དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རི་ཀླུང་གང་སར་ཐུགས་བརྩེས་གཏམས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་3ཚེས་24ནས་ཚེས་26ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་ལྷོ་ཁ་ས་ཁུལ་གྱི་ལྷོ་བྲག་དང་མཚོ་སྨད་སོགས་རྫོང་དུ་ཕེབས་ཏེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་བཅས་ལ་འཚམས་འདྲི་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་མགོན་པོ་བཀྲ་ཤིས་ཀྱང་ལྷན་དུ་ཕེབས་ཤིང་། འདི་ནི་ཀྲང་ཆིང་ལིས་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་ལྷ་ཁང་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཚོགས་ཆུང་གསུམ་པའི་ཚེ་རིང་ནོར་བུའི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གནང་བའི་གནས་ཚུལ་ཡིན་པ།

        ཟླ་3ཚེས་24ནས་ཚེས་26ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་ལྷོ་ཁ་ས་ཁུལ་གྱི་ལྷོ་བྲག་དང་མཚོ་སྨད་སོགས་རྫོང་དུ་ཕེབས་ཏེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་མགོན་པོ་བཀྲ་ཤིས་ཀྱང་ལྷན་དུ་ཕེབས་ཤིང་། འདི་ནི་ཀྲང་ཆིང་ལིས་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་ཡུགས་སྨད་གྲོང་ཚོའི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

        ཟླ་3ཚེས་24ནས་ཚེས་26ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་དང་མཚོ་སྨད་རྫོང་དུ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པར་ཕེབས་པ་དང་ས་གནས་དེ་གའི་ཡུལ་མི་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་མ་ཟད། ས་གནས་དེ་གའི་སྔོན་གཏོད་ལེགས་བརྩོན་དང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུལ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་གོང་འཕེལ་འགྲོ་ཚུལ་ཤེས་རྟོགས་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲུང་ཆེ་མགོན་པོ་བཀྲ་ཤིས་དང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས།

        “ཡུལ་མི་ཚོ། ངས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཚང་མར་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་བྱ་རྒྱུ་ཡིན། འདི་ལོའི་ཟླ་3པའི་ཚེས་6ཉིན་ང་ཚོའི་གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་སར་སླར་ཡང་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་འཐུས་མི་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་འབྲེལ་རང་ལྗོངས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་མ་ཟད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་གནང་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བསྟུད་མར་ཞུགས་ཐེངས་19པ་ཡིན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་ད་དུང་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བོད་དུ་ལོག་རྗེས་ངེས་པར་དུ་བོད་ཀྱི་ཡུལ་མི་ཚོར་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་བྱེད་རོགས་ཞེས་ང་ཚོར་དམིགས་སུ་བཀར་ནས་བཀའ་མངགས་གནང་བྱུང ”ཞེས་ཧྲུའུ་ཅི་ཀྲང་ཆིང་ལིས་གསུངས། ཟླ་3ཚེས་24ཉིན་གྱི་ཕྱི་དྲོར་ལ་བརྒྱབ་ཀླུང་བརྒལ་ཡང་ཡང་གནང་རྗེས་ཧྲུའུ་ཅི་ཀྲང་ཆིང་ལི་དང་བཅས་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་པའི་ལྷོ་བྲག་རྫོང་རྫ་ར་ཤང་ལྷ་ལུང་གྲོང་ཚོར་ཕེབས་ཏེ་རླངས་འཁོར་ནས་བབས་མ་ཐག་སེམས་རྩ་འཁོལ་བའི་གྲོང་མི་ཚོས་མཐའ་སྐོར་བ་དང་ཧྲུའུ་ཅི་ཀྲང་ཆིང་ལི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་འཚམས་འདྲི་བརྒྱུད་བསྒྲགས་གནང་བར་ཕེབས་པ་ཐོས་སྐབས་གྲོང་ཚོ་ཆུང་ཆུང་དེ་མུར་སྤྲོ་སེམས་ཀྱིས་འཁོལ་བ་དང་ཐལ་མོའི་རྡེབ་སྒྲ་གྲོང་ཚོའི་བར་སྣང་དུ་གྲགས། འཛུམ་མདངས་འཕྱུར་བའི་ངོ་གདོང་ལས་བདེ་སྐྱིད་དང་སྤྲོ་སྣང་མངོན། ཚང་མས་སེམས་འགུལ་ཐེབས་བཞིན་དུ་ཧྲུའུ་ཅི་ཀྲང་ཆིང་ལིར “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཐུགས་ལ་དེ་འདྲ་འཇོག་གནང་གི་ཡོད། གལ་སྲིད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོ་དེ་འདྲ་ཞིག་མིན་ན་སུས་ཡིད་ཆེས་སམ། ཁྱེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་ང་ཚོས་ཀྱང་ཁོང་དྲན་གྱི་འདུག ད་ལྟ་ང་ཚོའི་འཚོ་བ་ཡག་པོ་ཡོད་པ་མ་ཟད་སྡོད་ཁང་གསར་པར་སྤོས་པ་དང་གྲོང་ཚོའི་ནང་གི་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཚང་མ་ཤར་གཏོང་ཐུབ་པས་ང་ཚོས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རོགས ”ཞེས་ཞུས།

        ཡུལ་མི་ཚོའི་སྐད་ཆ་གསན་རྗེས་ཀྲང་ཆིང་ལི་ཧ་ཅང་སྤྲོ་པོ་བྱུང་ཞིང་། ཁོང་གིས་བྱམས་བརྩེའི་ངང་ཚང་མར “རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་མ་ཐག་ཡིན་པ་དང་ད་རེས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་རང་རྒྱལ་འཕེལ་རྒྱས་དེ ‘ལོ་ལྔ་ཚན་བཅུ་གཉིས་པའི ’དུས་སུ་སླེབས་པ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་བསུ་བ་ཞུ་བའི་དུས་བབ་འོག་སྐོང་ཚོགས་བྱས་པའི་ཚོགས་འདུ་གཟབ་རྒྱས་ཤིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་གཞིའི་རྩ་གནད་ལ་ཞིབ་བཤེར་བྱས་པ་དང་ཆོག་མཆན་བཀོད་དེ་རང་རེའི་རྒྱལ་ཁབ་ཀྱི་སླད་ཕྱིན་ལོ་ལྔའི་རིང་གི་ལས་དོན་བཀོད་སྒྲིག་བྱས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་ཤུགས་སྔར་ལས་ཆེ་རུ་འགྲོ་སྲིད་པས་སླད་ཕྱིན་ལོ་ལྔའི་རིང་བོད་ཀྱི་འཕེལ་རྒྱས་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་པ་ཡོང་སྲིད་པ་དང་ཡུལ་མི་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཀྱང་སྐྱེལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་ཡོད ”ཅེས་གསུངས་པ་རེད།

        གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང “ཏང་ཀྲུང་དབྱང་གིས་ང་ཚོར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་སྟབས་ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ཏེ་ཇི་སྲིད་བར་ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན ”ཞེས་ཤོད་བཞིན་དུ་མི་མི་ཉུང་བ་ཞིག་ལ་སེམས་འགུལ་ཐེབས་པས་མིག་ཞག་འཁོར། ཁོང་ཚོས་དཀར་གཙང་ཁ་བཏགས་རེ་རེ་བཞིན་ཧྲུའུ་ཅི་ཀྲང་ཆིང་ལི་ལ་ཕུལ་ནས་ཏང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བའི་བརྩེ་སེམས་མཚོན་པར་བྱས་ཡོད་པ་རེད།

        ཧྲུའུ་ཅི་ཀྲང་ཆིང་ལི་ལྷ་ལུང་གྲོང་ཚོར་ཕེབས་ཐེངས་དང་པོ་ཡིན་རུང་གྲོང་མི་ཚོས་བཪྙན་འཕྲིན་ཐོག་ནས་ཁོང་ངོ་ཤེས་པ་མ་ཟད་ཁོང་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ་གླེང་མོལ་བྱེད་སྐབས་དེ་བས་བྱམས་བརྩེ་ལྡན་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་དེ་གར་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུལ་ཞུས་པ་རེད། ཚང་མས་མཐའ་སྐོར་བའི་འོག་ཀྲང་ཆིང་ལི་དང་བཅས་པས་གྲོང་ཚོའི་རྣམ་པར་གཟིགས་པ་དང་འབྲེལ་གྲོང་ལྷན་གྱི་གྲོས་ཚོགས་ཁང་ཆུང་ངུའི་ནང་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ནོར་རྒྱལ་དང་། ལྷ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱ་མཚོ། ལྷ་ལུང་གྲོང་ཚོའི་གྲོང་མི་བསོད་ནམས་མཚོ་མོ་བཅས་ཀྱིས་ཧྲུའུ་ཅིར་ལས་དོན་ཚོགས་ཆུང་གྲོང་ཚོར་འབྱོར་མ་ཐག་ཡུལ་མི་ཚོ་དང་ཡུག་གཅིག་ཏུ་འདྲེས་ཏེ་འཁྲུག་ཆ་དོད་པའི་བོད་ཀྱི་ལོ་གསར་བཏང་བ་མ་ཟད་ཁྱིམ་ཚང་རེ་རེ་བཞིན་དུ་བསྐྱོད་དེ་ཁྱིམ་གྱི་གནས་ཚུལ་དང་སེམས་གཏིང་གི་སྐད་ཆ་བཤད་པ་དང་མང་ཚོགས་ཚོའི་བསམ་ཚུལ་དང་རེ་སྒུག་ཤེས་རྟོགས་བྱས་ནས་དམངས་ཕན་དང་དམངས་ཕྱུག་སྲིད་ཇུས་ཁག་མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཡོད། ལས་བྱེད་པ་དང་མང་ཚོགས་ཁྱིམ་གཅིག་ལྟར་གྱི་ཚོར་བ་བྱུང་བ་དེ་ལས་ཚང་མས་ཡུན་རིང་མ་མཇལ་བའི་བརྩེ་སེམས་ཚོར་ཐུབ་པ་བྱུང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཡིན་ནའང་འདྲ་ཡང་ན་རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ་ཚང་མར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་སེམས་འགུལ་ཟབ་མོ་ཐེབས་ཡོད་ཅེས་ཞུས། ཚང་མའི་ངོ་སྤྲོད་བྱས་པ་གསན་རྗེས་ཀྲང་ཆིང་ལིའི་ཐུགས་ཧ་ཅང་བདེ་པོ་བྱུང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ད་ལོར་ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་གཏན་འབེབས་བྱས་པ་དང་དེའི་ལས་འགན་གཙོ་བོ་ནི་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་གཞི་རིམ་དུ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྱོང་བརྟན་དུ་གཏོང་བ་དང་། གཞི་རིམ་གྱི་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱེད་པ། གཞི་རིམ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བ་སོགས་ཡིན་པ་རེད། ཡུལ་མི་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་དགའ་བསུ་དེ་འདྲ་ཞུས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ལས་དོན་ནན་ཏན་དེ་འདྲ་བསྒྲུབས་ཡོད་པ་མཐོང་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་། ཡུལ་མི་ཚོའི་སེམས་གཏིང་ནས་འཕྱུར་བའི་འཛུམ་མདངས་རེ་རེ་ཡིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་རྦད་དེ་ཡང་དག་པ་དང་མིའི་སེམས་ལ་གཏིང་ཟབ་ཟུག་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། ཚང་མའི་བསམ་བློའི་ཉམས་འགྱུར་ཡག་པ་དང་ལས་ཀའི་རྣམ་འགྱུར་གཟབ་ནན་ཆེ་བས་ང་ལ་སེམས་འགུལ་ཐེབས་བྱུང་། ངས་ཁྱེད་ཚོར་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས།

        ཀྲང་ཆིང་ལིས་ད་དུང་མཚོ་སྨད་རྫོང་སྨན་རྩིས་ཁང་དུ་བརྟག་ཞིབ་གནང་བ་དང་འབྲེལ་གྲི་གུ་གྲོང་རྡལ་གྲི་གུ་གྲོང་ཚོར་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཅི་འཕྲོས་མོལ་འཕྲོས་བྱེད་རིང་ཡུལ་མི་ཚོས་ལོ་འདི་དག་རིང་གི་འགྱུར་ལྡོག་གླེང་སྐབས་གཅིག་ནས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཉིས་ནས་བོད་སྐྱོར་ལས་བྱེད་པའི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། གསུམ་ནས་གྲོང་ཚོའི་ཏང་ཀྲི་པུས་གྲོང་མི་ཚོའི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་ལ་མ་སྐྲག་པར་ཐབས་ཤེས་ཡོད་རྒུས་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱས་པ་དེ་ཡིན་ཞེས་ཧྲུའུ་ཅིར་བརྗོད། ཚང་མའི་སྐད་ཆ་གསན་རྗེས་ཀྲང་ཆིང་ལི་ཐུགས་མོས་པོ་བྱུང་བ་དང་སེམས་འགུལ་ཡང་ཐེབས། ཀྲང་ཆིང་ལིས་ལྷན་དུ་ཕེབས་མཁན་ལས་དོན་མི་སྣར “བཞུ་མར་གཅིག་གིས་དེའི་ཉེ་འཁོར་ཡོངས་སུ་གསལ་བ་ལྟར་གྲོང་ཚོར་འཕེལ་རྒྱས་ཡག་པོ་འདི་འདྲ་བྱུང་བ་ནི་གྲོང་ཚོའི་ཀྲི་པུའི་ཚན་ཁག་གཅིག་གི་མིའི་བྱས་རྗེས་དང་ཁ་འབྲལ་ཐབས་མེད། ང་ཚོས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཐབས་ཤེས་ཡོད་རྒུས་གཞི་རིམ་གྱི་ཏང་ཀྲི་པུའུ་ཚང་མས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་ཏང་ཡོན་ཚང་མས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས ”ཞེས་གསུངས། བརྟག་ཞིབ་གནང་རིང་། ཀྲང་ཆིང་ལི་དང་བཅས་པས་ལྷོ་བྲག་རྫོང་དང་། མཚོ་སྨད་རྫོང་། ལྷོ་ཁ་ས་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས་ཀྱིས་སྣེ་ཁྲིད་གནང་བའི་ལྷོ་ཁ་ས་ཁུལ་དུ་སྐྱོད་མཁན་ལས་དོན་ཚོགས་ཆུང་བཅས་པ་དང་སྔ་རྗེས་སུ་བཞུགས་མོལ་གནང་བ་དང་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་འཆི་མེད་རིག་འཛིན་གྱིས་གཙོ་སྐྱོང་གནང་བ་རེད། ལས་ཀའི་སྙན་སེང་ནན་ཏན་ངང་གསན་རྗེས་ཀྲང་ཆིང་ལིས་ལྷོ་ཁ་ས་ཁུལ་དང་། ལྷོ་བྲག་རྫོང་། མཚོ་སྨད་རྫོང་བཅས་ཀྱི་ལས་དོན་བསྒྲུབ་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་བརྟག་ཞིབ་བྱེད་རིང་ལྷོ་ཁ་ས་ཁུལ་དང་ལྷག་དོན་དུ་ལྷོ་བྲག་དང་མཚོ་སྨད་རྫོང་གཉིས་ཀྱིས་བདེ་སྡོད་ལས་བརྩོན་ཚད་བརྒལ་ཡོང་གཞིར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཡག་པོ་ཡོད་པ། ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱུང་བ། བརྟན་ལྷིང་ལས་དོན་ཡག་པོ་བསྒྲུབས་པ། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཡག་པོ་སྤེལ་བ། དམག་དཔུང་དང་ས་གནས། དམག་སྲིད། དམག་དམངས་བཅས་དབར་གྱི་མཐུན་སྒྲིལ་ཡག་པོ་ཡོད་པ་བཅས་གང་སར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མཐོང་རྒྱུ་ཡོད་པ་དང་མི་རྣམས་ལ་ལྕག་སྐུལ་ཐེབས་པ་དང་ངར་ཤུགས་འཕེལ་བ་ཞིག་ཡོད་པ་མྱོང་ཚོར་ཟབ་མོ་བྱུང་། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་90འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་བཅས་ཡིན། ང་ཚོས་ངེས་པར་དུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རྒྱལ་ཡོངས་ཀྱི “ཚོགས་འདུ་གཉིས ”ཀྱི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བཀོད་སྒྲིག་གཞིར་བཟུང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འདི་ལོའི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་དང་། གྲུབ་འབྲས་དངོས། གྲུབ་འབྲས་ཡག་པོ་བཅས་ཐོབ་རྒྱུ་འགན་ལེན་དང “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུ་འགན་ལེན་བྱེད་དགོས། གྲོང་གསེབ་གསར་པའི་འཛུགས་སྐྲུན་ཐད་ངེས་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་སྤུས་ཚད་དང་ལེ་ལག་འབུར་དུ་ཐོན་པ་བྱས་ཏེ་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གྲྭའི་ལེ་ལག་དང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་གི་ལས་དོན་གཙོ་གནད་དུ་འཇོག་རྒྱུ་འགན་ལེན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཐད་ངེས་པར་དུ་ཁྱད་ཆོས་དང་ཕན་འབྲས་འབུར་དུ་ཐོན་པ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་གཙོ་གནད་འབུར་ཐོན་དང་། ཁྱད་ཆོས་མངོན་པ། དགེ་སྤེལ་སྐྱོན་སྤང་བཅས་བྱེད་པ་དང་འབྲེལ་འཕེལ་རྒྱས་བརྒྱུད་མི་སེར་རྣམས་བདེ་བདེ་ལྷོད་ལྷོད་ཀྱི་འཚོ་བ་སྐྱེལ་དུ་འཇུག་པ། སྤྱི་ཚོགས་བྱ་གཞག་ཐད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་འབུར་དུ་ཐོན་པ་བྱས་ཏེ་དངོས་པོའི་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་འབྲེལ་རིག་གནས་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་མི་སེར་རྣམས་ཀྱིས་རིག་གནས་སྦྱངས་ནས་ཤེས་བྱ་འཕེལ་བ་བྱེད་པ་དང་། ཚན་རྩལ་སྦྱངས་ནས་རྨོངས་དད་སེལ་བ། སྐབས་དོན་སྲིད་ཇུས་སྦྱངས་ནས་རྒྱུ་མཚན་ཤེས་པ་བཅས་བྱེད་དགོས་ལ་སྤུས་ཀ་ལེགས་པའི་དངོས་པོའི་འཚོ་བ་ལོངས་སུ་སྤྱོད་པ་དང་དུས་གཅིག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་ཡོད་པ་བྱེད་པ། ངེས་པར་དུ་ཏང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ་ཤེས་སུ་བཅུག་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། བརྟན་ལྷིང་ལས་དོན་ཐད་ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་མཐུན་སྒྲིལ་འབུར་དུ་ཐོན་པ་བྱས་ཏེ་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པའི་རྒྱུ་མཚན་དེ་བས་སེམས་སུ་ཟུག་པ་བྱས་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་བཏང་ནས་རྒྱུན་བསྲིང་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཕྱོགས་སུ་བསྐྱོད་རྒྱུ་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་བ། གཞི་རིམ་འཛུགས་སྐྱོང་ཐད་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོར་དམ་འཛིན་བྱ་རྒྱུ་འབུར་དུ་ཐོན་པ་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ལ་ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་རོགས་རམ་གྱིས་གཞི་རིམ་རྩ་འཛུགས་ཡག་པོ་སྐྲུན་པ་བཅས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་ཡག་པོ་སྒྲུབ་པ། དཀའ་ངལ་སེལ་བ་སོགས་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དེ་བས་ཕྱུག་པོ་དང་། ཤེས་དཔལ། བདེ་སྐྱིད་བཅས་ཀྱི་འཚོ་བ་སྐྱེལ་དུ་འཇུག་དགོས་ཞེས་གསུངས་པ་རེད།

        དཀར་གཙང་གི་ཁ་བཏགས་དང་། སྨོན་འདུན་བཟང་པོ། འཛུམ་མདངས་བཅས་ཀྱི་ཁྲོད་ཀྲང་ཆིང་ལིས་འཛུམ་དམུལ་དམུལ་ངང་ཕྱག་གཡུག་གཡུག་གནང་ནས་མང་ཚོགས་དང་ཞལ་གྱེས། ཡུལ་མི་ཚོའི་ལུས་ཐོག་ནས་ཏང་གི་སྦྲང་ཆར་ཟིལ་མའི་བཀའ་དྲིན་འོག་བོད་ཀྱི་ཞིང་འབྲོག་ཁུལ་དུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་། གང་སར་དགོད་སྒྲས་ཁེངས་པ། གང་སར་ངར་ཤུགས་ཀྱིས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།