དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་བརྒྱ་ཐམ་པ་དེ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་བརྒྱ་ཐམ་པ་དེ་གཙོ་སྐྱོང་གནང་ནས་འཚོགས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་དང་། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་དེའི་གསལ་བཤད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འཐུས་མིར་འདེམས་ཁོངས་རྫོང་དུ་བསྐྱོད་དེ་བརྟག་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་འགོའི་ཇུས་གཞི་བཅས་ལ་ཞིབ་འཇུག་བྱས་པ་དང་ལྗོངས་ཡོངས་ཀྱི “ལྔ་ལྔའི ”བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་གསན་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དྲུང་ཆེ་ཀྲོའོ་ཀྲེང་ཤིའུ་ཚོགས་འདུར་ཕེབས་པ་རེད། ཚོགས་འདུའི་ཐོག་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བརྟག་ཞིབ་བྱ་རྒྱུ་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ལྗོངས་ལ་མངགས་བཅོལ་གནང་བའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་རང་ལྗོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ་ལ་བརྟག་ཞིབ་བྱ་རྒྱུ་དེ་རྒྱུན་ལས་ཨུ་ལྷན་གྱི་འདི་ལོའི་ལས་དོན་གལ་ཆེན་ཞིག་རེད། མི་རིགས་ཆོས་ལུགས་དང་ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་ཁག་གཉིས་པོ་དེ་མཉམ་དུ་བཀོད་སྒྲིག་བྱས་ནས་བཏོན་པའི་ལས་ཀའི་ཇུས་གཞི་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བླང་བྱ་དང་མཐུན་པ་དང་བརྟག་ཞིབ་ནང་དོན་ཐད་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་དབུལ་སྐྱོར་ལས་དོན་དང་། རྨང་གཞིའི་སྒྲིག་བཀོད། མ་དངུལ་གཏོང་བ་སོགས་ཀྱི་གནད་དོན་འགངས་ཆེན་མངོན་གསལ་དོད་པོ་བྱུང་བ་དེ་ཁྱོན་ཡོངས་དང་དམིགས་སའི་རང་བཞིན་ལྡན་པ་ཞིག་ཡོད་པའི་ངོས་འཛིན་ཡོད། ཚོགས་འདུའི་ཐོག་བརྟག་ཞིབ་ཚོགས་ཆུང་གིས་སྒྲིག་འཛུགས་ཞིབ་ཚགས་དང་། བརྟག་ཞིབ་གཏིང་ཟབ། གནས་ཚུལ་གསལ་རྟོགས། དབྱེ་ཞིབ་ནན་ཏན་བཅས་བྱས་ནས་སྤུས་ཚད་མཐོ་བའི་ཆེད་དོན་བརྟག་ཞིབ་སྙན་ཞུ་ཆགས་པ་བྱས་ཐོག་ཀྲུའུ་རེན་ཚོགས་འདུར་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གོང་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཚོགས་འདུའི་ཐོག་རང་ལྗོངས་ཀྱི “ལྔ་ལྔའི ”བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལག་ལེན་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་དུས་བབ་གསར་པའི་འོག་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏོང་བའི་དོན་སྙིང་འགངས་ཆེན་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དེ་རང་ལྗོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ནང་དོན་ལེགས་སུ་དང་། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་ཆེ་རུ། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཅས་གཏོང་རྒྱུའི་ཐད་དོན་སྙིང་འགངས་ཆེན་ལྡན་ཡོད་པའི་ངོས་འཛིན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་5པའི་ཟླ་སྨད་དུ་འཚོག་རྒྱུའི་ཚོགས་འདུ་ཐེངས་22པའི་ཐོག “ལྔ་ལྔའི ”བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ལས་དོན་སྙན་སྒྲོན་ཉན་པ་དང་གྲོས་ཞིབ་བྱས་ཏེ “དྲུག་ལྔའི ”བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད་བྱ་རྒྱུ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་གྱིས་རང་ལྗོངས་ཀྱི “ལྔ་ལྔའི ”བཅའ་ཁྲིམས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་སྔར་བས་བཟོ་བཅོས་ཡག་པོ་བརྒྱབ་ནས་རང་ལྗོངས་ཀྱི “དྲུག་ལྔའི ”བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད་ཞིབ་འཇུག་བྱས་ནས་ཡག་པོ་བཟོ་རྒྱུའི་བླང་བྱ་བཏོན་པ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འཐུས་མིར་འདེམས་ཁོངས་རྫོང་དུ་བསྐྱོད་དེ་བརྟག་ཞིབ་བྱ་རྒྱུའི་སྒྲིག་འཛུགས་དེ་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་ནན་ཏན་བྱས་པ་ཞིག་ཡིན་པས་འདེམས་བསྐོའི་ཚན་པ་དང་འབྲེལ་གཏུགས་དམ་ཟབ་བྱེད་པ་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་བསམ་བློའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་མང་ཚོགས་དང་འབྲེལ་གཏུགས་དམ་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་སྟབས་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་ཡོད། ཚོགས་འདུའི་ཐོག་སྒྲིག་འཛུགས་དང་མཐུན་སྦྱོར་སྔར་བས་ཡག་པོ་བྱས་ཏེ་ལས་དོན་ཞིབ་ཚགས་སུ་བཏང་ཐོག་བརྟག་ཞིབ་བྱེད་སྒོ་བདེ་བླག་དང་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱས་ནས་དངོས་ཕན་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།