བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཇི་ལྟར་བྱས་ནས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུའི་སྐོར་ལ་སློབ་སྦྱོང་དང་ཟུར་ཁྲིད་བྱས་པ་དང་། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཐབས་ཇུས་བློ་འདྲི་པུའི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་ཏེང་ཡོན་ཀྲུའུ་ཡིས “སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས ”ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་པད་མ་འཕྲིན་ལས་ཀྱིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་པའི “སྤྱི་ཚོགས་ཀྱི་གསོན་ཤུགས་ཧུར་ཐག་འཕེལ་བ་བྱེད་པ་དང་། མཐུན་སྦྱོར་གྱི་རྒྱུ་རྐྱེན་མང་དུ་ཧུར་ཐག་གཏོང་བ། མཐུན་སྦྱོར་མེད་པའི་རྒྱུ་རྐྱེན་ཉུང་དུ་ཧུར་ཐག་གཏོང་བ ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ལྗོངས་ཡོངས་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། དུས་བབ་གསལ་རྟོགས་བྱེད་པ། ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ། དམིགས་སའི་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་དོ་དམ་གྱི་ལམ་བུ་གསར་པའི་ཐོག་ཧུར་ཐག་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།
ཆེད་དོན་འཆད་ཁྲིད་གསན་རྗེས་པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པར་ངེས་པར་དུ “ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་བཞི ”བྱེད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་སྤུ་ཙམ་མ་བཏང་བར་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ཁག་ཇི་མ་ཇི་བཞིན་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་ཐོག་མཐའ་བར་གསུམ་དུ་སྔར་ནས་ད་བར་གྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ལྐོག་གཡོ་མཐའ་དག་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་རློག་དགོས་པ་དང་། དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་སྟངས་འཛིན། མི་སེམས་ཐོབ་པ། རྩ་སྲ་རྨང་བརྟན་བཅས་ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་ཀྱི་སྔར་ནས་ད་བར་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ། ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པའི་དྲིལ་བསྒྲགས་དང་སློབ་གསོའི་རྒོལ་ཐབས་ཆེན་པོ་ཞིག་མུ་མཐུད་སྤེལ་བ། ཁ་ཕྲལ་གཏོར་བཤིག་གི་བྱ་སྤྱོད་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ལྐོག་གཡོ་མཐའ་དག་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་རློག་པ་བཅས་བྱེད་དགོས་པ། གསུམ་ནས་ཐོག་མཐའ་བར་གསུམ་དུ་རྩ་སྲ་རྨང་བརྟན་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་སྲིད་དབང་སྒྲུབ་ནུས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས་པ་དང་། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་ང་ཚོས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་པ་དེའི་ལྟེ་བ་ནི་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་དང་ལམ་ལུགས་འཛུགས་སྐྱོང་གི་འགག་རྩའི་ལྷུ་ཚིགས་གཉིས་ལ་དམ་འཛིན་ལྷོད་མེད་བྱེད་པ། གཞི་རིམ་སྲིད་དབང་གི་སྤྱི་ཚོགས་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ནུས་ལྡན་གྱི་དོ་དམ་ལམ་ལུགས་ཤིག་ཆགས་པ་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ་དེ་ཡིན། བཞི་ནས་ཐོག་མཐའ་བར་གསུམ་དུ་ལས་འགན་གལ་ཆེན་ཨང་དང་པོ་མཐའ་འཁྱོངས་ཀྱིས་དེ་བས་ལེགས་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བའི་མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་པ་དང་མཐུན་པ་བྱེད་དགོས་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཕྱོགས་གཅིག་ནས་འཕེལ་རྒྱས་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་བརྟན་ལྷིང་དམ་འཛིན་བྱེད་པ། རང་ངོས་ཀྱི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། འཕེལ་རྒྱས་ཀྱིས་སྤྱི་ཚོགས་དོ་དམ་ལ་དངོས་པོའི་འདེགས་སྐྱོར་བྱེད་དགོས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པ་ཡང་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་ཧུར་ཐག་སྐོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། མི་དམངས་ནང་ཁུལ་གྱི་འགལ་ཟླ་ཧུར་ཐག་སེལ་བ་བཅས་བྱས་ནས་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཁག་དང་། སྡེ་ཚན་ཁག ཐད་གཏོགས་དམིགས་འཛུགས་ལས་ཁུངས། དེ་བཞིན་འབྲེལ་ཡོད་ཚན་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་སློབ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།