དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་15ཉིན་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།    འདི་ནི་ཚོགས་འདུའི་ཚོགས་ར་ཡིན་པ།

        འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་ཀྲང་གཞོན་པ་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་རག་སྡིས་ཀྱིས་གསུང་བཤད་གནང་བའི་གནས་ཚུལ་ཡིན་པ།

        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་15ཉིན་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལོ་བདུན་རིང་གི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པ་དང་ཨུ་ཡོན་ལེགས་སྒྲིག་དང་ཁ་གསབ་བརྒྱབ་པ་མ་ཟད། རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་དོན་གྱི་གཙོ་གནད་དང་ཟུང་འབྲེལ་གྱིས་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཁག་འཆར་འགོད་དང་བཀོད་སྒྲིག་ཀྱང་བྱས་ཡོད་པ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་སྐབས་བཅུ་པའི་ཨུ་ཡོན་ཀྲང་གཞོན་པ་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་རག་སྡིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཡིག་ཐོག་གསུང་བཤད་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་། སྲིད་གཞུང་གཞུང་དོན་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་འགོ་ཁྲིད་པ་དང་ཨུ་ཡོན་ལེགས་སྒྲིག་བྱ་རྒྱུ་དང་ཁ་གསབ་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མཆན་འགོད་བཀའ་ལན་སྒྲོག་སྦྱངས་གནང་བ་དང་ཚོགས་འདུའི་ཐོག་བྱམས་པ་ཕུན་ཚོགས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་ལ་ཁ་གསབ་བརྒྱབ་པ་དང་པད་མ་འཕྲིན་ལས་ཀྱིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། རག་སྡིས་དང་པད་མ་འཕྲིན་ལས་ཀྱིས་གསར་དུ་ཁ་གསབ་བརྒྱབ་པའི་ཨུ་ཡོན་ཚོར་མཇལ་དར་བསྒྲོན་པ་དང་འབྲེལ་གདན་ཞུའི་ཡི་གེ་ཡང་གནང་བ་རེད།

        གསུང་བཤད་གནང་རིང་རག་སྡིས་ཀྱིས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ཚུན་གྱི་ལས་དོན་ལ་གདེང་འཇོག་ལེགས་པར་གནང་ཞིང་། ཁོང་གིས་ལོ་བདུན་རིང་ཨུ་ཡོན་ལྷན་ཁང་གིས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་བསྒྲུབས་པ་དང་ཕན་འབྲས་གཟེངས་སུ་ཐོན་པ་ཐོབ་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་མགྱོགས་སུ་དང་དུས་བབ་བརྟན་ལྷིང་ཡོང་རྒྱུར་རྩ་ཆེའི་བསམ་འཆར་དང་གྲོས་འགོ་ཧ་ཅང་མང་པོ་དང་གལ་ཆེའི་ནུས་པ་བཏོན་ཡོད། ད་རེས་ཀྱི་ཚོགས་འདུའི་ཐོག་ཨུ་ཡོན་ལྷན་ཁང་གིས་ཆ་ཤས་ལེགས་སྒྲིག་དང་ཁ་གསབ་བརྒྱབ་ཡོད་པས་ཨུ་ཡོན་རྣམ་པའི་ཐུན་མོང་གི་འབད་བརྩོན་འོག་སྔོན་མའི་ལས་ཀའི་རྨང་གཞིའི་ཐོག་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་དར་སྤེལ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་དོན་དངོས་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་ངེས་ཡིན་པ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        རག་སྡིས་ཀྱིས་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་སྟེ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་དུས་མཚམས་དང་འགག་རྩའི་དུས་སྐབས་ཚང་མར་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་ང་ཚོས་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་འཚོགས་པ་དང་། ན་ནིང་ལོ་འགོར་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་དང་བོད་ཀྱི་ལས་དོན་གྱི་དངོས་ཡོད་དགོས་མཁོར་གཞིགས་ཏེ་ཀྲུང་དབྱང་གིས་སླར་ཡང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་དང་ཐེངས་དེའི་ཚོགས་འདུ་ནི་ང་ཚོའི་ཏང་གི་བོད་སྐྱོང་བའི་ཐབས་ཇུས་རྒྱུན་འཛིན་དང་གོང་འཕེལ་གཏོང་བ་ཞིག་དང་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་ཕྱོགས་སྟོན་ཞིག་རེད་ཅེས་བསྟན་གནང་ཡོད།

        རག་སྡིས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་མུ་མཐུད་གོ་བ་གཏིང་ཟབ་ལེན་པ་དང་། གནད་ལ་འཁེལ་བ་ཞིག་སྟངས་འཛིན་བྱེད་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་བོད་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་གནད་ལ་འཁེལ་བ་ཞིག་སྟངས་འཛིན་དང་བོད་འདི་སྔར་བཞིན་རྒྱལ་ཡོངས་ཀྱི་དར་རྒྱས་མེད་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་དོན་དངོས་ལ་དམིགས་ནས་དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བྱེད་པ་བཅས་ནི་བོད་ཀྱི་འཕེལ་རྒྱས་བློ་འདྲིའི་ལས་དོན་ཚུད་པའི་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་ཆ་རྐྱེན་དང་གཞི་རྩའི་རྩ་དོན་ཡིན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་སྤྱི་ཚོགས་བརྟན་ལྷིང་དང་མཐུན་སྦྱོར་གྱི་རྣམ་པ་བཟང་པོ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ལག་ལེན་ནན་པོ་དང་མཐའ་གཅིག་ཏུ་བསྟར་བ་དང་། གཏན་ལ་ཕབ་པའི་ཐབས་ཇུས་བཀོད་སྒྲིག་ནི་ཚན་རིག་དང་མཐུན་པ་དང་བོད་ཀྱི་དོན་དངོས་དང་འཚམས་པ་ཞིག་ཡོད་ལ་ཪྙོག་འཛིང་ཆེ་བའི་གནད་དོན་བློ་ཐག་ཆོད་པོས་ཐག་གཅོད་བྱས་པ་ར་སྤྲོད་བྱུང་བ་དེའང་བློ་འདྲིའི་ཨུ་ཡོན་རྣམ་པ་ཚོས་ཐབས་དང་ཇུས་ཧུར་ཐག་བཏོན་གནང་བ་དང་འབྲེལ་བ་དམ་ཟབ་ཡོད། སླད་ཕྱིན་གྱི་བློ་འདྲིའི་ལས་དོན་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་ལྟེ་བ་དང་ལྷག་པར་དུ་བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞིའི་རྩ་གནད་ལ་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་ཐབས་ཇུས་དང་བློ་འདྲི་མཁོ་འདོན་བྱེད་དགོས། ཨུ་ཡོན་རྣམ་པས་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པ་དང་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་རྒྱུར་སྔར་ལས་མང་བ་དང་ལེགས་པའི་གྲོས་འགོ་འདོན་རྒྱུ་དང་ཉིན་བཞིན་ཆེ་རུ་འགྲོ་བའི་ནུས་པ་འདོན་རྒྱུའི་རེ་བ་ཞུ་རྒྱུ་ཡིན། བློ་འདྲི་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཁང་གིས་མཐུན་སྦྱོར་ཞབས་ཞུའི་ལས་དོན་མང་པོ་བསྒྲུབས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཀྱང་ཡང་འབད་བསྐྱར་འབད་བྱས་ཏེ་ཨུ་ཡོན་ཚོར་མུ་མཐུད་ཞབས་ཞུ་སྔར་ལས་ལེགས་པ་ཞུ་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        མཇུག་ཏུ་རག་སྡིས་ཀྱིས་རྒྱལ་ཁའི་ངང་གྲོལ་མ་ཐག་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ཟླ་3ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་དང་དེ་བཞིན་ན་ནིང་ཚུན་གྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་བ་དེ་ནི་ང་ཚོར་སྐུལ་ལྕག་དང་སྐུལ་འདེད་ཧ་ཅང་ཆེན་པོ་གནང་བ་ཞིག་ཡིན་པ་མ་ཟད། བོད་ཀྱི་སླད་ཕྱིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཏན་ཏན་ཏིག་ཏིག་བྱེད་དགོས་པའི་བླང་བྱ་བཞི་བཏོན་གནང་ཡོད་པས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལས་ཀ་དངོས་ཀྱི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་བློ་མཐུན་ཀྲང་ཆིང་ལིས་འགོ་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་པ་དང་། སྔར་ལས་ལས་དོན་ཏན་ཏིག་སྒྲུབ་སྟེ་ཏང་བཙུགས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

        བྱམས་པ་ཕུན་ཚོགས་ཀྱི་ཡིག་ཐོག་གསུང་བཤད་དེ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུང་ཕུའུ་ཀོང་གིས་སྒྲོག་སྦྱངས་གནང་ཞིང་། གསུང་བཤད་ནང་ཨུ་ཡོན་ལྷན་ཁང་བཙུགས་ཚུན་ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་དམིགས་ཡུལ་དུ་བརྩི་བ་དང་བོད་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་འོས་འགན་དུ་བརྩིས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་བྱེད་ཐབས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་སྤྱི་ཁོག་ཐད་ནས་བོད་འདི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་བར་བརྟག་དཔྱད་ཇུས་འདོན་བྱས་ཡོད་ལ་བྱེ་བྲག་ཐད་བོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་ཡང་བྱ་ཐབས་བཟང་པོ་ཞིག་བཏོན་ཡོད། ལྷག་པར་དུ་ཨུ་ཡོན་ལྷན་ཁང་སྐབས་གཉིས་པ་བཙུགས་རྗེས་ཀྱི་ལོ་གཉིས་ཀྱི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཨུ་ཡོན་ལྷན་ཁང་བཅས་ཀྱི་འགོ་ཁྲིད་འོག་ཨུ་ཡོན་རྣམ་པས་ལེགས་ཆ་འདོན་སྤེལ་བྱས་ནས་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་བ་དང་། བློ་འདྲིའི་དཔྱད་གཞིའི་རྣམ་གྲངས་གལ་ཆེན་ཐད་ཞིབ་འཇུག་བྱེད་པ། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ། བོད་དྲིལ་བསྒྲགས་བྱེད་པ་སོགས་ལ་ཇུས་འདོན་བློ་འདྲིའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ད་ལྟ་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ་དང་། བློ་འདྲིའི་ཞབས་ཞུའི་ནུས་པ་རིམ་བཞིན་སྟོབས་ཆེར་གྱུར་པ། བློ་འདྲིའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། བློ་འདྲིའི་ཞབས་ཞུའི་ཕན་ནུས་སྔར་བས་མངོན་གསལ་དོད་པོར་གྱུར་པ་བཅས་དང་རང་ངོས་ཀྱི་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་ལ་ཕབ་པ་དང་དམངས་གཙོའི་སྒོ་ནས་ཐབས་ཇུས་གཏན་ལ་ཕབ་པའི་བྱ་རིམ་ཁྲོད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་དང་ཁོང་གིས་འཕེལ་རྒྱས་བློ་འདྲིའི་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དེ་རྩ་བར་བཟུང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ངེས་པར་དུ་དམ་པ་དོན་གཉེར་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་བོད་ཀྱི་དེང་སྐབས་ཀྱི་དོན་དངོས་གཏིང་ཟབ་ངང་ཁོང་དུ་ཆུད་པ་བྱེད་དགོས་པ། ངེས་པར་དུ་འགག་རྩ་དམ་འཛིན་དང་གཙོ་གནད་བཙལ་ནས་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་གལ་འགངས་ཆེ་བའི་གནད་དོན་དང་གནད་འགག་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ། ངེས་པར་དུ་བློ་འདྲིའི་གྲུབ་འབྲས་སྒྱུར་ཤུགས་དང་མྱུར་ཚད་ཆེ་རུ་གཏོང་དགོས་པ་བཅས་ཡིན་་ཞེས་ནན་བཤད་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”དམིགས་ཚད་ལས་འགན་ངོ་སྤྲོད་གནང་ཞིང་། ཁོང་གིས་དེང་སྐབས་ཀྱི་བོད་དུ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་ཁམས་བདེ། མཐའ་སྲུང་སྲ་བརྟན་བཅས་ཀྱི་ཐད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཨུ་ཡོན་རྣམ་པས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོར་དམ་པོར་དམིགས་ནས་ནུས་པ་སྔར་བས་འདོན་སྤེལ་དང་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་རང་རྐྱ་འཕེར་བའི་སྒོ་ནས་བསམ་གཞིགས་བྱེད་པ་དང་དངོས་ཐོག་བདེན་འཚོལ་བྱེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། བློ་འདྲིའི་དཔྱད་གཞིའི་སྐོར་གྱི་ཞིབ་འཇུག་སྔར་བས་ཡག་པོ་བྱེད་པ། བློ་འདྲིའི་ཞིབ་འཇུག་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་སོགས་བྱས་ནས་བློ་འདྲིའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཇུས་འདོན་པའི་ལས་རོགས་པ་ཡག་པོ་ཞིག་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་ཆེད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་མཐུན་སྦྱོར་གྱི་བརྒྱུད་རིམ་ཁྲོད་ཡུན་རིང་བདེ་འཁོད་ཡོང་བར་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཨུ་ཡོན་རྣམ་པའི་བསམ་འཆར་དང་གྲོས་འགོ་ཡག་པོ་རྣམས་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་ཁག་གི་ནང་མངོན་པར་བྱས་ནས་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་ཁག་ཚན་རིག་གི་ཆོས་ཉིད་དང་སྔར་བས་འཚམས་པ་དང་བོད་ཀྱི་དོན་དངོས་དང་སྔར་བས་འཚམས་པ་བྱ་རྒྱུ་དང་ཀྲུང་དབྱང་གི་དགོངས་དོན་དང་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་དང་སྔར་བས་འཚམས་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ད་དུང་ཚོགས་འདུའི་ཐོག་ཨུ་ཡོན་རྣམ་པས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་དང་དེ་བཞིན་གོམ་སྟབས་རྗེས་མའི་བློ་འདྲིའི་ཞབས་ཞུའི་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུན་ཧུང་ལིས་ཕྱི་དྲོའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་སྐབས་བཅུ་པའི་ཁོར་ཡུག་ཐོན་ཁུངས་ཨུ་ལྷན་གྱི་ཀྲུའུ་རེན་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མའོ་རུའུ་པའེ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་དང་རྡོ་རྗེ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་གཙོ་འགན་འཁུར་མཁན་ལྷག་པ་ཕུན་ཚོགས་སོགས་འགོ་ཁྲིད་པ་དང་། ཨུ་ཡོན། གཞུང་ལས་ཁང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།