དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭས་དཔྱིད་དུས་སློབ་དུས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭས (རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང )2011ལོའི་དཔྱིད་དུས་སློབ་དུས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་སློབ་མ་200ལྷག་ཙམ་དར་གཞོན་ལས་བྱེད་གསོ་སྦྱོང་འཛིན་གྲྭ་དང་། རྩ་འཛུགས་སྒྲིག་ཁོངས་སྡེ་ཚན་གྱི་ལས་སྒོའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཁྲུའུ་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭ་བཅས་སུ་དུས་ཡུན་ཟླ་བ་གཅིག་ནས་བཞི་བར་གྱི་སློབ་སྦྱོང་ནང་ཞུགས་རྒྱུ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་ཞའོ་ཀྲང་། རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་ཧའོ་ཕུང་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭ་དང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་ཚབ་ཞུས་ཏེ་སློབ་མ་ཡོངས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་དང་འབྲེལ་དགེ་རྒན་དང་ལས་བཟོ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་ཤིང་ཁོང་གིས་ད་ཕན་ལོ་ཤས་རིང་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་དུས་བབ་ལ་ཆོད་སྡོམ་ཡང་དག་དང་ཁ་གཏད་ཧུར་ཐག་བཅག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུ་དེ་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ཡོད། མིག་སྔར་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་སྤྱི་ཡོངས་ཀྱི་དུས་བབ་ཡག་པོ་ཡོད་རུང་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་སྔར་བཞིན་མང་པོ་ཡོད་པས་མདོར་བསྡུས་བྱེད་ཆོག་པ་འདི་ལྟ་སྟེ། གོ་སྐབས་ཤིན་ཏུ་འཕྲད་དཀའ་བ་དང་། ཆ་རྐྱེན་ཤིན་ཏུ་ལེགས་པ། ལས་འགན་དཀའ་ཚེགས་ཤིན་ཏུ་ཆེ་བ། དུས་ཚོད་ཤིན་ཏུ་ཛ་དྲག་ཆེ་བ་བཅས་རེད། དུས་བབ་དང་ལས་འགན་གསར་པ་ལས་ང་ཚོའི་ལས་བྱེད་དཔུང་ཁག་གི་བསམ་བློའི་འདུ་ཤེས་དང་། སྲིད་ཇུས་ཀྱི་ཆུ་ཚད། ནུས་པའི་བྱང་ཚད། ལས་ཀའི་སྤྱོད་ཚུལ་བཅས་ལ་ཚོད་བགམ་དང་འགྲན་སློང་གསར་པ་འཕྲད་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བར་ལས་བྱེད་དཔུང་ཁག་ནི་འགག་རྩ་ཡིན་པས་ངེས་པར་དུ་ཆབ་སྲིད་བརྟན་པོ་དང་། སྤྱོད་ཚུལ་བཟང་བ། སྒྲིག་ལམ་ནན་པ། དམངས་ཆེད་སྲིད་བརྩོན། རང་འགན་གཙང་སྒྲུབ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་ཏང་གི་སློབ་གྲྭའི་སློབ་མ་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། དེང་སྐབས་ཀྱི་དུས་བབ་དང་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཐོག་སློབ་སྦྱོང་ལ་མཐོང་ཆེན་དང་། སློབ་སྦྱོང་མཐའ་འཁྱོངས། ཚེ་གང་སློབ་སྦྱོང་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སློབ་སྦྱོང་བྱས་ཏེ་ཀུན་སྤྱོད་ལེགས་པོ་ཡོང་བ་དང་། སློབ་སྦྱོང་བྱས་ནས་ཤེས་རིག་འཕེལ་བ། སློབ་སྦྱོང་བྱས་ནས་ལས་གཏོད་བཅས་བྱེད་ཐུབ་པ་བྱས་ཏེ་རང་ངོས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་དུས་རབས་ཀྱིས་སྤྲད་པའི་ལས་འགན་ལྕི་པོ་ཁུར་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        ཧའོ་ཕུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་མ་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་བ་སྐྲུན་པ་བཅས་ལ་ང་ཚོའི་ཏང་གིས་འགོ་ཁྲིད་གནང་བའི་རླབས་ཆེན་ལག་ལེན་ནང་མར་ཁེ་སི་རིང་ལུགས་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པས་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་བསམ་བློའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་མ་ལག་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པ་ཞིག་རིམ་པས་གྲུབ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་བོད་ཀྱི་ལས་དོན་ཐད་ཀྱི་ཏང་གི་རིགས་པའི་གཞུང་ལུགས་གསར་པ་ཞིག་གཏོད་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་སྔར་བྱུང་མྱོང་མེད་པའི་བྱ་ཐབས་གསར་པ་གཏན་ལ་ཕབ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ཁོང་དུ་ཡག་པོ་ཆུད་པ། བེད་སྤྱོད་ཡག་པོ་གཏོང་བ་བཅས་ནི་དེང་སྐབས་དང་ཕྱིན་ཆད་སྐབས་ཤིག་རིང་བོད་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པའི་གལ་ཆེའི་རྨང་གཞི་དང་རང་ལྗོངས་ཀྱི་རིམ་ཁག་ལས་བྱེད་པའི་ནུས་པའི་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཏང་གི་སློབ་གྲྭའི་སློབ་མས་ངེས་པར་དུ་བོད་ཀྱི་ལས་དོན་ཐད་ཀྱི་ཏང་གི་རིགས་པའི་གཞུང་ལུགས་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ཐད་ཀྱི་ཏང་གི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་བོད་ཀྱི་ལས་དོན་གྱི་ཁྱོན་ཡོངས་དང་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་བློ་ལ་བརྟན་པོར་ཆུད་པ་དང་། བོད་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་སྐྱེན་ཚོར་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་སྔར་བས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོ་ཁྲིད་དང་སྐུལ་མ་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་དམིགས་ཏེ་མང་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་པ། ཪྙོག་འཛིང་ཆེ་བའི་རྣམ་པ་སྟངས་འཛིན་བྱེད་པ་བཅས་ཀྱི་ནུས་པ་དང་འཇོན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་བསྐྱང་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་གཤིས་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་ལྕི་པོ་རང་རྟོགས་ངང་འཁུར་བ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་བདེ་བ་བསྐྲུན་རྒྱུ་རང་འགན་དུ་བརྩིས་ནས་ཏང་ལ་ངོ་གནོངས་མི་དགོས་པ་དང་། མེས་རྒྱལ་ལ་ངོ་གནོངས་མི་དགོས་པ། མི་དམངས་ལ་ངོ་གནོངས་མི་དགོས་པ་བཅས་ཀྱི་བྱས་རྗེས་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

        ཧའོ་ཕུང་གིས་སློབ་མ་ཡོངས་ལ་ངེས་པར་དུ་བསམ་བློའི་ཐོག་ནས་ད་རེས་ཀྱི་གསོ་སྦྱོང་དང་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་བྱ་སྤྱོད་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ་སྦྱོང་སྲོལ་དག་ཏུ་བཏང་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་མཉམ་སྒྲུབ་བྱེད་པ། སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ཐོག་ད་རེས་ཀྱི་སློབ་སྦྱོང་ལས་འགན་ནན་ཏན་ངང་ལེགས་པར་བསྒྲུབ་རྒྱུའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།