དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་། ཨུ་ཡོན་འཕྲིན་ལས་དབང་རྒྱལ་སོགས་མི་12ཀྱིས་ཚོགས་ཆེན་ཐོག་གསུང་བཤད་གནང་ནས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་རྒྱུ། མཉམ་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ། མི་རིགས་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ས་མཐོའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ། སྲོག་རྟེན་འགན་བཅོལ་འཕེལ་རྒྱས་གཏོང་རྒྱུ་སོགས་ཐད་བསམ་འཆར་དང་། གྲོས་འགོ ཐབས་ཇུས་བཅས་བཏོན་གནང་བ་རེད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་དང་། ཅིན་དབྱི་མིང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ལིའུ་ཆིང་ཧུའེ། བློ་བཟང་རྡོ་རྗེ། པད་མ་རྣམ་རྒྱལ། བསོད་ནམས་སྒྲོལ་མ། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས་སོགས་ཚོགས་འདུར་ཕེབས་པ་རེད།

        རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཨུ་ཡོན་འཕྲིན་ལས་དབང་རྒྱལ་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐུན་སྦྱོར་བྱས་ཏེ་ཀྲུང་དབྱང་ལ་ལས་བྱེད་པའི་ཁ་གཏད་བོད་སྐྱོར་སྲིད་ཇུས་དང་དཔལ་འབྱོར་གྱི་ཁ་གཏད་བོད་སྐྱོར་སྲིད་ཇུས་དང་འདྲ་བའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཀ་བྱེད་པ་དང་སྦྱོང་བརྡར་བྱེད་པའི་སྲིད་ཇུས་འགངས་ཆེན་འདོན་རྒྱུའི་རེ་བ་ནན་པོ་ཞུས་ཐོག་བོད་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་རྒྱུ་མང་ཅན་མངོན་འགྱུར་ཡོང་བ་བྱས་ཏེ་བོད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ཚན་རིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་དང་། ཨུ་ཡོན་རྒྱ་མཚོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཧ་ཅང་འགངས་ཆེན་ལྡན་ཡོད་པས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་བག་གྲོས་ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་མོད་འོན་ཀྱང་ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་རྒྱུ་ཕྱི་དྲག་པ་དང་། འགོ་འཛུགས་ས་དམའ་བ། གཞི་ཁྱོན་ཆུང་བ། སྟོབས་ཤུགས་ཞན་པ་བཅས་ཡིན་པས་སྲིད་གཞུང་གི་གཙོ་ཁྲིད་བྱེད་ཤུགས་ཆེ་རུ་དང་གསོ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཐོག་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་ཆུང་རྒྱལ་གྱིས་མཉམ་གཉེར་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་དང་། ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་དང་བསྟུན་པ། ངལ་རྩོལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་མོད། འོན་ཀྱང་འཕེལ་རྒྱས་ཀྱི་མྱུར་ཚད་འགོར་བ་དང་གཞི་ཁྱོན་ཆགས་མེད་པ་སོགས་ཀྱི་གནད་དོན་ལྷག་ཡོད་པས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་གཉེར་དཔལ་འབྱོར་མཉམ་ལས་རྩ་འཛུགས་མདུན་ཕྱོགས་སུ་འཕེལ་རྒྱས་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་བཀྲ་ཤིས་རྒྱ་མཚོས་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་བྱས་པ་བརྒྱུད་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སུ་བཏང་ནས་སྐྱེལ་འདྲེན་བྱེད་སྟངས་དབར་ལུགས་མཐུན་ལས་བགོས་དང་། མཐུན་སྦྱོར་ངང་འཕེལ་རྒྱས། འབྲེལ་མཐུད་ཡག་པོ་བཅས་བྱ་རྒྱུ་མངོན་འགྱུར་ཐུབ་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྟབས་བདེ་དང་ནུས་ཆེའི་ཞབས་ཞུ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་ཀྲུའུ་ཧའེ་ཐའོ་ཡིས་སྲོག་རྟེན་འགན་བཅོལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་འཚོ་འགན་ལེན་གྱི་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་སྤེན་པ་ཚེ་རིང་གིས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་པའི་དགོས་མཁོ་འབྱུང་རྩ་ནས་བསྐངས་ཏེ་སྐུལ་གཏོང་ལམ་ལུགས་བཟོས་ནས་གཞི་རིམ་དུ་མི་སྡོད་ཐུབ་པ་བྱས་ཐོག་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་སྨན་བཅོས་དང་འཕྲོད་བསྟེན་གྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་རིན་ཆེན་པ་སངས་ཀྱིས་བོད་སྨན་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་རྒྱུན་བསྲིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་བདེ་ཆེན་དབང་མོས་ས་འབྲེལ་ས་ཁུལ་གྱི་ཆོས་ལུགས་དོ་དམ་བྱ་རྒྱུ་དེ་ཆོས་ལུགས་ལས་དོན་ཧྲིལ་པོའི་ཆ་ཤས་ཤིག་ཡིན་པས་ཆོས་ལུགས་ལས་དོན་གྱི་སྤྱི་ཡོངས་འཆར་འགོད་ནང་བཅུག་སྟེ་ཕྱོགས་ཡོངས་ནས་བསམ་གཞིག་བྱེད་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་མིག་སྒྲོན་གྱིས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་རིག་གནས་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། ཐོན་ལས་ཅན་བཅས་སུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཕུལ་བྱུང་གི་བོད་རིགས་རིག་གནས “ཕྱིར་བསྐྱོད་པའི ”འཐབ་ཇུས་ལག་བསྟར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་དབང་འདུས་ཚེ་རིང་གིས་རང་ལྗོངས་ཀྱི་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་རིག་གནས་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ་རིག་གནས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ། ཨུ་ཡོན་བདེ་སྐྱིད་སྒྲོལ་དཀར་གྱིས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ལུས་རྩལ་གྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པའི་གྲོས་འགོ་བཏོན་གནང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།