དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྲིད་གཞུང་གིས་མུ་མཐུད་སྤྱི་ཕན་གྱི་ལས་གནས་ཉོ་བར་བརྟེན་ནས་ལས་ཞུགས་རྒྱ་ཆེ་རུ་གཏོང་རྒྱུའི་གཏན་འབེབས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཚོགས་འདུའི་ཐོག 《སྤྱི་ཕན་གྱི་ལས་གནས་ཉོ་བའི་ཚད་གཞིའི་སྐོར་གྱི་དགོངས་སྐོར 》སོགས་དོན་ཚན་ལ་གྲོས་ཞིབ་བྱས་པ་དང་སྦྲགས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་ཚོགས་འདུའི་ཐོག་སྲིད་གཞུང་གིས་སྤྱི་ཕན་གྱི་ལས་གནས་མུ་མཐུད་ཉོས་ནས་རང་ལྗོངས་ཀྱི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་རིམ་བཞིན་དུས་ཐོག་དང་ནུས་ལྡན་གྱི་སྒོ་ནས་ལས་ཞུགས་ཐུབ་རྒྱུ་འགན་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་རིང་། ཏེང་ཞའོ་ཀང་། ཀུང་ཕུའུ་ཀོང། མོང་ཏེ་ལི། བདེ་སྐྱིད། རྡོ་ཐོགས། སྐལ་བཟང་ཚེ་རིང་། ཏུང་མིན་ཅུན། ལི་ཀྲའོ། ཏིང་ཡེ་ཤན་བཅས་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་ཚོགས་འདུར་ཕེབས་པ་རེད། རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་དང་ལས་ཞུགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བ་བྱ་ཆེད་2006ལོ་ནས་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁག་གསུམ་དུ་བགོས་ཏེ་སྤྱི་ཕན་རང་བཞིན་གྱི་ལས་གནས་15700ཉོས་པ་རེད། 2011ལོའི་ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་སྤྱི་ཕན་རང་བཞིན་གྱི་ལས་གནས་བཙུགས་པ་བརྒྱུད་རིགས་ཁག་གི་དཀའ་ངལ་ཡོད་པའི་མི་15048ལ་ལས་ཞུགས་ཐུབ་པ་བྱས་ནས་རང་ལྗོངས་ཀྱི་དཀའ་ངལ་ཡོད་པ་དང་ལྷག་དོན་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི “ལས་ཞུགས་མེད་པའི་ཁྱིམ་ཚང ”དང “3545”ཡི་མི་སྣ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་གནད་དོན་ཐག་གཅོད་ཏན་ཏིག་བྱས་པས་དཀའ་ངལ་ཡོད་པའི་མི་སྣ་བཀོད་སྒྲིག་བྱེད་པའི་རྩ་བའི་ནུས་པ་འདོན་སྤེལ་བྱུང་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད།

        ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད 》ནང་བཏོན་པའི་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་འབྲེལ་ཡོད་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་ཡག་པོ་སྒྲུབ་ཆེད་ལས་ཞུགས་བྱེད་འདོད་ཡོད་ཀྱང་དཀའ་ངལ་ཡོད་པའི་མི་སྣ་དེ་བས་མང་བར་དུས་ཐོག་དང་ནུས་ལྡན་གྱི་སྒོ་ནས་རོགས་སྐྱོར་བྱེད་རོགས་བྱས་པའི་ངོས་འཛིན་བྱས་པ་རེད།

        ཚོགས་འདུའི་ཐོག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་ལས་ཀ་བྱེད་མཁན་གྱི་ཆོག་འཐུས་དོ་དམ་དང་ཕྱིར་འཐེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་གཏོང་མགྱོགས་སུ་བཏང་ནས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣའི་ཐོབ་ཐང་གཏན་འཁེལ་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཕན་རང་བཞིན་གྱི་ལས་གནས་བེད་སྤྱོད་གཏོང་བའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་ཆབས་ཅིག་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་མི་སྣ་འགན་བཅོལ་ནང་ཞུགས་པ་དང་ཕྱིར་འཐེན་རྗེས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་རྒྱུན་མཐུད་ལས་དོན་ཡག་པོ་བསྒྲུབས་པ་བརྒྱུད་སྲིད་གཞུང་གི་དམངས་ཕན་བྱ་ཐབས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།