བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་2010ལོ་དང་དེ་བཞིན “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་ཀའི་གནས་ཚུལ་ཕྱོགས་སྡོམ་དང་2011ལོའི་ཡུལ་སྐོར་སྤྲོ་འཆམ་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་རྗེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆའོ་ཡོན་ཀྲུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཏིང་ཡེ་ཤན་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་རང་ལྗོངས་འདི་ཉིད་འཛམ་གླིང་ཡུལ་སྐོར་སྤྲོ་འཆམ་གྱི་དམིགས་ས་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ་རང་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྩེར་སོན་ཞིག་གཏོད་པའི་དུས་མཚམས་གལ་ཆེན་ཞིག་ཀྱང་ཡིན་ཞེས་ནན་གསུངས་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་ལ་ངེས་པར་དུ་དུས་བབ་གསལ་རྟོགས་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཐོག་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་འཛམ་གླིང་ཡུལ་སྐོར་སྤྲོ་འཆམ་གྱི་དམིགས་ས་གལ་ཆེན་ཞིག་བསྐྲུན་རྒྱུ་དེ་དམིགས་ཚད་དུ་བྱེད་པ་དང “རྩེར་སོན་དང་། སྤུས་རྟགས། ཁྱད་ལྡན ”བཅས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་སྤུས་རྟགས་གཟུགས་བཪྙན་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་དང་རྩེར་སོན་གྱི་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།