བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་ཕྱི་དྲོ་ལྷ་སར་ལྗོངས་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ན་ནིང་གི་རང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་ད་ལོའི་ལྗོངས་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་། ཉོ་ཚོང་། དོ་དམ་བཅས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་གིས་རང་ལྗོངས་ཀྱི་ད་ལོའི་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་ལ་བཀོད་སྒྲིག་དང་ཇུས་འགོད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་ཉོ་ཚོང་གི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་ལས་དོན་ཁག་གི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ་དང་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་དེ་ཚད་ལྡན་ཅན་གྱི་ལམ་བུར་རིམ་བཞིན་སྐྱོད་བཞིན་ཡོད་པ་རེད། ད་ལོའི་ཟླ་5པར་རང་ལྗོངས་འདི་ཉིད་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་ཉོ་ཚོང་གི་དུས་ཚིགས་སུ་སྒོ་ཀུན་ནས་སླེབས་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་ལེགས་པར་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ཏང་དང་། མི་དམངས། བྱ་གཞག་བཅས་ལ་འགན་ཆེན་པོ་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་དེ་ཉིད་གལ་འགངས་ཆེ་ལ་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་ཏུ་དངོས་གནས་བརྩིས་ཐོག་འགན་འཁྲིའི་འདུ་ཤེས་ཆེར་གཏོང་དང་། དེང་ཚད་ལས་བརྒལ་བའི་འཆར་འགོད། སྒྲིག་འཛུགས་ཞིབ་ཚགས། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་ཉོ་ཚོང་གི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།
པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་མངའ་རིས་ས་ཁུལ་ཕུད་པའི་ས་ཁུལ (གྲོང་ཁྱེར )གཞན་དག་6གི་རྫོང་40ལ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཡོད་པ་དང་དབྱར་རྩྭ་དགུན་འབུའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ཡས་མས་ཙམ་ལ་སླེབས་ཤིང་། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་གཏོང་བ་དང་དུས་མཚུངས་ས་ཁུལ་དང་སྡེ་ཚན་ཁག་གིས་ངེས་པར་དུ་ལག་ཁྱེར་གཉིས་སྤྲོད་རྒྱུ་ཚད་ལྡན་བཟོས་ཏེ་འགག་སྒོ་ནན་པོ་སྲུང་བ་དང་། རྩོད་གཞི་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་འགལ་བའི་མངོན་མེད་རྐྱེན་ངན་སེལ་དགོས་པ། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་གྱི་མཉམ་ཤུགས་ཆགས་པ་བྱས་ཐོག་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་གྱི་རིམ་པ་དང་ཆུ་ཚད་ཧུར་ཐག་ངང་མཐོ་རུ་བཏང་སྟེ་དབྱར་རྩྭ་དགུན་འབུའི་ཐོན་ལས་དེ་རང་ལྗོངས་ཀྱི་ཁེ་ལས་གཙོ་བོ་དང་བཀྲག་མདངས་འཚེར་སའི་ཐོན་ལས་སུ་སྐྱེད་སྲིང་དངོས་གནས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་ལེགས་པར་སྒྲུབ་པའི་འགག་རྩ་ནི་རྩ་འཛུགས་འགོ་ཁྲིད་ཡིན་པ་དང་རྩ་བ་ནི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་བྱ་རྒྱུ་དེ་ཡིན་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་ཀའི་སྒྲིག་ལམ་ནན་དུ་བཏང་སྟེ་མང་ཚོགས་དང་ཁེ་ཕན་འཕྲོག་རེས་བྱ་རྒྱུ་གཏན་འགོག་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག་རང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་ཧུར་ཐག་ངང་སླེབས་པ་བྱ་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ད་ལོའི་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། གོ་རིམ་ལྡན་པ་དང་། དྲང་གཞག མཐུན་སྦྱོར་བཅས་ཀྱི་སྔོག་འཐུའི་སྒྲིག་ལམ་ཞིག་བཟོས་ཏེ་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
སྐལ་བཟང་ཚེ་རིང་གིས་འབྲེལ་ཡོད་ས་ཁུལ (གྲོང་ཁྱེར )དང་རྫོང་ཁག་ལ་རང་སྐྱོང་ལྗོངས་ཀྱི་སྤྱིའི་བཀོད་སྒྲིག་དང་བླང་བྱ་ལྟར་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། མཐུན་སྦྱོར་གཞོགས་འདེགས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན། སྣེ་ཁྲིད་ལ་སྣང་ཆེན་བཅས་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་ལས་དོན་ཡག་པོར་སྒྲུབ་པ། དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཉོ་ཚོང་གི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། སྒྲིག་ལམ་ཁག་ནན་དུ་བཏང་སྟེ་ཆ་འཕྲིན་གྱི་ཡོང་ཁུངས་གསང་པོ་ཡོང་བ་བྱེད་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་དང་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་ཐག་གཅོད་བྱེད་པ་བཅས་བྱས་ནས་དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འགན་འཁུར་བས་2010ལོའི་ལྗོངས་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་སྔོག་འཐུ་དོ་དམ་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། ད་ལོའི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གྲོས་འགོའང་བཏོན་པ་དང་། ལྗོངས་བཟོ་ཚོང་ཅུས་དང་སྤྱི་བདེ་ཐིང་གི་འགན་ཁུར་བས་དབྱར་རྩྭ་དགུན་འབུའི་ཉོ་ཚོང་དོ་དམ་ལས་དོན་དང་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་ཉོ་ཚོང་བྱེད་རིང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་བསམ་འཆར་ཞིབ་ཕྲ་བཏོན་པ་རེད།
ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ། ནག་ཆུ། ཆབ་མདོ་ས་ཁུལ་དང་དེ་བཞིན་རྫོང་40རུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།