དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བཀའ་མངགས་ལྟར་ཟླ་11ཚེས་2ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སྦྲགས་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལས་ཀ་དང་དེ་བཞིན་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་ཀར་ཤུགས་སྣོན་བརྒྱབ་པའི་སྙན་ཞུ་གསན་པ་མ་ཟད། འབྲེལ་ཡོད་ལས་ཀ་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའི་ཀྲང་ལེའང་ཐེན་ཀེང་གིས་དང་ཐོག་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སྦྲགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱས་ཚུལ་དང་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱ་བར་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་ལས་ཀའི་བསམ་འཆར་སྙན་སེང་ཡང་ཞུས་པ་རེད། ཧའོ་ཕུང་གིས་གསུང་བཤད་ནང་། ད་རེས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་རང་ལྗོངས་ཀྱི་གཞི་རིམ་རྨང་གཞི་སྔར་བས་སྲ་བརྟན་དུ་འགྲོ་རྒྱུ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྨང་རྡོ་རྒྱུན་ཆད་མེད་པར་བརྟན་པོ་ཡོང་རྒྱུར་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་པས། ང་ཚོས་དགོངས་དོན་གྱི་སྙིང་པོར་གོ་བ་གཏིང་ཟབ་བླངས་ནས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་བབ་བསྟུན་ཡར་རྒྱས་དང་ལས་དོན་ཏན་ཏིག་བསྒྲུབས་པའི་ཐོག་ནས་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལས་ཀའི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་གཅིག་ནས་ལས་བྱེད་པའི་འབྱུང་ཁུངས་རྒྱ་ཆེར་བཏང་ནས་གཞི་རིམ་གྱི་འཐབ་ས་མདུན་མའི་སྟོབས་ཤུགས་དམིགས་བཀར་དུ་ཆེ་རུ་གཏོང་བ་དང་། དཀའ་ཚེགས་ས་ཁུལ་དུ་ཡུན་རིང་ལས་ཀ་བྱེད་མཁན་ཕུལ་བྱུང་ལས་བྱེད་པར་དོ་ཁུར་ལྷག་པར་བྱེད་པ། མི་བེད་སྤྱོད་ཡག་པོ་བྱེད་རྒྱུའི་ཁྲིད་སྟོན་བྱས་ནས་གཞི་རིམ་གྱི་འཐབ་ས་མདུན་མ་ནས་ཡོང་བའི་ལས་བྱེད་པ་གདམ་གསེས་ཐུབ་པའི་གསོ་སྦྱོང་འབྲེལ་ལམ་ཞིག་ཆགས་པ་བྱེད་དགོས་པ་དང་། གཉིས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཁུལ་དང་། སློབ་ཆེན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མ་བཅས་ལ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། གྲོང་ཚོ “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་བྱ་རྒྱུར་མངོན་གསལ་དུ་དམ་འཛིན་གྱིས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ལས་བྱེད་པའི་ནུས་པའི་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ། གསུམ་ནས་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་འགན་ལེན་ཐུབ་ཚད་མུ་མཐུད་ཆེ་རུ་བཏང་ནས་གཞི་རིམ་ལས་བྱེད་པའི་ལས་ཀ་དང་འཚོ་བའི་མཐུན་རྐྱེན་སྔར་བས་ལེགས་བཅོས་ཡོང་བ་བྱེད་དགོས་པ། བཞི་ནས་གླ་ཕོགས་དང་། ཕན་བདེ། ཐོབ་ཆ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་སྔར་བས་བྱས་ཏེ་གཞི་རིམ་གྱི་འཐབ་ས་མདུན་མའི་ལས་བྱེད་པར་གཙོ་གནད་དུ་ཕྱོགས་དགོས་པ། ལྔ་ནས་བོད་སྐྱོར་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་སྐྱོར་ལས་ཀའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཆེད་ལས་ལག་རྩལ་པར་བརྟེན་ནས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐོག་ནས་བོད་སྐྱོར་ལས་བྱེད་པའི་ནུས་པ་གང་ལེགས་འདོན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྐོར་གྱི་སྙན་གསེང་ཞུས་པ་གསན་རྗེས་ཧའོ་ཕུང་གིས་ཉེ་ལམ་རང་ལྗོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཁྱོན་ཡོངས་ནས་སྐུལ་སློང་དང་བྱ་སྤྱོད་མྱུར་པོའི་ཐོག་ནས་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཀྱིས་འཐབ་ས་མདུན་མར་བཀོད་འདོམས་དང་རང་འགན་གཙང་སྒྲུབ་བྱེད་དགོས་པ་མ་ཟད། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་ཚོགས་ཆུང་འཐབ་ས་མདུན་མར་བསྐྱོད་དེ་མི་འདང་བའི་སྐྱོན་ཆ་འཚོལ་དགོས་པ། ལས་སྒྲུབ་བྱེད་མཁན་ཕྱོགས་ཁག་གི་དཔུང་སྡེ་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་གཞི་རིམ་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ཉེན་རྟོག་པ་ཡོངས་སྐུལ་སློང་གིས་ལས་གནས་བརྟན་སྲུང་དང་དམག་གྲ་ཡག་པོ་བཤམས་ནས་རང་ལྗོངས་སུ་ཞི་མཐུན་བརྟན་ལྷིང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པའི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་འགག་སྒྲོལ་དམག་ལ་རྒྱལ་ཁ་མཐར་ཕྱིན་ཐོབ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་འགག་སྒྲོག་དམག་ཡག་པོ་ཞིག་བརྒྱབ་ནས་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་རྒྱུ་ནི་རང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ཕྱོགས་ཁག་སྟོབས་ཤུགས་ཀྱི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཞིག་ཡིན། ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་དང་། སྡེ་ཚན། བརྟན་ལྷིང་སྲུང་སྐྱོང་ཕྱོགས་ཁག་བཅས་ཀྱིས་རིག་པ་དྭངས་གསལ་གྱི་ཐོག་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་བསམ་བློའི་ཐོག་ནས་ཁྱོན་ཡོངས་ནས་སྐུལ་སློང་དང་མི་ཚང་མ་ཞུགས་པ་དང་སྟོབས་ཤུགས་ཡོད་རྒུ་སྤྱོད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་སྟེ། གཅིག་ནས་སྤྱི་ཚོགས་ཁྱོན་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་དང་གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གཞུང་ལམ་གཙོ་བོ་དང་འགག་གནད་ཁག་ལ་ཁྱོན་ཡོངས་ནས་སྔོན་འགོག་དོ་དམ་དང་མཉམ་འགོག་ལས་སྒྲུབ་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། གཉིས་ནས་ཆུ་གློག་སྣུམ་རླངས་སོགས་དམངས་འཚོའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུར་ཤུགས་གཙོ་བོ་རྒྱག་པ་དང་། འགྲིམ་འགྲུལ་འགག་གནད་ས་ཚིགས་དང་མི་ཚོགས་སྟུག་སར་ལྟ་སྐུལ་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། མེ་མདའ་དང་མདེའུ། བཀག་སྡོམ་གྲི འབར་སླ་བའི་དུག་ཤེད་དངོས་རིགས་བཅས་ལ་གྲལ་བཤེར་དང་དོ་དམ་ཚོད་འཛིན་ཚགས་ཚུད་པོ་བྱེད་པའི་སྒོ་ནས་སྤྱི་པའི་བདེ་འཇགས་མེད་པའི་རྐྱེན་ངན་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གསུམ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། མཉམ་འགོག་མཉམ་བཅོས་བྱེད་ལམ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས “བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཚང་མར་འགན་ཡོད་པའི ”འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་དམངས་མང་ཚོགས་བརྟན་ལྷིང་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱེད་རིང་གྲོང་གསེབ་དང་འབྲོག་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ། སྡེ་ཁུལ། དགོན་སྡེ་ཁག་བཅས་སུ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས། བཞི་ནས་ཚོགས་ཆེན་བཅོ་བརྒྱད་པ་བསུ་བ་དང་དངོས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དྲིལ་བསྒྲགས་མཐོ་རླབས་ཤིག་འཕྱུར་རྒྱུར་དམིགས་ནས་རིམ་ཁག་དང་སྡེ་ཚན་ཁག་གིས་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་བྱེད་སྒོ་ཧུར་ཐག་སྤེལ་བ་དང་ལས་བྱེད་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་སྒྲིག་འཛུགས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་གསར་འགྱུར་ཉན་དུ་བཅུག་སྟེ་གང་སར་བཀྲ་ཤིས་ཞི་མཐུན་གྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་བཅས་ནན་བཤད་གནང་བ་རེད།

        ཝུའུ་དབྱིང་ཅེས་ད་ཆ་རང་ལྗོངས་སུ་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་ཐག་རྦད་བཅད་ཀྱི་རྣམ་འགྱུར་དང་། འཕྲལ་ཐག་ཆོད་པའི་བྱ་ཐབས། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་གི་བླང་བྱ་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། བྱ་ཐབས་ཁག་ཆད་ལུས་མེད་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ། “མི་ཐོན་པ་གསུམ ”གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་རེ་བ་དང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་ཆུད་ཟོས་སུ་མི་གཏོང་བའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།