ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་ཀྱི “119མེ་ཟོན་དྲིལ་བསྒྲགས་ཉིན་མོ ”ཨང་ཉེར་གཉིས་པ་དེ་ཡིན་པས་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་། ལྗོངས་སྤྱི་བདེ་ཐིང་། ལྗོངས་ནོར་སྲིད་ཐིང་། འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སོགས་རང་སྐྱོང་ལྗོངས་མེ་ཟོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པ་34ཡིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དགའ་བས་བསུ། དུས་བདེ་དང་ཞི་མཐུན་མཉམ་དུ་གཏོད ”ཅེས་པའི་བརྗོད་དོན་གཙོ་བོའི “119མེ་ཟོན་དྲིལ་བསྒྲགས ”བྱེད་སྒོ་གཟབ་རྒྱས་ངང་སྤེལ་ནས་འདི་ལོའི “119”མེ་ཟོན་དྲིལ་བསྒྲགས་བྱེད་སྒོའི་མཐོ་རླབས་ཤིག་འཕྱུར་བ་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་བྱེད་སྒོ་སྤེལ་སར་ཕེབས་ནས་གཟིགས་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་མཉམ་དུ་ཕེབས་ཡོད་པ་རེད།
ཝུའུ་དབྱིང་ཅེས་བོད་ལྗོངས་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ད་ཕན་ལོ་ཤས་རིང་གི་མེ་ཟོན་དྲིལ་བསྒྲགས་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་མེ་ཟོན་ལས་དོན་ནི་ཞི་མཐུན་སྤྱི་ཚོགས་འགན་ལེན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྤྱི་ཚོགས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དེ་མེ་ཟོན་དང་ཁ་འབྲལ་ཐབས་མེད་པ་དང་མི་དམངས་སྲུང་མཁན་གྱི་མེ་ཟོན་དཔོན་དམག་ནི་ཉེན་སེལ་གུད་སྐྱོབ་ཀྱི་སྟོབས་ཤུགས་གལ་ཆེན་ཡིན། རྒྱ་ཆེའི་དཔོན་དམག་ཚོས་ཐོག་མཐའ་བར་གསུམ་དུ་འོས་འགན་བློ་ལ་བརྟན་པོར་ངེས་ནས་ཏང་གི་བཀོད་འདོམས་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་ལྡན་ཐབས་མཁས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་བ། ཡང་འབད་བསྐྱར་འབད། གྲུབ་འབྲས་དར་སྤེལ། ལས་གནས་བརྟན་སྲུང་། འཁུར་བསམ་རྣམ་དག་བཅས་བྱས་ཏེ་མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་རྒྱག་མཁན་གྱི་དྲིལ་བསྒྲགས་རུ་ཁག་མུ་མཐུད་ཡག་པོ་བྱས་ཐོག་མི་ཚང་མས་མེ་ཟོན་ལས་དོན་ལ་རྒྱབ་སྐྱོར་དང་མེ་ཟོན་གྱི་ཤེས་བྱ་སློབ་སྦྱོང་བྱས་ཏེ་ཐུན་མོང་ཐོག་ཞི་མཐུན་ཁྱིམ་གཞིས་གཏོད་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
དེ་རིང་ས་ཁུལ་ཁག་གི་མེ་ཟོན་སྡེ་ཚན་དང་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལྔ་ཡིས “ས་ཁུལ་གཅིག་ལ་ཁྱད་ཆོས་གཅིག ”གི་བླང་བྱ་གཞིར་བཟུང་མེ་ཟོན་ཤེས་བྱ་སྡེ་ཁུལ་དུ་དྲིལ་བསྒྲགས་བྱེད་པ་དང་། མེ་ཟོན་དང་བླངས་པ་གདན་དྲངས་པ། མེ་ཟོན་གྱི་ལས་འགུལ། “མེ་ཟོན་ལ་དོ་ཁུར་བྱས་ནས་ཐུན་མོང་ཐོག་དུས་བདེ་གཏོད ”ཅེས་པའི་མིང་རྟགས་འགོད་པའི་བྱེད་སྒོ མེ་ཟོན་གྱི་ཤེས་བྱ་དུད་ཚང་དུ་དྲིལ་བསྒྲགས་དང་མེ་ཟོན་གྱི་ཡན་ལག་རུ་ཆུང་དུད་ཚང་དུ་སྐྱོད་པ། དགོན་སྡེའི་མེ་ཟོན་རུ་ཁག་ལ་མེ་ཟོན་ནང་སྦྱོང་བྱེད་པ། སྦག་སྦག་མེ་ཟོན་དྲིལ་བསྒྲགས་ཡན་ལག་རུ་ཆུང་ཞིང་འབྲོག་ཁུལ་དུ་སྐྱོད་པ། མེ་ཟོན་གྱི་གཏམ་བཤད་འགྲན་བསྡུར་སོགས་ཁྱད་ཆོས་མངོན་གསལ་དང་བཀྲག་མདངས་འཚེར་ས་འབུར་དུ་ཐོན་པའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་དང་། སྤྱི་བདེ་ལས་ཁུངས་ཀྱི་གཙོ་གཉེར་དོ་དམ་དང་མེ་ཟོན་ཆེད་ལས་སྡེ་ཚན། སྤྱི་ཚོགས་ཚན་པ་དང་ཤེས་ཚོར་གྱི་ནུས་པ་ལྡན་པའི་རྒྱ་ཆེའི་སྤྱི་དམངས་ཀྱི “མེ་ཟོན་གྱི་གཙོ་གཟུགས་ལྔ ”བཅས་ནུས་ལྡན་ངང་སྐུལ་སློང་བྱས་ཏེ “སྤྱི་ཚོགས་ཧྲིལ་པོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མེ་ཟོན་གྱི་ཤེས་བྱ་བརྒྱུད་བསྒྲགས་དང་། མེ་ཟོན་ལ་དོ་ཁུར། མེ་ཟོན་ལས་དོན་ནང་ཞུགས་པ ”བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད།