དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཏེན་ཚྭའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མི་རེ་ཟུང་གིས “ཏེན་ཚྭ་ཡིས་ཉིང་རྡུལ་འགྱེད་འཕྲོ་འགོག་ཐུབ་པའི ”འུད་སྒྲོག་བྱས་པའི་གཏམ་འཆལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཟླ་3ཚེས་17ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁུལ་གྱི་ས་གནས་ཁག་གཅིག་ཏུ་ཏེན་ཚྭ་ཧབ་ཐོབ་ཀྱིས་ཉོ་བའི་གནས་ཚུལ་ཐོན་པ་དང་གནས་ཚུལ་མི་ཤེས་མཁན་མང་ཚོགས་ཁ་ཤས་ཀྱིས་ཀྱང་དེ་དང་ཆབས་ཅིག་ཧབ་ཐོབ་ཀྱིས་ཉོ་བར་བརྟེན་ལྷ་ས་གྲོང་ཁྱེར་དང་འབྲེལ་ཡོད་ས་ཁུལ་གྱི་སྒོ་རྩིས་ཚོང་ཁང་གི་ཏེན་ཚྭ་མཁོ་སྤྲོད་སྐབས་འཕྲལ་དཀོན་པོ་ཆགས་ཡོད། ཚེས་17ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཏེན་ཚྭའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་དེང་སྐབས་ཀྱི་ཁྲོམ་རའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཚོགས་འདུའི་ཐོག་བཀོད་སྒྲིག་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་ཆེད་དོན་ཚོགས་འདུར་ཕེབས་ཡོད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་མ་ཤང་ཚུན་གྱིས་དང་ཐོག་རང་ལྗོངས་ཀྱི་ཏེན་ཚྭའི་ཁྲོམ་རའི་མཁོ་ཚོང་གི་གནས་ཚུལ་སྙན་སེང་ཞུས་པ་དང་རང་རྒྱལ་གྱི་བཟའ་ཚྭ་མང་ཆེ་བ་ནི་གཏེར་ཚྭ་ཡིན་པ་དང་རང་རྒྱལ་གྱི་གཏེར་ཚྭའི་ཐོན་ཁུངས་འབེལ་ལ་མཁོ་འདོན་འདང་ངེས་ཡོད། དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་ཏེན་ཚྭའི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་དང་གསོག་ཉར་བྱས་པའི་ཏེན་ཚྭས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒྱུན་གཏན་འཚོ་བའི་དགོས་མཁོ་རྦད་དེ་སྐོང་ཐུབ་པ་ཞིག་ཡོད། ཧབ་ཐོབ་ཀྱིས་ཉོ་བའི་གནས་ཚུལ་ཐོན་རྗེས་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་གི་ཚྭ་ལས་དོ་དམ་ཅུས་ཀྱིས་དེ་མ་ཉིད་དུ་ཁ་གཏད་གཅོག་ཐབས་བཏོན་ནས་ཏེན་ཚྭ་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱས་ཡོད། མིག་སྔར་རང་ལྗོངས་སུ་མཛོད་འཇོག་ཏེན་ཚྭ་ཁྱོན་བསྡོམས་ཏུན་2876ཡོད་ཅིང་། ན་ནིང་དུས་མཚུངས་སུ་ཚོང་ཚད་ལྟར་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་དུས་ཚིགས་གཉིས་རིང་གི་རྒྱུན་གཏན་གྱི་འཛད་སྤྱོད་འགན་ལེན་བྱེད་ཐུབ་ཀྱི་ཡོད། གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་པ་དང་ཡུལ་མི་ཚོའི་རྒྱུན་གཏན་གྱི་འཛད་སྤྱོད་འགན་ལེན་ཏན་ཏིག་བྱེད་ཐུབ་པ་ཞིག་ཡོད།

        རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་སྨན་རམས་པ་ཤེས་རབ་བློ་བརྟན་གྱིས་ཏེན་ཚྭ་དང་འགྱེད་འཕྲོ་འགོག་པའི་དབར་གྱི་འབྲེལ་བའི་སྐོར་ངོ་སྤྲོད་བྱས་ཤིང་། མིག་སྔར་རང་ལྗོངས་ཀྱི་ལྟ་ཞིབ་ཚད་འཇལ་འབྲས་བུའི་ཐོག་ནས་འགྱེད་འཕྲོའི་རང་བཞིན་གྱི་སྦགས་བཙོག་ཤོར་མེད་པ་མངོན་པ་དང་མིག་སྔར་ཏེན་ཚྭ་བཟའ་ཚད་མང་དུ་གཏོང་བའམ་ཡང་ན་ཏེན་ལེབ་བཟའ་དགོས་དོན་མེད་པ་མ་ཟད། ཏེན་ཚྭའི་ནང་ཏེན་འདུས་ཚད་ལྟོས་བཅས་ཀྱིས་དམའ་ཙམ་ཡོད་པས་འགྱེད་འཕྲོ་རང་བཞིན་སྔོན་འགོག་བྱེད་པའི་ཏེན་གྱི་ནུས་པ་ཐོན་མི་ཐུབ་པ་དང་ཆབས་ཅིག་ཏེན་ལེབ་ཀྱིས་ཀྱང་འགྱེད་འཕྲོ་རང་བཞིན་གྱི་ཏེན་འགོག་ཐུབ་པ་ཕུད། འགྱེད་འཕྲོའི་རང་བཞིན་གྱི་དངོས་པོ་གཞན་དག་ལའང་ནུས་པ་ཐོན་ཐུབ་ཀྱི་མེད། གལ་སྲིད་དངོས་ཡོད་གནས་ཚུལ་ལ་མ་གཞིགས་པར་མུན་འཐོམས་ངང་ཏེན་ཚྭ་དང་ཏེན་ལེབ་བཟས་དྲགས་ན་ལུས་པོར་གནོད་པ་ལས་ཕན་པ་གང་ཡང་མེད།

        རང་སྐྱོང་ལྗོངས་བཟོ་ཚོང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཁྲོམ་རའི་བརྟག་དཔྱད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཚོང་གཉེར་བྱེད་མཁན་དང་འཛད་སྤྱོད་པར་དྲིལ་བསྒྲགས་བྱ་རྒྱུ་དང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་དངངས་འཚབ་སེམས་ཁམས་སེལ་ཐུབ་པ་བྱ་རྒྱུ་དང་ཁྲོམ་རར་སྐོར་ཞིབ་བྱ་ཤུགས་ཆེ་རུ་བཏང་སྟེ་གོ་སྐབས་དང་བསྟུན་ནས་ཚྭ་གོང་སྤོར་བ་དང་འབེལ་ཉོ་དཀོན་འཚོང་སོགས་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། བཟོ་ལས་ཚྭ་དང་ཏེན་མེད་ཚྭ་བཙོངས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ། ཁྲོམ་རའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་ཚོང་དོན་ཟོག་གོང་སོགས་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་དེ་ཁྲོམ་རའི་མཁོ་སྤྲོད་དང་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱ་རྒྱུ་དང་ཆབས་ཅིག་12315ཡི་འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ནུས་པ་ལེགས་པར་བཏོན་ནས་ཆུ་ཚོད་24ཡི་རིང་ལས་རེས་མི་སྣ་བཞག་སྟེ་མང་ཚོགས་ཀྱི་ཞུ་གཏུག་དུས་ཐོག་ཏུ་དང་ལེན་བྱེད་པ་དང་དུས་ཐོག་ཏུ་ཐག་གཅོད་འོས་འཚམས་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཝུའུ་དབྱིང་ཅེས་སྡེ་ཚན་ཁག་གི་སྙན་ཞུ་གསན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏེན་ཚྭའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲང་ཆིང་ལི་དང་། པད་མ་འཕྲིན་ལས། ཧའོ་ཕུང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པ་ཚང་མས་གལ་ཆེའི་མཛུབ་སྟོན་གནང་ཡོད། མིག་སྔའི་གནས་ཚུལ་ལ་བལྟས་ན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་མྱུར་དུ་སྤེལ་ནས་ཁ་གཏད་ནུས་ལྡན་བཅག་པ་དང་བྱ་ཐབས་འོས་འཚམས་སྤྱད་པས་ཏེན་ཚྭ་ཧབ་ཐོབ་ཀྱིས་ཉོ་བའི་གནས་ཚུལ་དེ་བཀག་འགོག་ནུས་ལྡན་བྱེད་ཐུབ་པ་བྱུང་ཡོད་ཅེས་བསྟན་གནང་བ་རེད།

        ཝུའུ་དབྱིང་ཅེས་རིམ་ཁག་སྲིད་གཞུང་དང་སྡེ་ཚན་གྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། དམངས་འཚོར་དོ་ཁུར་བྱེད་པ། ཞིང་འབྲོག་པའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དོ་ཁུར་བྱེད་པ་བཅས་ཀྱི་མཐོ་ཚད་ཐོག་ནས་ཁྲོམ་རའི་འགུལ་ཚུལ་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་དགོས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་མིའི་འཚོ་བའི་དགོས་ངེས་ཐོན་ཟོག་གཞན་དག་གི་ཁྲོམ་རའི་མཁོ་སྤྲོད་ལས་དོན་དང་རིན་གོང་ཞིབ་བཤེར་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་དང་། ནོར་སྲིད། ཚྭ་ལས་སོགས་སྡེ་ཚན་གྱིས་ཀྱང་རང་སོ་སོའི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།