ཁ་བའི་ཁྲོད་དུ་ཏང་དར་ལྷག་པར་མཛེས།
ཟླ་4ཚེས་12ནས་16ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་ཡི་ཕེབས་རོགས་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་གཞིས་རྩེ་ས་ཁུལ་གྱི་གམ་པ་དང་། སྐྱིད་གྲོང་། གཏིང་སྐྱེས། ངམ་རིང་བཅས་རྫོང་བཞིར་ཕེབས་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་གནང་ནས་ཡུལ་མི་སྤུན་ཟླ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འཚམས་འདྲི་ཟབ་མོ་ཞུ་ལུགས་མཚོན་པར་གནང་བ་དང་ས་གནས་དེ་གས་སྔོན་གཏོད་ལེགས་བརྩོན་བྱེད་པ་དང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དང་དཔྱིད་རྨོད་དཔྱིད་འདེབས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། འདི་ནི་ཀྲང་ཆིང་ལིས་སྐྱིད་གྲོང་རྫོང་རྫོང་དཀའ་གྲོང་རྡལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།
ཟླ་4ཚེས་12ནས་16ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་ཡི་ཕེབས་རོགས་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་གཞིས་རྩེ་ས་ཁུལ་གྱི་གམ་པ་དང་། སྐྱིད་གྲོང་། གཏིང་སྐྱེས། ངམ་རིང་བཅས་རྫོང་བཞིར་ཕེབས་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་གནང་ནས་ཡུལ་མི་སྤུན་ཟླ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འཚམས་འདྲི་ཟབ་མོ་ཞུ་ལུགས་མཚོན་པར་གནང་བ་དང་ས་གནས་དེ་གས་སྔོན་གཏོད་ལེགས་བརྩོན་བྱེད་པ་དང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དང་དཔྱིད་རྨོད་དཔྱིད་འདེབས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། འདི་ནི་ཀྲང་ཆིང་ལིས་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་རྨུག་གྲོང་ཚོའི་གྲོང་མི་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་བའི་གནས་ཚུལ་ཡིན་པ།
ཟླ་4ཚེས་12ནས་16ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་ཡི་ཕེབས་རོགས་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་གཞིས་རྩེ་ས་ཁུལ་གྱི་གམ་པ་རྫོང་དང་། སྐྱིད་གྲོང་རྫོང་། གཏིང་སྐྱེས་རྫོང་། ངམ་རིམ་རྫོང་བཅས་སུ་ཕེབས་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་གནང་ནས་ཡུལ་མི་སྤུན་ཟླ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འཚམས་འདྲི་ཟབ་མོ་ཞུ་ལུགས་མཚོན་པར་གནང་བ་དང་ས་གནས་དེ་གས་སྔོན་གཏོད་ལེགས་བརྩོན་བྱེད་པ་དང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དང་དཔྱིད་རྨོད་དཔྱིད་འདེབས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
ཟླ་4ཚེས་12ཉིན་ཀྲང་ཆིང་ལི་དང་བཅས་པ་ལ་བརྒྱབ་ཀླུང་བརྒལ་གནང་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4520ཟིན་པའི་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་གི་རྨུག་གྲོང་ཚོར་ཕེབས་པ་རེད། རླངས་འཁོར་ནས་བབས་མ་ཐག་སྤྲོ་སེམས་འཁོལ་བའི་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་དགའ་འབོད་བྱེད་བཞིན་དུ་ཧྲུའུ་ཅི་ཀྲང་ཆིང་ལིའི་མཐའ་བསྐོར་བ་རེད། “ཡུལ་མི་སྤུན་ཟླ་ཚོ། ངས་ཚང་མར་གཏམ་བཟང་ཞིག་འཁྱེར་ཡོད། ད་ལོའི་ཟླ་3ཚེས་6ཉིན་ང་ཚོའི་གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སླར་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་འཐུས་མི་ཚོགས་པར་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་འཐུས་མི་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་འབྲེལ་རང་ལྗོངས་ཀྱི་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་ཁར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་གནང་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པར་བསྟུད་མར་ཕེབས་ནས་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཐེངས་19པ་དེ་ཡིན་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ང་ཚོར་ཕྱིར་ལོག་བྱས་རྗེས་ངེས་པར་དུ་བོད་ཀྱི་ཡུལ་མི་སྤུན་ཟླ་ཚོར་ཁོང་གིས་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་དམིགས་སུ་བཀའ་མངགས་གནང་བྱུང ”ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འཚམས་འདྲི་གནང་ལུགས་ཧྲུའུ་ཅི་ཀྲང་ཆིང་ལིས་བརྒྱུད་ཞུ་གནང་བ་ཐོས་རྗེས་གྲོང་ཚོ་ཆུང་ཆུང་དེ་འཕྲལ་མ་ཉིད་དུ་འཁྲུག་ཆ་དོད་དུ་སོང་བ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲོང་ཚོ་དེའི་མཁའ་དབྱིངས་སུ་གྲགས་ཁར་དགའ་སྤྲོ་འཁོལ་བའི་འཛུམ་མདངས་རེ་རེ་བཞིན་གྱི་ཐོག་ནས་བདེ་སྐྱིད་དང་སྤྲོ་སྣང་མཚོན་གྱི་ཡོད། ཚང་མས་སེམས་འགུལ་ཐེབས་པའི་སྒོ་ནས་ཧྲུའུ་ཅི་ཀྲང་ཆིང་ལི་ལ “ང་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་དྲན་ཞིང་། ད་ལྟ་ང་ཚོའི་འཚོ་བ་ཧ་ཅང་ཡག་པོ་ཡོད་པ་དང་། ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ། གྲོང་ཚོར་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཚང་མ་ཤར་གཏོང་ཐུབ་པས་ང་ཚོས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་ཞུས་པ་རེད།
ཡུལ་མི་སྤུན་ཟླ་ཚོའི་ལྷད་མེད་ཀྱི་སྐད་ཆ་གསན་བཞིན་དུ་ཀྲང་ཆིང་ལིས་དགྱེས་ཚོར་ཆེན་པོའི་སྒོ་ནས “ད་ལོའི་ཟླ་བ་3པར་སྐོང་ཚོགས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྩ་གནད་ལ་ཞིབ་བཤེར་དང་ཆོག་མཆན་གནང་བ་དང་། རང་རེའི་རྒྱལ་ཁབ་ཀྱི་སླད་ཕྱིན་ལོ་5རིང་གི་ལས་དོན་བཀོད་སྒྲིག་གནང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཀྱང་དེ་བས་ཆེ་རུ་འགྲོ་སྲིད་པ་བཅས་ཡིན་པས་སླད་ཕྱིན་ལོ་ལྔའི་རིང་ང་ཚོའི་བོད་ལྗོངས་འཕེལ་རྒྱས་དེ་བས་ཡག་པ་དང་དེ་བས་མགྱོགས་པ་བྱུང་ནས་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཡང་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད ”ཅེས་གསུངས་པ་རེད།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700ཟིན་པའི་སྐྱིད་གྲོང་རྫོང་ཀྲེ་པ་ཤང་བྱ་མང་པོ་གྲོང་ཚོ་དང་མཛེས་སྡུག་ལྡན་པའི་འཕེལ་ཁུག་མཚོ་འགྲམ་དུ་ཡུལ་མི་སྤུན་ཟླ་ཚོས་གླུ་ལེན་གར་འཁྲབ་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ཏེ་ཏང་གི་སྲིད་ཇུས་བཟང་པོས་ས་བབ་མཐོ་བའི་མཐའ་མཚམས་ཀྱི་གྲོང་ཚོར་བྱུང་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་གླེང་བ་དང་། སྐྱིད་གྲོང་རྫོང་གྲོང་གནས་ཡུལ་རྫོང་དགའ་གྲོང་རྡལ་དུ་གནས་ཚུལ་གོ་ཐོས་བྱུང་བའི་མང་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་ཧྲུའུ་ཅི་ཀྲང་ཆིང་ལིའི་མཐའ་བསྐོར་དུ་འཛོམས་ཤིང་། ཧྲུའུ་ཅི་ཀྲང་ཆིང་ལིས་ཡུལ་མི་སྤུན་ཟླ་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་གླེང་མོལ་གནང་བས་ལམ་ཐག་སྨི་བརྒྱ་ལས་མེད་པའི་ལམ་དེར་སྐར་མ་ཉི་ཤུ་ལྷག་ཙམ་བསྐྱོད་པ་དང་། བཀྲ་ཤིས་བདེ་ལེགས་ཞུ་བའི་སྐད་སྒྲ་དེ་མི་ཚོགས་ཁྲོད་དུ་གྲགས་པ། བབ་ཆགས་པའི་འཛུམ་མདངས་རེ་རེ་བཞིན་གྱི་ཐོག་ནས་ལྷད་མེད་བརྩེ་སེམས་ཟབ་མོ་མཚོན་པ་བཅས་དང་། མཛེས་ཤིང་ལྟ་ན་སྡུག་པའི་སྐྱིད་གྲོང་གྲོང་རྡལ་དུ་ཧྲུའུ་ཅི་ཀྲང་ཆིང་ལིས་ཆར་ཟིམ་ཟིམ་ལ་མི་འཛེམས་པར་ཡུལ་མི་སྤུན་ཟླ་ཚོ་དང་ལྷན་དུ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞབས་བྲོ་བསྐྱོན་པས་ཚང་མའི་སེམས་ནང་གི་སྤྲོ་སེམས་དང་སེམས་འགུལ་གྱིས་དཔྱིད་ཐོག་མའི་གྲང་ངར་ཡལ་བར་གྱུར། རི་ཆུ་མི་རྩྭ་ཤིང་བཅས་བཟང་བའི “བཟང་པོ་ལྔ་ལྡན ”གྱི་གྲོང་ཚོ་ཞེས་གྲགས་པའི་སྐྱིད་གྲོང་གྲོང་རྡལ་རག་མ་གྲོང་ཚོར་ཀྲང་ཆིང་ལིས་དགའ་སྤྲོའི་ངང་ཡུལ་མི་སྤུན་ཟླ་ཚོར་ཏང་གི་སྲིད་ཇུས་བཟང་པོ་དང་། མང་ཚོགས་ཀྱི་འཚོ་བ་བཟང་པོ། ཚང་མས་ཏང་ལ་བཅངས་པའི་བརྩེ་དུང་བཟང་པོ་བཅས “བཟང་པོ་གསུམ ”སླར་ཡང་བསྣན་གནང་བ་དང་། ནེ་པ་ལ་དང་ཆུ་བོ་གཅིག་གིས་ཆོད་པའི་རག་ཟོག་རང་བྱུང་གྲོང་ཚོར་ཀྲང་ཆིང་ལིས་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་26ལ་བྱམས་བརྩེའི་ངང་གཟིགས་གནང་བ་དང་འབྲེལ་གྲོང་ཚོའི་ལས་བྱེད་པ་སྐར་མིག་ལ་ཡུལ་མི་སྤུན་ཟླ་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཆེན་པོ་གཏོང་བ་དང་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་སྟེ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ནམ་ཡང་དེ་གར་ལྷབ་ལྷུབ་ཏུ་གཡོ་བ་བྱ་རྒྱུའི་ཐུགས་རེ་བཅངས་གནང་བ་རེད། བལ་བཟའ་ཁྲི་བཙུན་བོད་དུ་ཕེབས་དུས་བརྒྱུད་མྱོང་བའི་གྱེས་ཕུག་གྲོག་རོང་དུ་གྲོང་མི་ཚོས་རི་སྟེང་གི་སྟག་མ་མེ་ཏོག་མཛེས་ཤོས་དེ་འཐོགས་ནས་ཧྲུའུ་ཅི་ཀྲང་ཆིང་ལིར་ཕུལ་བ་དང་འབྲེལ་ཧྲུའུ་ཅིར་ཏང་གི་འགོ་ཁྲིད་འོག་ཚང་མས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་བལ་བཟའ་ཁྲི་བཙུན་ལས་སྐྱིད་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཞེས་ཞུས་པ་རེད། ཀྲང་ཆིང་ལིས་ད་དུང་གྲོང་མི་ཚོར་གཞིས་རྩེའི་ཞི་བདེའི་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཡང་སྐྲུན་འགོ་ཚུགས་ཡོད། གཞིས་རྩེ་ནས་སྐྱིད་གྲོང་རྫོང་བར་གྱི་སྣུམ་ནག་ལམ་འདི་ལོའི་ཟླ་8པར་བཏིང་ཚར་བ་བྱ་རྒྱུ་ཡིན་པ་དང་དུས་སང་ད་དུང་སྐྱིད་གྲོང་གྲོང་རྡལ་བར་དུ་འདིང་རྒྱུ་ཡིན་པ་རེད། གཞིས་རྩེ་དང་། ལྷ་ས། རྒྱལ་ས་པེ་ཅིང་བར་གྱི་ལམ་ཐག་ཚང་མ་དང་དེ་བས་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པ་རེད་ཅེས་དེ་བས་ཡག་པའི་གཏམ་བཟང་ཞིག་གསུངས་པ་རེད། ངམ་རིང་རྫོང་བཟང་བཟང་གྲོང་རྡལ་དཀྱུས་ཚང་གྲོང་ཚོར་ཀྲང་ཆིང་ལིས་གྲོང་མི་ཚེ་རིང་ལྷག་པ་དང་། ཉི་མ་སྒྲོལ་མ། དབང་འདུས་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཚང་མའི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་ཞིབ་ཕྲའི་ངང་མཁྱེན་རྟོགས་གནང་བ་རེད། གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་དབང་འདུས་ཀྱི་ཁྱིམ་དུ་དབང་འདུས་ཀྱིས་དགའ་ཚོར་ཆེན་པོའི་ངང་ཧྲུའུ་ཅིར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཆེ་བ་ཁག་28ཡོད་པ་དང་ཆུང་བ་གྲངས་ཀྱིས་མི་ལང་པ་ཞིག་ཡོད་ཅེས་ཞུས་པ་རེད། ཀྲང་ཆིང་ལིས་དབང་འདུས་ལ་གྲོང་མི་ཚོ་སྣེ་ཁྲིད་དེ་ཏང་གི་སྲིད་ཇུས་བཟང་པོ་སྤྱད་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕ་ཡུལ་འཛུགས་སྐྲུན་དེ་བས་མཛེས་པ་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། སྨོན་འདུན་རེ་རེ་དང་། མཇལ་དར་རེ་རེ། ཐག་རིང་གི་གྲོང་ཚོ་རེ་རེ། སྙིང་ཉེ་ལ་ཤ་ཚ་ཆེ་བའི་བཀའ་མོལ་རེ་རེ། སྤྲོ་སེམས་འཁོལ་བའི་མཆི་མ་རེ་རེ་བཅས་ལས་ཧྲུའུ་ཅི་ཀྲང་ཆིང་ལི་དང་ཡུལ་མི་སྤུན་ཟླ་ཚོའི་དབར་ཧ་ཅང་སྙིང་ཉེ་བ་དང་བརྩེ་སེམས་ཧ་ཅང་ཟབ་མོ་ཡོད་པ་དེ་རབ་ཏུ་བཞད་པའི་སྟག་མ་མེ་ཏོག་དང་ཅི་ནས་ཀྱང་མཚུངས།
ཀྲང་ཆིང་ལིས་རང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུལ་ལ་ལྷག་པར་ཐུགས་ཁུར་གནང་ཞིང་། ས་ཆ་གང་དུ་ཕེབས་རིམ་བཞིན་ཁོང་གིས་གྲོང་ཚོར་བཅའ་སྡོད་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་དོན་ཚོགས་ཆུང་གི་བློ་མཐུན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཚང་མའི་ལས་དོན་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་རྟ་ནག་གྲོང་ཚོར་ཀྲང་ཆིང་ལིས་ལས་དོན་ཚོགས་ཆུང་གིས་རྩོམ་འབྲི་བྱས་པའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་སྐོར་གྱི “འདྲི་ལན་བཅུའི ”དྲིལ་བསྒྲགས་དེབ་ལ་གཟིགས་གནང་བ་དང་འབྲེལ་ལས་དོན་ཚོགས་ཆུང་གི “མི་ཚང་སྐྱོ་པོ་གཅིག་དང་འབྲེལ་འདྲིས་བྱེད་པ་དང་། བསམ་ཕྱོགས་ཡག་པོ་ཞིག་བཏོན་པ། ལས་དོན་ཏན་ཏིག་ཁག་གཅིག་སྒྲུབ་པ། ལྟ་སྟངས་ཡག་པོ་ཞིག་འཇོག་པ ”བཅས་ཀྱི་ལས་ཀའི་དམིགས་ཚད་ལ་བསྔགས་བརྗོད་གནང་བ་རེད། སྐྱིད་གྲོང་གྲོང་རྡལ་གནས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་གཞུང་དོན་ཁང་གི་ལས་དོན་ཚོགས་ཆུང་གི་ཁོངས་མིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཧྲུའུ་ཅིར་མང་ཚོགས་དང་འབྲེལ་བ་བྱས་པའི་བརྒྱུད་རིམ་ནང་ང་ཚོར་སློབ་གསོ་ཟབ་མོ་ཐེབས་པ་མ་ཟད། སྐད་ཆ་སྟོང་པ་ཤོད་ཚད་ཉུང་དུ་ཕྱིན་ནས་དེབ་ལྟ་ཀློག་བྱེད་ཚད་མང་དུ་ཕྱིན་པ་དང་། རྐང་བརྡ་ལག་བརྡ་བྱེད་ཚད་ཉུང་དུ་ཕྱིན་ནས་མང་ཚོགས་ཀྱི་བདེ་སྡུག་འདྲི་ཚད་མང་དུ་ཕྱིན་སོང་ཞེས་བརྗོད། ངམ་རིང་རྫོང་གད་ཁ་གྲོང་རྡལ་ངོས་གྲོང་ཚོའི་གྲོང་མི་ཚོས་ཧྲུའུ་ཅིར་གྲོང་ཚོར་བཅའ་སྡོད་ས་ཁུལ་སློབ་གསོ་ཅུས་དང་ས་ཁུལ་ལས་རིགས་སློབ་གྲྭའི་ལས་དོན་ཚོགས་ཆུང་གིས་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ལག་བསྟར་ཆོག་པའི་རྣམ་གྲངས་འཆར་གཞི་བཟོས་ནས་གྲོང་མི་ཚོར་དཔྱིད་རྨོད་དཔྱིད་འདེབས་ཐད་མཁོ་བའི་ས་བོན་དང་། ལྕགས་དྲ་སྐོང་རྒྱུ། ཆུ་རགས་ཉམས་བཟོ་སོགས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པས་ཚང་མར་ཕན་པ་ཐོབ་པ་དང་འབྲེལ་རེ་བ་མཐོང་བ་དང་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་པའི་སྐོར་དང་ཞིབ་ཅིང་ཕྲ་བའི་ལས་དོན་དང་མེ་ལྟར་ཚ་བའི་ལས་ཀའི་རྣམ་པ་དག་མཁྱེན་སྐབས་ཧྲུའུ་ཅི་ཀྲང་ཆིང་ལི་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བ་དེ་ནི་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་སྤེལ་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ་ལོ་ཁ་ཤས་གོང་གི་ལས་ཀའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གྲོང་ཚོར་བཅའ་སྡོད་ལྗོངས་ཡོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་དོན་ཚོགས་ཆུང་ཁག་གིས་ངེས་པར་དུ་དཔོན་ཉམས་དོར་བ་དང་། སེམས་རྣལ་དུ་ཕབ་པ། འགོ་ཡོད་མཇུག་ཡོད་བཅས་ཀྱི་སྒོ་ནས་བྱེད་སྒོའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས “འབྱོར་ཐུབ་པ་དང་། གནས་ཐུབ་པ། དགའ་བསུ་ཐོབ་པ། ཕན་འབྲས་ཐོན་པ ”བཅས་བྱ་རྒྱུ་འགན་ལེན་བྱེད་དགོས། ངེས་པར་དུ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ལྷག་པར་དུ་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་ཁྱིམ་དུད་ཁག་གི་མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་མང་ཚོགས་ཀྱིས་གང་བསམ་མིན་རྟོགས་པ་བྱས་ཐོག་མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་ཤེས་ཐུབ་པ་བྱེད་པ་དང་། གནད་དོན་དངོས་ཐག་གཅོད་བྱ་རྒྱུ་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་ཕྱོགས་གཅིག་ནས་གནས་ཚུལ་ཤེས་རྟོགས་དང་ཕྱོགས་གཞན་ཞིག་ནས་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་རྣམས་ཀྱིས་ཏང་གི་ལས་བྱེད་པ་མཐོང་ཐུབ་པ་དང་། ཏང་གི་སྐད་སྒྲ་ཐོས་ཐུབ་པ། ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བཅས་བྱེད་པ་དང་འབྲེལ་མང་ཚོགས་ལ་དཀའ་ངལ་སེལ་རོགས་དང་། གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་ལམ་ལུགས་འཐུས་ཚང་དུ་གཏོང་རོགས། ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་གི་དྲོ་སྐྱིད་མང་ཚོགས་ཚོའི་སེམས་ནང་ཚོར་ཐུབ་པ་བྱེད་པ། གཞི་རིམ་དུ་སྐྱོད་མཁན་ལས་བྱེད་པར་སློབ་གསོ་ཐེབས་ཐུབ་པ་བྱས་ནས་ང་ཚོའི་ཏང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་ཐོག་ལས་དོན་བསྒྲུབ་ནས་མང་ཚོགས་ལ་བལྟ་རུ་འཇུག་པ་དང་མང་ཚོགས་སྣེ་ཁྲིད་བྱས་ནས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཁར་མང་ཚོགས་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱེད་དགོས་པ་དང་འབྲེལ་བྱེད་སྒོ་མཇུག་སྒྲིལ་ནའང་རྟག་ཏུ་འགྲོ་འོང་བྱས་ཐོག་སྔ་ཕྱི་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་རོགས་དང་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་ཀྱིས་ནམ་ཡང་གནས་ཐུབ་མཁན་གྱི་ལས་དོན་རུ་ཁག་གཅིག་འཇོག་དགོས་ཞེས་གསུངས་ཤིང་། ཀྲང་ཆིང་ལིས་ད་དུང་སྐྱིད་གྲོང་རྫོང་གི་སློབ་ཆེན་ཐོན་པའི་གྲོང་དཔོན་ཚོར་བྱམས་བརྩེའི་ངང་གཟིགས་པ་རེད། སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་གྲོང་ལྷན་དུ་གྲོང་ལྷན་ཏང་ཀྲི་པུའི་ཧྲུའུ་ཅི་ངག་དབང་དང་ཀྲུའུ་རེན་བསོད་ནམས་ནོར་བུས་ཧྲུའུ་ཅིར་སློབ་ཆེན་ཐོན་པའི་གྲོང་དཔོན་པད་མ་སྒྲོལ་དཀར་དང་ཧོ་ཁྲུན་ཡན་གྱིས་གྲོང་ལྷན་གྱི་འགོ་ཁྲིད་ཚན་ཁག་དང་མཉམ་དུ་ཇུས་འདོན་པ་དང་བྱེད་ཐབས་བསམ་བློ་བཏང་ནས་གྲོང་མི་རྣམས་ཕྱུག་འགྱུར་ཡོང་བ་བྱས་པའི་སྐོར་བརྗོད་ཅིང་། ཁོང་ཚོས་སློབ་ཆེན་ཐོན་པའི་གྲོང་དཔོན་གཞི་རིམ་དུ་སླེབས་པར་བརྟེན་ལེགས་ཆ་ཕན་གསབ་བྱུང་བའི་ཐོག་ཁོང་ཚོའི་འཇོན་ཐང་འདོན་ས་བྱུང་ཡོད་ལ་མང་ཚོགས་ཀྱི་དགའ་བསུ་ཡང་ཐོབ་ཡོད་ཅེས་བཤད།
ཀྲང་ཆིང་ལི་རི་བོ་ཧི་མ་ལ་ཡའི་ཁྱད་ལྡན་ཐོན་ལས་ཁུལ་དུ་ཕེབས་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཡུལ་མི་ཚོ་དང་ལྷན་དུ་ཇ་ཤིང་གི་སོན་བཏབ་གནང་བ་རེད། ཁོང་གིས “ལོ་གཅིག་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག ད་ཆ་ཏང་གི་ཞིང་དར་ཞིང་ཕན་སྲིད་ཇུས་བཟང་པོ་དེ་འདྲ་ཡོད་པས་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་དུས་རབས་བཟང་པོའི་རྗེས་སྙེགས་ཡོད། ང་ཚོས་ངེས་པར་དུ་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཞིང་ལས་འཐུས་ཤོར་མི་འགྲོ་བ་བྱས་ཏེ་དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་མཐོ་རླབས་མགྱོགས་མྱུར་འཕྱུར་བ་བྱས་ཐོག་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས་ནས་ལོ་ལེགས་ཀྱི་ལོ་ཞིག་སླར་ཡང་བསུ་རྒྱུའི་བརྩོན་ལེན་བྱེད་དགོས ”ཞེས་གསུངས་པ་རེད།
ཀྲང་ཆིང་ལིས་སྐྱིད་གྲོང་གི་འགག་སྒོ་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་ཐུགས་ལ་བཅངས་བཞིན་སྐྱིད་གྲོང་འགག་སྒོའི་མཉམ་བཤེར་འཆར་འགོད་དང་དེ་བཞིན་རི་ཟུར་གཞུང་ལམ་སོགས་ཀྱི་གནས་ཚུལ་ལ་ཆེད་མངགས་རྟོག་ཞིབ་གནང་བ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་དང་སྐྱིད་གྲོང་རྫོང་གི་འགག་སྒོའི་འཛུགས་སྐྲུན་ལས་དོན་གྱི་སྙན་ཞུ་གསན་གནང་བ་རེད།
བརྟག་ཞིབ་གནང་རིང་ཀྲང་ཆིང་ལིས་གམ་པ་དང་། སྐྱིད་གྲོང་། གཏིང་སྐྱེས། ངམ་རིང་། ས་དགའ་སོགས་རྫོང་གི་མི་རིགས་ཁག་གི་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་ཤིང་། ཁོང་གིས་ཚང་མར “རྫོང་དེ་དག་གི་ས་བབ་མཐོ་བ་དང་། ཆ་རྐྱེན་ཞན་པ། དཀའ་ངལ་ཆེ་བ་བཅས་ཡོད་ཀྱང་ཁྱེད་ཚོས་ཡུན་རིང་དེ་གར་ལས་དོན་བསྒྲུབས་པ་དང་འཚོ་བ་བསྐྱལ་ཏེ་ཁྱིམ་ཚང་ཆུང་ངུ་དོར་ནས་རྒྱལ་ཁབ་དང་། གཞིས་རྩེ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་མཐུན་སྦྱོར་བདེ་སྐྱིད་བཅས་ཀྱི་ཆེད་ཡོད་ཚད་བློས་བཏང་བའི་ཐོག་ལེགས་སྐྱེས་ཀྱང་ཕུལ་ཡོད་པས་ཁྱེད་ཚོའི་ལུས་ཐོག་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད། ངས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁྱེད་ཚོར་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན ”ཞེས་གསུངས་པ་རེད།
ཀྲང་ཆིང་ལིས་ད་དུང་གཞིས་རྩེར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་མཐའ་སྲུང་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་མཛངས་ལྡན་ལ་དམག་རྒྱག་མཁས་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་འོས་འགན་བློ་ལ་བཅངས་བ་དང་། རང་འགན་གཙང་སྒྲུབ། མི་དམངས་ལ་དགའ་ཞེན། མི་དམངས་ལ་སློབ་སྦྱོང་། མི་དམངས་བཅས་ཀྱི་ཆེད “ལག་ནང་གི་མེ་མདའ ”དམ་པོར་བཟུང་ཐོག་རྒྱལ་ཁབ་ཆེད་ས་སྲུང་སོ་ལྟ་ཡག་པོ་བྱས་ཏེ་ཚོད་བགམ་སྣ་ཚོགས་ཐེག་པ་བྱས་ནས་ཏང་གིས་སྤྲད་པའི་ལས་འགན་ལེགས་འགྲུབ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་སྲུང་སྐྱོང་གིས་བོད་ལྗོངས་དེ་བས་གྲ་རྒྱས་སྟོབས་འབྱོར་དང་མི་དམངས་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད།
བརྟག་ཞིབ་གནང་རིང་ཀྲང་ཆིང་ལིས་ད་དུང་མཆོད་རྟེན་ཉི་མ་རྟགས་ཅན་གཏེར་ཆུ་བཟོ་གྲྭ་དང་། ཇོ་རིའི་གཏེར་ཆུ་བཟོ་གྲྭ ལུང་ཡོན་གཞིས་རྩེ་ཉི་འོད་ནུས་པའི་ཀོང་ཕུའུ་གློག་ཁང་བཅས་ཀྱི་གནས་ཚུལ་དང་སྐྱིད་གྲོང་རྫོང་གི “ཐང་རྒྱལ་རབས་ཀྱི་ཕོ་ཉ་འཕགས་ཡུལ་དུ་མངགས་སྐབས་ཀྱི་བྲག་བརྐོས་ཡི་གེའི ”རིག་དངོས་གནས་དང་ཆིང་དམག་གི་བང་སོའི་རྗེས་ཤུལ་སོགས་ལ་རྟོག་ཞིབ་གནང་བ་རེད། ཟླ་4ཚེས་16ཉིན་གྱི་སྔ་དྲོ་ཀྲང་ཆིང་ལི་དང་བཅས་པས་གཞིས་རྩེ་ས་ཁུལ་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་ཞིང་། གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་དང་ངམ་རིང་དང་། གཏིང་སྐྱེས། སྐྱིད་གྲོང་། གམ་པ་བཅས་རྫོང་བཞིའི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་རྗེས་ཀྲང་ཆིང་ལིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་གཞིས་རྩེ་ས་ཁུལ་དང་རྫོང་བཞིའི་ལས་དོན་ལ་གདེང་འཇོག་གང་ལེགས་་གནང་བ་དང་འབྲེལ་ད་ཐེངས་ཀྱི་བརྟག་ཞིབ་ཁྲོད་གཞིས་རྩེ་ས་ཁུལ་གྱིས་བདེ་སྡོད་ལས་བརྩོན་གྱིས་ཚད་བརྒལ་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཏན་ཏིག་བྱས་པ་དང་། ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་ཡག་པོ་བྱས་པ། དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི “འཇུར་མིག ”གི་གནད་དོན་ལེགས་བཅོས་བྱུང་བ། སྔོན་གཏོད་ལེགས་བརྩོན་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཚ་ཚ་འུར་འུར་དང་ཏན་ཏན་ཏིག་ཏིག་ངང་སྤེལ་བར་བརྟེན་མི་རིགས་ཁག་གི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་པ། བོད་སྐྱོར་ལས་དོན་ཇེ་ཟབ་ཏུ་ཕྱིན་པ་དང་བོད་སྐྱོར་ལས་བྱེད་པས་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱས་པར་བརྟེན་སྤྱི་ཚོགས་ཀྱི་དུས་བབ་སྤྱིའི་ཆ་ནས་རྒྱུན་འཁྱོངས་བརྟན་པོ་བྱུང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་བ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟམ་པ། དམག་དཔུང་དང་ས་གནས་དང་། དམག་སྲིད། དམག་དམངས་བཅས་ཀྱི་མཐུན་སྒྲིལ་ཡག་པ་བཅས་གཞོགས་འདེགས་དམ་ཟབ་དང་མཉམ་དུ་ལས་དོན་བསྒྲུབས་པ་སོགས་གང་སར་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པས་ཁེངས་ནས་མི་སེམས་ལ་སྐུལ་ལྕག་ཐེབས་པ་དང་སྙིང་སྟོབས་རབ་འཕེལ་ཞིག་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་འགོ་ཚུགས་ལོ་ཞིག་བཅས་ཡིན། ང་ཚོས་ངེས་པར་དུ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་གོ་བ་ཡག་པོ་བླངས་ནས་དགོངས་དོན་གྱི་ངོ་བོ་གོ་བ་ལེན་པ་དང་། གནད་འགག་དམ་འཛིན་དང་གཙོ་གནད་ཁོང་དུ་ཆུད་པ་བྱེད་པ། བྱེད་ཐབས་དང་ཟུང་འབྲེལ་བྱེད་པ། དོན་འཁྱོལ་གྱི་ལས་དོན་དམ་འཛིན་བྱེད་པ། ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་འདི་ལོའི་དཔལ་འབྱོར་འཕེལ་རྒྱས་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཤིག་ཐོབ་རྒྱུ་འགན་ལེན་དང་“ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣