ང་ཚོས “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར ”རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བར་ལོ་རྒྱུས་བློ་ལ་ངེས་པ་དང་། ད་ལྟར་གཅེས་འཛིན་བྱེད་པ། མ་འོངས་གསར་གཏོད་བྱེད་པ་བཅས་བྱས་ནས་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་གདུག་རྩུབ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་གཏིང་ཟབ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྲ་བརྟན་རང་བཞིན་དང་། རང་རྟོགས་རང་བཞིན། རང་འགུལ་རང་བཞིན་བཅས་རྒྱུན་ཆད་མེད་པ་ཆེ་རུ་གཏོང་བ་དང་རང་ལྗོངས་འདི་ཉིད་མཐུན་སྦྱོར་བརྟན་ལྷིང་ཡིན་པའི་སྤྱི་ཚོགས་ཀྱི་དུས་བབ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཉེ་ཆར་རང་ཉིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འདི་ལོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་ཉེ་ཆར་སྐབས་ཤིག་རིང་ཏཱ་ལའི་གཡོ་འཁྲབ་སྣ་ཚོགས་དང་ཟུང་འབྲེལ་བྱེད་སྐབས་ཏཱ་ལའི་རུ་ཚོགས་ལ་འཛིན་པའི་ཀྲུང་དབྱང་གི་ཆོད་སྡོམ་ནི་ཤིན་ཏུ་གཏིང་ཟབ་པ་དང་ཤིན་ཏུ་ཡང་དག་པ་ཞིག་ཡིན་པའི་ཚོར་སྣང་བྱུང་།
གཅིག ཏཱ་ལས “རྒན་ཡོལ་ཞུ་བ ”ཟེར་བ་བཏོན་པ་དེ་ཐོག་ནས་ཁོ་པ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིག་གཏོང་མཁན་འཁྲུལ་མེད་ཅིག་ཡིན་པ་དེ་བས་ཡིད་ཆེས་བྱུང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་1959ལོར་མེས་རྒྱལ་ལ་རྒྱབ་གཏོད་བྱས་རྗེས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་ཁ་ཕྲལ་གཏོང་བ་དང “བོད་རང་བཙན ”ཡོང་ཐབས་བྱེད་པའི་ཆབ་སྲིད་ཀྱི་ལྐོག་གཡོ་མི་དོར་བར “ཡུལ་གྱར་སྲིད་གཞུང ”བཙུགས་པ་དང་ལོག་སྤྱོད་དྲག་ཆས་ངན་རུབ་བྱས་ཏེ་ཁ་ཕྲལ་བྱེད་སྤྱོད་རྒྱུན་ཆད་མེད་པར་ངན་བཀོད་ངན་སློང་བྱེད་པ་དང་རྒྱལ་སྤྱིའི་ཐོག “བོད་ཀྱི་གནད་དོན ”ཟེར་བ་ཡང་ཡང་བཟོས་ནས་མངོན་སུམ་འཛེམ་མེད་ངང་མེས་རྒྱལ་དང་མི་དམངས་དགྲ་ལ་འཛིན་གྱི་ཡོད། “ཆོས་ལུགས་ཀྱི་གཙོ་འཛིན ”ཟེར་བའི་ཏཱ་ལའི་གཡོ་ཐབས་སྣ་ཚོགས་ལ་ཞིབ་མོར་ལྟ་སྐབས་ཏཱ་ལ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཀྱི་སྙིང་པོར་མི་བལྟོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པ་བཅས་ཀྱི “སྲིད་འཚོང་པ ”འཁྲུལ་མེད་ཅིག་ཡིན་པ་ཤེས་ཐུབ། ཉེ་ཆར་ཁོ་པས་བཤད་པའི “རྒན་ཡོལ་ཞུ་བ ”ཟེར་བའི་གཏམ་བརྗོད་ཀྱི་ཐོག་ནས་བཤད་ན་ཁོ་པས “རྒན་ཡོལ་ཞུ་གི་ཡིན ”ཟེར་བ་ནི “ཆབ་སྲིད་ཀྱི་གནས་བབ་དོར་རྒྱུ ”དང “དབང་ཆ་རྩིས་སྤྲོད་བྱ་རྒྱུ ”ཟེར་བ་ཡིན་པས་ཁོ་པ་རང་ཉིད་ཀྱིས་དེ་སྔ་ནས་གྱོན་པའི “ཆོས་ལུགས་ཀྱི་གཙོ་འཛིན ”གྱི་རྫུན་འབག་རྦད་དེ་དབྲལ་ནས “སྲིད་འཚོང་པ ”ཡིན་པའི་ཁོ་པའི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་ཡོད། ཏཱ་ལས “རྒན་ཡོལ་ཞུ་བ ”ཟེར་བ་དེ་ནི་ཁོ་པས་རང་རྩོམ་རང་འཁྲབ་བྱས་པའི་བཞད་གད་སློང་བའི་ཟློས་གར་གཞན་ཞིག་ཡིན་པས་གཡོ་ཐབས་མང་ཡང་གདོང་རིས་ངོ་མ་འགྱུར་མེད། བོད་རིགས་ཀྱི་གཏམ་དཔེའི་ནང་སོལ་བ་འབད་དེ་བཀྲུས་ན་ཡང་། ཁ་དོག་དཀར་པོར་འགྱུར་མི་སྲིད་ཅེས་པ་ལྟར་རེད།
གཉིས། ཏཱ་ལས “བོད་ཀྱི་རིག་གནས་རྩ་མེད་བཟོ་བ ”ཟེར་བ་དེ་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱི་ངན་སེམས་དེ་བས་དམར་རྗེན་དུ་ཐོན་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་ཚུན་དུ་ཀྲུང་གོ་སྲིད་གཞུང་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། མྱུར་སྐྱོབ། དར་སྤེལ་བཅས་གནང་བའི་གྲུབ་འབྲས་ནི་མིག་ལྡན་ཀུན་གྱིས་གསལ་པོར་མཐོང་ཐུབ། 1987ལོའི་ཟླ་7ཚེས་9ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག 《བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས 》ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་འབྲེལ་ཡོངས་བསྒྲགས་ལག་བསྟར་ཡང་བྱས་པས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་དེ་ཁྲིམས་ལུགས་ཅན་གྱི་ལམ་སྲོལ་ཐོག་སླེབས་ཡོད། 1997ལོར་རྒྱལ་སྤྱིའི་ཚད་གཞིའི་རྩ་འཛུགས་ཀྱིས་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ཁབ་ཀྱི་ཚད་གཞིར་གྲོས་འཆམ་བྱུང་བས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁྲོད་བོད་ཡིག་དེ་རྒྱལ་སྤྱིའི་ཚད་གཞི་ལྡན་པ་དང་གོ་ལ་ཧྲིལ་པོའི་ཆ་འཕྲིན་མྱུར་བགྲོད་གཞུང་ལམ་ཐོག་ཤར་བགྲོད་ཐུབ་པའི་སྐད་ཡིག་དང་པོར་གྱུར་ཡོད། 2004ལོར་རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་སྒོར་ཁྲི་3300བཏང་ནས་བོད་ཡིག་མཉེན་ཆས་བེད་སྤྱོད་གསར་སྤེལ་རྣམ་གྲངས་12ལེགས་གྲུབ་ལྡན་པའི་ངང་ཞིབ་འཇུག་གསར་སྤེལ་བྱས་པས་བོད་ཡིག་དེ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཅན་གྱི་མདུན་གྲལ་དུ་སླེབས་ཡོད། བོད་དང་མེས་རྒྱལ་ནང་སའི་དབར་གྱི་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བོད་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུ་གཙོ་བོར་བྱེད་པའི “སྐད་ཡིག་གཉིས་ཀྱི་སློབ་གསོའི ”མ་ལག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་འབྲེལ་གྲུབ་འབྲས་ཀྱང་ཧ་ཅང་ཆེན་པོ་ཐོབ་ནས་རྒྱལ་ནང་གི་གྲངས་ཉུང་མི་རིགས་གཞན་དག་ལ་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་གྲུབ་འབྲས་ཐོབ་པའི་མིག་དཔེ་བསྟན་པ་མ་ཟད། ད་དུང་རྒྱལ་སྤྱིའི་ཐོག་གི་ཤེས་ཡོན་ཅན་གྱི་བསྔགས་བརྗོད་དང་ཁས་ལེན་ཡང་ཐོབ་ཡོད། འོན་ཀྱང་དོན་དངོས་དེ་དག་ཏཱ་ལའི་རུ་ཚོགས་ཀྱིས་སྣང་མེད་དུ་འཇོག་གི་ཡོད། རྒྱལ་ཁབ་ཀྱིས་འབད་བརྩོན་ཇི་ཙམ་གནང་བ་དང་མི་རྒྱུ་དངུལ་གསུམ་ཇི་ཙམ་བཏང་ནས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནའང་ཁོ་པ་ཚོས “གཏོར་བཤིག ”མིན་ན “མེད་པ་བཟོ་བ ”ཟེར་གྱི་ཡོད། ཁོ་པའི “བོད་ཀྱི་རིག་གནས་མེད་པ་བཟོ་བ ”ཟེར་བ་དེ་ནི་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཁོ་པའི་གཡོ་ཐབས་གཞན་ཞིག་ཁོ་ན་རེད། ཁོ་པས “ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་རིག་གནས་མེད་པ་བཟོས་པ ”ཞེས་དམའ་འབེབས་བཏང་ཚེ་ནུབ་ཕྱོགས་ཀྱི་ཆབ་སྲིད་ཕྱོགས་གཏོགས་ལ་ལའི “འགྲོ་བ་མིའི་ཐོབ་ཐང་གླེང་ཁུལ་བྱེད་མཁན་ཚོས ”ཀྲུང་གོར “གནོན་ཤུགས་སྤྲོད་པའི་ངར་ཤུགས ”ངན་སྐུལ་བྱེད་ཐུབ་སྟེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཁོ་པའི་ཆབ་སྲིད་ཀྱི་ལྐོག་གཡོ་དང་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་པའི་མཐའ་མའི་དམིགས་ཡུལ་སྒྲུབ་ཐུབ་བསམ་གྱི་ཡོད།
གསུམ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་ཡག་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་ན་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་བའི་ཁྲིད་སྟོན་ངེས་པར་དུ་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ་ནི་ཆོས་ལུགས་འཕེལ་རྒྱས་ཀྱི་རྒྱབ་བརྟེན་དང་དམིགས་འབྲས་རེད་ལ་ཆོས་ལུགས་ཀྱི་མདུན་ལམ་དང་རེ་བའང་རེད། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་བའི་ཁྲིད་སྟོན་བྱེད་དགོས་པ་སྟེ། གཅིག་ནས་ངེས་པར་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དམ་འཛིན་བྱེད་དགོས་ཤིང་། དགོན་པའི་དོ་དམ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུ་དེ་དམིགས་ས་དང་། དགོན་པའི་ནང་ལྷག་པའི་གཙོ་གནད་དང་ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཚད་བརྒལ་ས། ཕྱོགས་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱ་རྒྱུ་དེ་འགན་ལེན་བཅས་སུ་བརྩིས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ་བོད་དུ་ཆོས་ལུགས་དང་གཞི་རྩའི་དམངས་གཙོའི་དགོས་མཁོ་གཉིས་ཐ་དད་དུ་དབྱེ་དགོས་པ་དཔེར་ན། བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་བསྟར་བྱས་ན་དགོན་པར་འཚང་ག་ཤིག་ཤིག་ངང་སྐྱོད་མཁན་ན་སོ་དར་ལ་མ་བབ་པའི་མི་ཇེ་ཉུང་དུ་འགྲོ་རྒྱུ་དང་བོད་དུ་རིན་མེད་སྨན་བཅོས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་ན་ནད་གཞི་ཕོག་སྐབས་ཆོས་མཇལ་དུ་སྐྱོད་མཁན་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ། གསུམ་ནས་ངེས་པར་དུ་དགོན་པའི་གྲྭ་བཙུན་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་ཤིང་། ཁོང་ཚོའི་མེས་རྒྱལ་གྱི་ལྟ་བ་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་བཏང་སྟེ་ཏཱ་ལའི་རུ་ཚོགས་དང་ཁོ་པ་ཚོར་རྒྱབ་སྐྱོར་བྱེད་མཁན་ནུབ་ཕྱོགས་ཀྱི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སིམ་འཛུལ་དང་གཏོར་བཤིག་གཏོང་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་ཀྱི་དགོན་པ་དེ་ལག་ཆར་བརྩིས་ནས་ཁ་ཕྲལ་གྱི་གཏོར་བཤིག་བྱེད་སྤྱོད་སྤེལ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་དང་ཆོས་ལུགས་སྤྱད་ནས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་དག་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་གྱི་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
ང་ཚོས་ངེས་པར་དུ་དུས་བབ་གསལ་རྟོགས་གང་ལེགས་བྱེད་པ་དང་། རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་སྔར་བས་ཤེས་རྟོགས་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་བ་དེ་དམ་པོར་འཛིན་པ་བཅས་ཀྱི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་ཉམས་ཉེན་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཡག་པོ་གཅོག་རྒྱུའི་གྲ་སྒྲིག་ལེགས་པར་བྱས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་དགོས།