བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་6ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་2011ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། 2010ལོའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་དང་དབྱེ་ཞིབ་བྱེད་རྒྱུ། 2011ལོ་དང་དེ་བཞིན་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་བཀོད་སྒྲིག་བྱེད་རྒྱུ་བཅས་ཡིན་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀུང་ཕུའུ་ཀོང་གིས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་། ཧྲུའུ་ཅི་ཀྲང་ཆིང་ལི་དང་། ཀྲུའུ་ཞི་པད་མ་འཕྲིན་ལས། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧའོ་ཕུང་བཅས་ཀྱིས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད་། 2010ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་འོག་རིམ་ཁག་སྡེ་ཚན་དང་ཁེ་ལས་ཁག་དང་ལྷག་པར་དུ་ལྗོངས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ལོ་འགོར་གཏན་འབེབས་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་མང་པོ་བསྒྲུབ་ཡོད་ཅེས་གསུངས་པ་རེད།
ཀུང་ཕུའུ་ཀོང་གིས་རིམ་ཁག་སྲིད་གཞུང་དང་སྡེ་ཚན་ལ་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་སེམས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། གཙོ་གནད་ལས་རིགས་དང་། གཙོ་གནད་ཁེ་ལས། གཙོ་གནད་ཁྱབ་ཁོངས་བཅས་ལ་དོ་ཁུར་ཟབ་མོ་བྱེད་པ་དང་ལྟ་ཞིབ་དོ་དམ་དང་། གྲལ་བཤེར། དག་ཐེར་བཅས་གཙོ་གནད་དུ་བཟུང་ནས་ཆེད་དམིགས་བཅོས་སྒྲིག་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་རྒྱུན་བསྲིང་ལྷོད་མེད་ངང་སྤེལ་བ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་དྲག་པོ་གཏོང་བ། བདེ་འཇགས་ཐོན་སྐྱེད་སྔོན་འགོག་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་པ་བཅས་དང་སྦྲགས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ལས་འཛོལ་ཚབས་ཆེན་དང་ལས་འཛོལ་ཆེས་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་པའི་ཁར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་2010ལོ་དང་དེ་བཞིན་2011ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། 2011ལོའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་སྤྱི་ཡོངས་བསམ་འཆར་དང་། 2011ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུའི་ཇུས་གཞི། 2011ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཚོད་འཛིན་དམིགས་ཚད་ཀྱི་དབྱེ་ཕྲལ་བསམ་འཆར། 2010ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ས་ཁུལ ﹙གྲོང་ཁྱེར ﹚ཁག་གི་བདེ་འཇགས་ཐོན་སྐྱེད་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཀྱི་བྱ་དགའ་ཆད་གཅོད་དང་དེ་བཞིན་2010ལོའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཀྱི་སྔོན་ཐོན་ཚན་པར་གཟེངས་བསྟོད་བྱེད་རྒྱུའི་གྲོས་འགོ 2011ལོའི་ལྗོངས ﹙ཀྲུང་དབྱང ﹚ཐད་གཏོགས་ཚན་པའི་བདེ་འཇགས་ཐོན་སྐྱེད་དམིགས་ཚད་འགན་འཁྲིའི་ཡི་གེ་འཇོག་རྒྱུའི་ཁྱབ་ཁོངས་བཅས་ལ་གྲོས་ཞིབ་བྱས་པ་རེད།
རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཞིང་འབྲོག་མང་ཚོགས་ཏང་ཡོན་3000ལྷག་ཙམ་འཕེལ་རྒྱས་ཕྱིན་པ་དང་ལས་ཁུངས་ཀྱི་ལས་བྱེད་པ་56དང་སློབ་ཆེན་ཐོན་པའི་གྲོང་དཔོན་146གྲོང་ཚོར་ལས་འགན་འཁུར་བར་བཏང་ཡོད།