རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་དེ་ཟླ་1ཚེས་9ནས་13ཉིན་བར་ལྷ་སར་འཚོག་རྒྱུ་ཡིན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་དེ་ཟླ་1ཚེས་8ནས་12ཉིན་བར་ལྷ་སར་འཚོག་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་གི་སྐོར་ཞིབ་པ་ཕུང་པོ་ཡུང་གིས་ངོ་སྤྲོད་གནང་བར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མི་དང་ཟུར་ཞུགས་མི་སྣའི་གནས་ཚུལ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་འཐུས་མི་6བོད་ནས་ས་ཆ་གཞན་དུ་ལས་སྒྱུར་བྱས་པས་དེའི་འཐུས་མིའི་ཐོབ་ཐང་ཡང་མཚམས་འཇོག་བྱས་ཡོད་པ་དང་། འཐུས་མི་1གྲོངས་པ་དང་དེའི་ཐོབ་ཐང་ཡང་རང་ཤུགས་སུ་མེད་པར་གྱུར་བ། འཐུས་མིའི་གོ་གནས་ནས་དགོངས་ཞུ་བྱེད་མཁན་1ཡོད་པ། འཐུས་མིའི་གོ་གནས་གནས་དབྱུང་བཏང་བ་1 ཁྲིམས་ལྟར་གསབ་འདེམས་བྱས་པའི་འཐུས་མི་12 བཅས་ཡོད་པ་དང་ད་ཆ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་436ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའི་ཁོངས་མི་དང་དྲུང་ཆེ་གཞོན་པ་ལྷ་བཙུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཨུ་ཡོན་གྱི་གྲུབ་ཚུལ་འདི་ལྟ་སྟེ། གཅིག་ནི་2012ལོའི་ཟླ་1པོའི་བར་ཁྱོན་ཨུ་ཡོན་474ཡོད་པ་དང་། གཉིས་ནི་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་383ཡོད་པ་དེས་ཨུ་ཡོན་བསྡོམས་འབོར་གྱི་81%བཟུང་བ་དང་བུད་མེད་ཨུ་ཡོན་98ཡོད་པ་དེས་21%བཟུང་བ། གསུམ་ནི་2012ལོའི་ཟླ་2པའི་བར་ཆ་སྙོམས་ལོ་ཚད་52ཟིན་པ་དང་ལོ་ཆུང་ཤོས་30དང་ཆེ་ཤོས་78ཡིན་པ། བཞི་ནི་ཨུ་ཡོན་རྣམས་རིམ་གྲས་17དང་འབྲེལ་བ་ཡོད་པ་བཅས་རེད།
ཁོང་གིས་ད་དུང་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ལྗོངས་ཕྱིའི་ཨུ་ཡོན་ཐེངས་དང་པོ་གསབ་འདེམས་བྱས་ཡོད་པ་དང་གསར་དུ་གསབ་འདེམས་བྱས་པའི་ཨུ་ཡོན་ལོའུ་ཀྲུང་ཕུའུ་ནི་རྒྱལ་ཡོངས་ཀྱི་སྐད་གྲགས་ཡོད་པའི་དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པ་དང་ཁོང་གིས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་དོ་ཁུར་ཆེན་པོ་གནང་ནས་མ་དངུལ་བཏང་སྟེ་ཁེ་ལས་ཧུར་ཐག་བཙུགས་པ་དང་འབྲེལ་སླད་ཕྱིན་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུའི་ཆོད་སེམས་བཞག་ཡོད་པ་རེད།