དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་དང་ཝུའུ་དབྱིང་ཅེས་འཕྲིན་ལམ་སྦྲེལ་མཐུད་བརྒྱུད་བོད་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཧའོ་ཕུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་འཕྲིན་ལམ་སྦྲེལ་མཐུད་བརྒྱུད་ས་ཁུལ་དང་གྲོང་ཁྱེར་ཁག་གིས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་གནང་སྟེ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་སླར་ཡང་ནན་བཤད་དང་བཀོད་སྒྲིག་གནང་བ་དང་འབྲེལ་ལས་རེས་སྣེ་ཁྲིད་པར་བྱམས་བརྩེའི་ངང་འཚམས་འདྲིའང་གནང་བ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཕྱོགས་གང་ཅིའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་བྱ་ཐབས་དོན་འཁྱོལ་སྔར་བས་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཧའོ་ཕུང་དང་ཝུའུ་དབྱིང་ཅེས་དང་ཐོག་འཕྲིན་ལམ་སྦྲེལ་མཐུད་བརྒྱུད་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་རེས་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྙན་སེང་གསན་པ་རེད། ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ལས་ཀའི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཚུན་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ནང་མི་ཚང་མ་ཞུགས་པ་དང་འཕྲལ་མར་བྱ་སྤྱོད་སྤེལ་ཐོག་ས་ཁུལ་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་ནུས་ཤུགས་ཡོད་རྒུས་བང་རིམ་ལྡན་ལ་ཕྱོགས་ཀུན་ཚང་བ་དང་གནས་རྒྱུད་ཁུལ་གསུམ་སྤེལ་མའི་བརྟན་ལྷིང་ལས་ཀའི་མ་ལག་ཅིག་བསྐྲུན་ནས་རང་ལྗོངས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཚབ་ཞུས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་། ལས་སྒྲུབ་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་མི་སྣ་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་བ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        ཧའོ་ཕུང་གིས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་འདི་ཉིད་ཁྱོན་ཡོངས་ནས་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ཀྱི་དུས་མཚམས་སུ་སླེབས་ཡོད། ཪྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་ཁ་ཕྲལ་ལ་འཐབ་རྩོད་བྱེད་པའི་དུས་བབ་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དོགས་ཟོན་ཆེར་བསྐྱེད་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་བཀོད་སྒྲིག་ནན་ཏན་གཞིར་བཟུང་གཙོ་གནད་མངོན་གསལ་དོད་པ་དང་དོན་འཁྱོལ་ལ་དམ་འཛིན་གྱིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ལེགས་པར་བསྒྲུབས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱེད་དགོས་ཤིང་། གཅིག་ནས་འགོ་ཁྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གྱིས་འགན་འཁྲི་འཁུར་མཁན་གཙོ་བོའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། མང་ཚོགས་ཀྱི་མདུན་དུ་སྐྱོད་པ། དཔེ་སྟོན་སྣེ་ཁྲིད་བྱེད་པ། མདུན་དུ་གདོང་མཆོང་བྱེད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཐོག་ནས་ཕྱོགས་གཅིག་དུས་བདེ་ཡོང་རྒྱུ་འགན་ལེན་དང་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ཁུལ་དང་གནས་ལ་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲུབས་ཁ་མ་ལུས་པ་དང་། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས། གྲོང་ཁྱེར་གྱི་དྲ་མིག་ཅན་ལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མཉམ་སྒྲུབ་མཉམ་སྒུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སློབ་གསོ་གཏོང་རྒྱུ་གཙོ་བོར་བྱས་ནས་གྲྭ་བཙུན་ལ་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགྲོ་ལམ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ་དང་ཆུ་གློག་སྣུམ་རླངས་བཅས་ཀྱི་སྒྲིག་བཀོད་དང་གཙོ་གནད་ལས་གྲྭའི་ལྟ་སྐུལ་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཆེ་རིགས་མི་ཐོན་པ་བྱེད་དགོས་པ། གསུམ་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། དགོན་སྡེར་བཅའ་སྡོད་དོ་དམ་སྒྲིག་གཞི། གཞི་རིམ་རིམ་ཁག་ཏང་སྲིད་རྩ་འཛུགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ནས་དམངས་ཡོངས་སྐུལ་སློང་དང་ཐུན་མོང་ཐོག་བདེ་འཇགས་འགན་ལེན་གྱི་འགོག་སྲུང་བརྟན་པོ་སྐྲུན་དགོས་པ། བཞི་ནས་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་པ་སྟར་ཆགས་ཀྱིས་ལྟ་སྐུལ་སློབ་སྟོན་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་འགན་གཙང་སྤྲོད་པའི་ལས་ཀའི་ལམ་སྲོལ་སྔར་བས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་རིམ་པ་ཁག་གིས་གཤམ་དུ་མངགས་གཏོང་བྱས་པའི་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གཞི་རིམ་ཚན་པར་བསྐྱོད་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ལྷུ་ཚིགས་ཞན་ས་ལེགས་སུ་གཏོང་དགོས། མངོན་གསལ་དུ་ཞིབ་བཤེར་དང་མངོན་མེད་བཅར་འདྲི་བྱ་རྒྱུ་ཟུང་འབྲེལ་དང་། རྒྱུན་གཏན་ཞིབ་བཤེར་དང་གློ་བུར་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་བྱས་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་དང་བདེ་འཇགས་དོགས་ཟོན་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། ལྔ་ནས་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་ཞིག་གཏོད་དགོས། རིམ་ཁག་གསར་འགྱུར་སྨྱན་སྦྱོར་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གནས་ཚུལ་ཁྱོན་ཡོངས་ནས་དྲིལ་བསྒྲགས་བྱེད་པ་དང་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་མཚོན་པ་བྱེད་དགོས། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རིག་རྩལ་དང་ལུས་རྩལ་བྱེད་སྒོ་སྤེལ་དགོས་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དུས་ཐོག་ཏུ་ཚོགས་ཆེན་བཅོ་བརྒྱད་པའི་གནས་ཚུལ་ལྟ་ཉན་བྱ་རྒྱུ་སྒྲིག་འཛུགས་དང་བཀོད་སྒྲིག་ཡག་པོ་བྱས་ནས་བཀྲ་ཤིས་འཆམ་མཐུན་དང་། ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།