ཟླ་1ཚེས་9ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆུང་ཁག་བགོས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱ་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྙན་ཞུ། རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱ་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ་བཅས་ལ་གྲོས་བསྡུར་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དམིགས་བསལ་གདན་ཞུའི་ཁོངས་གཏོགས་ཚོགས་ཆུང་གི་གྲོས་བསྡུར་ཚོགས་རར་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་མ་ཟད། ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།
གྲོས་བསྡུར་ནང་ཞུགས་སྐབས་མགོན་པོ་བཀྲ་ཤིས་ཀྱིས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་ཟིན་ཐོ་ཞིབ་ཚགས་བཀོད་ཅིང་། ཁོང་གིས་ཚང་མས་གཏམ་བཤད་ཡག་པོ་གནང་སོང་། ངའི་བློ་སྒོ་ཕྱེ་བ་མ་ཟད་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་ཞེས་གསུངས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་གོང་ཚེས་ཉིན་གྱི་སྔ་དྲོ་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཁུ་འདུས་ལ་དངོས་ཐོག་བདེན་འཚོལ་དང་དངོས་ཡོད་དྲང་བདེན་ཞིག་ཡོད་པ་མ་ཟད། འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་སྒོ་ཀུན་ནས་ཕྱོགས་སྡོམ་གནང་བའི་ཐོག་འདི་ལོའི་ལས་དོན་ཡང་བཀོད་སྒྲིག་ཞིབ་ཚགས་གནང་ཡོད། སྙན་སྒྲོན་དེ་ནི་ཀྲུང་དབྱང་གི་དགོངས་པ་དང་མཐུན་ལ་བོད་ཀྱི་དོན་དངོས་དང་ཡང་མཐུན་ཞིང་། དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་ཞིག་ཡིན་པས་ངས་རྦད་དེ་མོས་མཐུན་བྱ་རྒྱུ་ཡིན། ཟླ་1ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་དང་ཅིན་དབྱི་མིང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་ཐོག་ནས་ལོ་གཅིག་རིང་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་བརྗོད་བྱ་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་སྟངས་འཛིན་ནན་པོ་དང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་པ་མཚོན་ཡོད་ཅེས་གསུངས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བརྟེན་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་ཐད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད་ཅེས་གསུངས་ཤིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཚོས་ངེས་པར་དུ་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གནང་བའི་མི་རིགས་དང་། ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་གོ་སྐབས་དམ་འཛིན་དང་། དུས་བསྟུན་འཕེལ་རྒྱས། འགན་ནུས་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་སྐབས་གསར་པའི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འགན་ཁུར་བ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འགན་ཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་གྱི་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཁྲོད་གནས་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཆེད་ཐབས་དང་ཇུས་ཧུར་ཐག་འདོན་དགོས་ཞེས་བླང་བྱ་བཏོན་པ་རེད།