ཟླ་4ཚེས་29ཉིན་རང་སྐྱོང་ལྗོངས་ཀྱིས “ལྔ་གཅིག ”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་དེ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཆིང་ལི་དང་། པད་མ་འཕྲིན་ལས། དབྱིན་ཏེ་མིང་སོགས་ཀྱིས “ལྔ་གཅིག ”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་ཐོབ་མཁན་རང་ལྗོངས་ཀྱི་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་སྤྲོད་གནང་བའི་གནས་ཚུལ་ཡིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཚེས་29ཉིན་གྱི་ཕྱི་དྲོ་ལྷ་སར་རང་སྐྱོང་ལྗོངས་ཀྱིས “ལྔ་གཅིག ”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པར་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ནས་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་དུས་ཆེན་གྱི་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་རང་ལྗོངས་ཀྱི་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ་ཐུན་མོང་ཐོག “ལྔ་གཅིག ”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཆིང་ལི་དང་། པད་མ་འཕྲིན་ལས། དབྱིན་ཏེ་མིང་། ཀྲོའུ་ཁྲུན་ལའེ། ཏུང་མིང་ཅུན། དབྱངས་ཅན། ཀའོ་དབྱང་བཅས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་རང་ལྗོངས་ཀྱི་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་ཡང་སྤྲད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་དབྱིན་ཏེ་མིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབྱངས་ཅན་གྱིས་ཚོགས་ཆེན་ཐོག 《2011ལོ་འཁོར་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གཏན་འབེབས 》སྒྲོག་སྦྱངས་གནང་བ་རེད།
གཟེངས་བསྟོད་ཚོགས་ཆེན་ཐོག་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་དེ་བཞིན་འཐབ་ཕྱོགས་ཁག་གི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེའི་ལག་ལེན་ཁྲོད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་དང་ངལ་རྩོལ་མང་ཚོགས་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་བརྟེན་ནས་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་བྱས་པས་འཐབ་ཕྱོགས་ཁག་ནང་སྔོན་ཐོན་དང་དཔེ་སྟོན་མི་སྣ་འབོར་ཆེན་ཐོན་ཡོད། ཁོང་ཚོས་སྔ་བར་ཕྱི་གསུམ་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”མུ་མཐུད་དར་སྤེལ་བཏང་སྟེ་གནས་གཅེས་ལས་བརྩོན་བྱེད་པ་དང་། རྩེ་གྲ་གཏོད་པ། ཁེ་གྲགས་སྤོང་བ། ལེགས་སྐྱེས་འབུལ་འདོད་ཆེ་བ་བཅས་ཀྱིས་སྤྱིར་བཏང་གི་ལས་གནས་ཐོག་འོད་སྟོང་འཕྲོ་བའི་ལས་ཀའི་གྲུབ་འབྲས་བཏོད་པ་དང་བཟོ་པའི་གྲལ་རིམ་གྱི་རླབས་ཆེའི་གཤིས་རྒྱུད་ལ་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་དེང་རབས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སྤྱང་གྲུང་དང་བློ་གྲོས་དང་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་དེ་བཞིན་ཁོང་ཚོའི་ལུས་ཐོག་ནས་མངོན་པའི་ཀྲུང་ཧྭའི་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་ཡར་ཐོན་ཧུར་ལེན་གྱི་བླ་ན་མེད་པའི་ཀུན་སྤྱོད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་འགུལ་ཐེབས་པ་དང་། བློ་སྒོ་འབྱེད་པ། སྐུལ་མ་ཐེབས་པ། ཁྲིད་སྟོན་བཅས་ཐུབ་ངེས་རེད་ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་དང་མཐོ་ཚད་ཀྱི་ཐོག་ནས་ངལ་རྩོལ་དཔེ་བཟང་གི་ལས་དོན་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ། བདེ་ཐང་བཅས་ཀྱི་ཐད་དོ་ཁུར་ཏན་ཏིག་བྱས་ནས་འཚོ་བའི་ཐད་དམིགས་བསལ་དཀའ་ངལ་ཡོད་པའི་ངལ་རྩོལ་དཔེ་བཟང་བ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ངལ་རྩོལ་དཔེ་བཟང་བའི་གནད་དོན་དངོས་ཐག་གཅོད་འོས་འཚམས་བྱས་ཏེ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་དུས་ཐོག་ཏུ་ཁོང་ཚོས་ཤེས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། ཁོང་གིས་རྒྱ་ཆེའི་ལས་བཟོ་དང་མི་རིགས་ཁག་གི་ངལ་རྩོལ་མང་ཚོགས་ལ་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་མི་སྣར་སློབ་སྦྱོང་བྱས་ནས་བདག་པོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ངལ་རྩོལ་རྩལ་ནུས་ཆེ་རུ་བཏང་སྟེ་རླབས་ཆེའི་བྱ་གཞག་ནང་ཧུར་ཐག་ཞུགས་དགོས་པའི་ཐུགས་རེ་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་2011ལོ་དང་དེ་བཞིན་སྐབས་རིམ་བྱུང་གི་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་ལག་ཁྱེར་དང་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་མཉམ་སྡེབ་དང་མི་སྒེར་ལ་ཏང་དང་མི་དམངས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་མི་གཏོང་བར་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་རང་གཤིས་རྒྱུན་འཁྱོངས་ཀྱིས་དེ་བས་ཆེ་བའི་སྤྲོ་སེམས་དང་དེ་བས་གསར་བའི་རྣམ་པའི་ཐོག་ནས་ལས་ཀའི་ལག་ལེན་ནང་ཞུགས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེན་ལམ་བུའི་ཐོག་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་གནང་བ་རེད།
གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་ཁག་སོ་སོར་གཏམ་བཤད་བྱས་པ་རེད།
2011ལོར་རང་ལྗོངས་སུ་རྒྱལ་ཡོངས་ཀྱི “ལྔ་གཅིག ”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་ཐོབ་མཁན་5དང་། གཟེངས་རྟགས་ཐོབ་མཁན་11 རྒྱལ་ཡོངས་ཀྱི་གདོང་ལེན་པའི་མཚན་སྙན་ཐོབ་མཁན་10བཅས་ཡོད་པ་རེད།
ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་ངལ་རྩོལ་པ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།