བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་11ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆིན་དབྱི་ཀྲི་མལ་གྲོ་གུང་དཀར་རྫོང་དང་སྟག་རྩེ་རྫོང་དུ་ཕེབས་ཏེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མིར་འཚམས་འདྲི་གནང་བ་དང་གོམ་སྟབས་རྗེས་མའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ཐད་བླང་བྱ་ཡང་བཏོན་གནང་བ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གི་འགན་འཁུར་བའི་གནས་ཚུལ་སྙན་སེང་གསན་རྗེས་ཆིན་དབྱི་ཀྲིས་ནན་ཏན་ངང་ཟིན་ཐོ་སྐྱོན་གནང་བཞིན་དུ་ད་དུང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ནན་ཏན་ངང་སྤེལ་བ་དང་མིག་སྔར་བྱེད་སྒོ་འདིའི་འགོ་ཡག་པོ་བཙུགས་ཡོད་པ་དང་འཕེལ་རིམ་བདེ་བླག་ཡོད་པ་མཁྱེན་རྟོགས་བྱུང་སྐབས་ཆིན་དབྱི་ཀྲིས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་བྱ་གཞག་སྒྲུབ་སེམས་ཀྱི་སྒོ་ནས་ཏན་ཏན་ཏིག་ཏིག་ངང་ལས་དོན་བསྒྲུབས་པ་དང་གྲོང་ཚོའི་ལས་བྱེད་པ་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་ངལ་རྩོལ་བྱེད་པ། མཉམ་དུ་སློབ་སྦྱོང་བྱེད་པ་བཅས་བྱས་ནས་དམངས་ཀྱི་གནས་ཚུལ་དྲི་བ་དང་དམངས་འདོད་ལྟ་ཞིབ་གཏིང་ཟབ་བྱས་ཏེ་མི་སེར་གྱི་བསམ་བློ་གཏོང་ས་དང་རེ་བ་བཅོལ་ས་གཞི་རྩའི་ཐོག་ནས་ཁོང་དུ་ཆུད་པ་བྱེད་པ་དང་། གནས་པའི་གནད་དོན་ཤེས་རྟོགས་ཐུབ་པ་བྱེད་པ། གོམ་སྟབས་རྗེས་མའི་ལས་དོན་ལ་ཁ་གཏད་གཅོག་ཐབས་ཡོད་པ་བཅས་བྱས་ཏེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་མུ་མཐུད་དམ་འཛིན་བྱེད་པ་དང་དེར་ཕན་འབྲས་ཐོན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
བརྟག་དཔྱད་ཞིབ་འཇུག་གནང་རིང་ཆིན་དབྱི་ཀྲི་ད་དུང་སྟག་རྩེ་རྫོང་དར་རྒྱས་ཤང་སྲིད་གཞུང་དུ་ཕེབས་ནས་ཤང་དེ་ཡོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་དང་དེ་བཞིན་ས་བོན་དང་རྫས་ལུད་བཀོད་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་ད་དུང་ས་བོན་འཐུམ་སྒྲིལ་བྱེད་སར་ཕེབས་ནས་ཚན་རྩལ་ཆེད་མངགས་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་མཉམ་དུ་ཡོད་པའི་རྫོང་དང་ཤང་གི་འགན་འཁུར་བར་ཚན་རྩལ་འདུས་ཚད་དང་ཐོན་ཚད་གོམ་གང་མདུན་སྤོས་ཀྱིས་མཐོ་རུ་བཏང་ནས་མང་ཚོགས་ལ་ཐོན་འཕར་དང་འབབ་འཕར་ཡོང་བར་རོགས་རམ་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།