སྲིད་གྲོས་ཀྱི་སྤྱིའི་བླང་བྱ་ཏན་ཏིག་ཁོང་དུ་ཆུད་པ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། འཚོག་ཉེར་ཡོད་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་བཀའ་སློབ་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ། ཏང་གི་སྲིད་གྲོས་ལས་ཀར་འཛིན་པའི་བསམ་བློ་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་བཏོན་པའི་ཕུགས་ཇུས་བཀོད་སྒྲིག་ལ་སྲུང་བརྩི། “བརྟན་ལྷིང་ཁྲོད་མགྱོགས་པོ་ཡོང་བའི ”ལས་ཀའི་བྱེད་ཕྱོགས་གཙོ་བོ་ཏན་ཏིག་ཁོང་དུ་ཆུད་པ། གོ་སྐབས་དམ་འཛིན་དང་འགན་འཁྲི་ཁུར་ཕོད་པ་བཅས་ཀྱིས་ཆབ་སྲིད་གྲོས་མོས་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་བསྒྲུབ་རྒྱུ་དང་། འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འབུལ། སྤྱི་ཡོངས་ལ་ཞབས་ཞུ་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། ནུས་ཤུགས་ཡོད་རྒུས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཅས་ཀྱིས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
ཚོགས་འདུས་མཛུབ་སྟོན་གནང་དོན། 2012 ལོ་ནི་སྐབས་འདིའི་སྲིད་གྲོས་ཀྱི་ལོ་མཇུག་མ་དེ་ཡིན་ལ་སྐབས་རྗེས་མའི་སྲིད་གྲོས་ལ་ཆ་རྐྱེན་བསྐྲུན་རྒྱུ་དང་རྨང་གཞི་ཡག་པོ་འདིང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། དེར་བརྟེན། ལོ་གསར་པ་འདིའི་ནང་རང་ལྗོངས་སྲིད་གྲོས་ཀྱིས་སྐབས་འདིའི་ལས་མཇུག་ཡག་པོ་འགྲིལ་རྒྱུ་དང་། སྲིད་གྲོས་ཀྱི་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྤྱིའི་དམིགས་ཚད་ལ་གཞིགས་ནས་རང་སྐྱོང་ལྗོངས་ཀྱི་ལྟེ་བ་དང་སྤྱི་ཡོངས། གཙོ་དོན་དང་གཙོ་ཕྱོགས་ལ་རྩེ་གཅིག་ཏུ་དམིགས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ད་ལོའི་ལས་ཀའི་སྤྱིའི་བཀོད་སྒྲིག་དང་བླང་བྱར་རྩེ་གཅིག་ཏུ་དམིགས་པ། རང་ལྗོངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་གཙོ་གནད་དང་འགག་རྩ་དམ་བཟུང་བཅས་ཀྱིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེ་བླ་སྲོག་ཏུ་བརྩིས་ནས་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་སྦྱོང་གི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་གཏོང་བ་བཅས་ཀྱིས་ཏང་དང་སེམས་པ་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཐུན། གོམ་སྟབས་གཅིག་མཐུན། ནུས་ཤུགས་མཉམ་འདོན་བཅས་བྱ་རྒྱུའི་འགན་སྲུང་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དེ་ལྟེ་བར་བརྩིས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་དགོས། ཚན་རིག་གི་འཕེལ་རྒྱས་བགྲོད་ལམ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩིས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་གཏན་འཁེལ་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས ”ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུ། དེ་བཞིན་ད་ལོའི་ལས་ཀའི་ལས་འགན་རྩེ་གཅིག་ཏུ་དམིགས་ནས་འགན་ནུས་སྒྲུབ་པའི་གཞི་འཛུགས་ས་གནད་དུ་འཁེལ་བ་དང་འགན་ནུས་སྒྲུབ་པའི་བཀྲག་ཆེ་ས་གཏོད་དགོས། བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་རང་འགན་དུ་བརྩིས་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་། མཐུན་སྒྲིལ་ལ་ཤུགས་སྣོན། ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་གླེང་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་སྔ་ཕྱི་བར་གསུམ་དུ “སྲུང་སྐྱོང་ལྔའི ”དར་ཆ་མཐོར་བསྒྲེངས་དང་ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་ཐད་བཏོན་གནང་བའི་བྱེད་ཕྱོགས་ལ་སྲུང་བརྩི། ཕྱོགས་ཡོངས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་ལས་ཀའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་ཀྱིས་དགོན་སྡེར “དྲུག་འཛུགས་སྐྱོང ”དང་ཞི་མཐུན་སྔོན་ཐོན་གྱི་དགོན་སྡེ་འཛུགས་སྐྱོང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འདེམས་རྒྱུ་སོགས་ཀྱི་བྱེད་སྒོའི་ནང་རང་འགུལ་ངང་ཞུགས་རྒྱུ། སྔོན་ཐོན་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་རང་འགུལ་ངང་སྤེལ་རྒྱུ། སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། ལས་ཀའི་ལག་ལེན་དངོས་ནང་རང་འགུལ་ངང་ཞུགས་པ་བཅས་ཀྱིས་ཕུགས་ཇུས་བསམ་པ་དང་རྨང་བརྟན་གྱི་བྱ་ཐབས་སྤྱད་ནས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཁྲོད་ལེགས་སྐྱེས་གསར་པ་འབུལ་དགོས། དམངས་འཚོ་འགན་སྲུང་དང་དེ་ལེགས་བཅོས་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མི་གཞི་རྩར་འཛིན་རྒྱུ་དང་དམངས་ཀྱི་ཆེད་དུ་འགན་ནུས་སྒྲུབ་པའི་བསམ་བློ་རྒྱུན་འཁྱོངས་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་དང་གལ་ཆེའི་བྱ་ཐབས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ལག་བསྟར་ཏན་ཏིག ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི “བྱ་བ་བཅུ ”ཡག་པོ་བསྒྲུབ་རྒྱུ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་དང་དེའི་ནང་ཞུགས་རྒྱུ། ལྟ་སྐུལ་ཏན་ཏིག་བྱ་རྒྱུ་བཅས་བྱས་ཏེ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་དང་། ཐད་ཀར་འབྲེལ་བ་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་ཆེད་ཐབས་དང་ནུས་པ་འདོན་དགོས་པ་དང་། དམངས་འདུན་གོང་ཞུ་དང་དམངས་ཀྱི་བློ་རིག་གཅིག་སྡུད། དམངས་ཀྱི་ཕན་བདེར་སྲུང་སྐྱོབ་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། འགན་ནུས་སྒྲུབ་པའི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་སྲོག་ཤིང་དུ་བརྩིས་ནས་རང་ངོས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འགན་ནུས་སྒྲུབ་རྒྱུའི་ནུས་པ་གོང་མཐོར་གཏོང་རྒྱུའི་གཞི་རྩ་དམ་བཟུང་གིས་ཚན་རིག་རིགས་པའི་གཞུང་ལུགས་གོ་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་དང་བྱ་ཐབས་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རྣམ་པ་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་། ཨུ་ཡོན་དང་ལས་རིགས། ཆེད་དོན་ཨུ་ཡོན་ལྷན་ཁང་། སྲིད་གྲོས་ལས་ཁུངས་བཅས་ཀྱི་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་གིས་རང་ལྗོངས་སྲིད་གྲོས་ཀྱི་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུས་བླང་བྱ་བཏོན་པར། བྱ་བ་དངོས་བསྒྲུབ་རྒྱུ་དང་ཕན་འབྲས་དངོས་ཐོན་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རང་ལྗོངས་སྲིད་གྲོས་ཀྱི་དམ་པ་དོན་གཉེར་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་མཁས་པའི་ནུས་པ་གོང་མཐོར་གཏོང་དགོས། “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་གཏོང་དགོས་པ་དང་བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེ་བཏང་སྟེ་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བསམ་པ་རྣམ་དག་གིས་སྒྲུབ་དགོས། གནས་ཚུལ་དངོས་ལ་བལྟས་ནས་སྤྱི་ཚོགས་ལ་ལྟ་ཞིབ་དང་། སྐད་ཆ་དྲང་པོ་ཉན་ནས་གནད་དོན་ལ་དབྱེ་ཞིབ། ལྷག་བསམ་ཟོལ་མེད་ཀྱི་སེམས་པ་བཅངས་ནས་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་ཤོད་དགོས། ལས་ཕྱོད་མཐོ་རུ་གཏོང་རྒྱུར་དོ་སྣང་དང་། ལས་ཀ་མགྱོགས་པོ་དང་ལས་གཉེར་བྱས་པར་ཕན་འབྲས་ཆེན་པོ་ཐོན་པ། ལས་ཀ་བྱེད་སྐབས་སྤུས་ཚད་ལ་དོ་སྣང་བཅས་བྱས་ཏེ་འགན་ནུས་བསྒྲུབ་རྒྱུའི་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། འགན་ནུས་བསྒྲུབ་རྒྱུར་ཞབས་ཞུ་བྱེད་པའི་ཐབས་ཤེས་དང་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་བཅོས་བཏང་སྟེ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཞིག་ཆགས་རྒྱུར་ཕན་ཐོགས་པའི་སྒྲིག་གཞིའི་ལམ་སྲོལ་འཛུགས་རྒྱུ་དང་དེ་འཐུས་ཚང་དུ་བཏང་ནས་ལས་དོན་དངོས་སྒྲུབ་པ་དང་། གོ་རིམ་སྟབས་བདེ་བ། ཕན་འབྲས་མཐོ་པོ་ཐོན་པ་བཅས་ཡོང་བ་བྱེད་དགོས།
ཚོགས་འདུས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བཅས་ཀྱི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག དེ་བས་སེམས་ཤུགས་ཁེངས་པ་དང་། དེ་བས་དཔའ་ངར་ཆེར་བསྐྱེད། དེ་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལག་གདང་སྦྲེལ་ཏེ་བློ་གཅིག་སེམས་གཅིག་དང་། མཐུན་སྒྲིལ་འབད་འཐབ། གསར་འབྱེད་མདུན་སྐྱོད་བཅས་བྱས་ཏེ་རང་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་འབོད་སྐུལ་གནང་ཡོད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣