བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས “ལྔ་ལྔ ”ཁྲིམས་ལུགས་ཁྱབ་གདལ་གྱི་གནས་ཚུལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས “ལྔ་ལྔ ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲོས་ཆོད་ལག་བསྟར་དང་དེ་བཞིན “ལྔ་ལྔ ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་བའི་གཞི་རྩའི་གནས་ཚུལ་ཉན་པ་དང་སྦྲགས “ལྔ་ལྔ ”ཁྲིམས་ལུགས་ཁྱབ་གདལ་གྱི་བརྟག་ཞིབ་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དྲུང་ཆེ་ཀྲའོ་ཀྲེང་ཤིའུ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་གཞོགས་འདེགས་འོག་རང་ལྗོངས་ཀྱི “ལྔ་ལྔ ”ཁྲིམས་ལུགས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། གཅིག་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་གཏིང་ཟབ་ཏུ་གཏོང་བའི་ཁྲོད་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་གྱི་སྤྱི་ཡོངས་དམ་འཛིན་ཡག་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། གཉིས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་གཞི་རྟེན་གསར་གཏོད་བྱེད་པའི་ཁྲོད “ཁྲིམས་ལུགས་ཁྱབ་གདལ་གཏོང་གནས་བདུན ”གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་འཛིན་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནན་ཏན་བཏང་བ། གསུམ་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་གནད་ཁྲོད་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་དང་། ཁྲིམས་ལུགས་བེད་སྤྱོད། ཁྲིམས་ལུགས་སྲུང་བ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁྲིམས་ལུགས་ལྟར་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་བཅས་རེད་ཅེས་གསུངས་པ་རེད།