མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས་པེ་ཅིང་དུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་བཅས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས་ང་ཚོས་ངེས་པར་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་ ཕྱིན་ཆད་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན་དང་། བརྟན་ལྷིང་ལ་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན། དམངས་འཚོར་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན། གཞི་རིམ་ལ་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་ཚུགས་ཐུབ་པ་དང་གོམ་པ་ཡག་པོ་སྤོ་རྒྱུའི་འགན་ལེན་བྱས་ཐོག་ཕྱིན་ཆད་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲང་ཆིང་ལིས་ཟླ་3ཚེས་6ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས་ང་ཚོར་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཐོག་ཏན་ཏན་ཏིག་ཏིག་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་མཐུན་སྦྱོར་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་བཏང་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ནང་གོམ་སྟབས་དེ་བས་ཆེ་བ་ཞིག་སྤོ་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེར་བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེ་བས་བོད་ཀྱི་ལས་དོན་ཐད་ཀྲུང་དབྱང་གིས་ཚད་མཐོའི་ཐུགས་ཁུར་གནང་ལུགས་མཚོན་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་པས་ང་ཚོས་འདི་ལོ་དང་ཐ་ན “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་དོན་ཁག་ལེགས་པར་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། དེང་སྐབས་དང་སླད་ཕྱིན་སྐབས་ཤིག་རིང་རང་ལྗོངས་ཀྱི་ལས་འགན་གལ་ཆེན་ཞིག་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་རེད།
བྱ་སྤྱོད་ངོ་མའི་ཐོག་ནས་ད་རེས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུའི་སྐོར་གླེང་སྐབས་ཀྲང་ཆིང་ལིས་གཅིག་ནི་འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་དང་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་རེད། ཞིབ་ཕྲར་དམ་འཛིན་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གཙོ་གནད་རྣམ་གྲངས་དང་ལས་དོན་ལ་དམ་འཛིན་ཡག་པོ་ཧུར་ཐག་བྱས་ཏེ་ཉིན་མ་རེ་རེ་བཞིན་རྩིས་རྒྱག་པ་དང་། རྣམ་གྲངས་རེ་རེ་བཞིན་སྒྲིག་པ། བྱ་བ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་ཐུབ་པ་བྱེད་དགོས་པ་དང་། གཙོ་གནད་མངོན་གསལ་དོད་པོར་འཇོག་པ་དང་ཁྱད་ལྡན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་། ཁྱད་ལྡན་གཏེར་རྫས་ཐོན་ལས། ཁྱད་ལྡན་ཡུལ་སྐོར་ལས་རིགས། བོད་ལུགས་གསོ་རིག་སོགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས་པ། དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཁག་གཅིག་ལ་དམ་འཛིན་ནན་པོ་བྱེད་པ་དང “བདེ་སྡོད་ལས་བརྩོན ”གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་ཧུར་ཐག་བཏང་སྟེ་ཉམས་མྱོང་ཕྱོགས་སྡོམ་དང་། དུས་བསྟུན་མདུན་སྐྱོད། དམ་འཛིན་མཐར་ཕྱིན་པ་བྱེད་པ། ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱེད་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་དང་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་མཐོང་ཐུབ་པ་བྱེད་དགོས། གཉིས་ནི་བརྟན་ལྷིང་ལ་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཡོངས་ཀྱི་བརྟན་ལྷིང་དང་། བོད་ཀྱི་བདེ་འཇགས་དེ་རྒྱལ་ཡོངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ང་ཚོས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཕྱོགས་མཚུངས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་སྤྱོད་རྒྱུ་མཐའ་འཁྱོངས་དང་སྔ་ཕྱི་བར་གསུམ་དུ་བསམ་བློའི་ཐོག་ཚད་མཐོའི་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་སྔོན་འགོག་ནན་པོ་དང་རྡུང་རྡེག་དྲག་པོ་བཏང་སྟེ་འགལ་བ་ཞིབ་བཤེར་དང་སེལ་བའི་ལས་དོན་ནན་ཏན་ངང་སྒྲུབ་པ་དང་། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་ཞིབ་ཕྲ་སྒྲུབ་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱ་ཁྱབ་ཏུ་དམ་འཛིན་ལེགས་པར་བྱེད་པ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་མང་ཚོགས་ཚོས་ཡིན་མིན་གསལ་འབྱེད་ཐུབ་པ་བྱེད་པ་དང་། བོད་གསར་ཪྙིང་བསྡུར་བ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མང་ཚོགས་ཚོར་བོད་ཪྙིང་པའི་སྡུག་བསྔལ་དང་བོད་གསར་པའི་བདེ་སྐྱིད་ཤེས་པ་དང་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པའི་གནད་ལུགས་ཤེས་པ་བྱེད་དགོས་པ། “ཁ་འབྲལ་ཐབས་མེད་པ་གསུམ ”དང “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི ”སློབ་གསོ་ཤུགས་ཆེན་བཏང་ནས་མང་ཚོགས་ཚོས་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ཀྱི་འཚོ་བར་དེ་བས་གཅེས་སྤྲས་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་བསམ་བློའི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལྕགས་དང་ངར་ལྕགས་ཀྱི་ལྕགས་རི་ཞིག་འཛུགས་དགོས། གསུམ་ནི་དམངས་འཚོར་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན། ཚན་རྩལ། ལས་ཞུགས། སྤྱི་ཚོགས་འགན་ལེན་སོགས་ལས་དོན་ཁག་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ་། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་མང་ཚོགས་ཚོར་སྒྱུར་བཅོས་དང་སྒོ་དབྱེའི་གྲུབ་འབྲས་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་སྐྱེལ་ཐུབ་པ། ཕན་པ་དེ་བས་མང་བ་ཐོབ་ཐུབ་པ་བཅས་བྱེད་དགོས། བཞི་ནི་གཞི་རིམ་ལ་དམ་འཛིན་བྱ་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ནོར་ཤུགས་དང་། དངོས་ཤུགས། སེམས་ནུས་བཅས་དེ་བས་མང་བ་ཞིག་གཞི་རིམ་ལ་ཕྱོགས་ཏེ་འགོ་ཁྲིད་མི་སྣ་ལེགས་པར་འདེམས་པ་དང་། འགོ་ཁྲིད་ཚན་ཁག་དོ་དམ་ཡག་པོ་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བཅས་བྱས་ཏེ་བྱ་བ་སྒྲུབ་མཁན་ཡོད་པ་དང་། བྱ་བ་སྒྲུབ་པའི་དངུལ་ཡོད་པ། བྱ་བ་བསྒྲུབ་རྒྱུར་གཞི་འཛིན་ས་ཡོད་པ་བཅས་བྱེད་ཐུབ་པ་བྱེད་དགོས། གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་རང་ལྗོངས་ཀྱི་གཞི་རིམ་དང་རྨང་གཞིའི་ལས་དོན་དེ་བས་བརྟན་དུ་བཏང་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་སྙིང་གཏམ་ལྷག་བསམ་ཟོལ་མེད་ངང་ཉན་པ་དང་མང་ཚོགས་ལ་དཀའ་ངལ་སེལ་རོགས་ཏན་ཏིག་བྱས་ཏེ་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་སྒྲུབ་པ་དང་། ལས་བཟང་སྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱས་ཐོག་གནས་ཚུལ་ནི་གཞི་རིམ་ནས་ཤེས་པ་དང་། གནད་དོན་ནི་གཞི་རིམ་དུ་ཐག་གཅོད་བྱེད་པ། འགལ་བ་ནི་གཞི་རིམ་དུ་སེལ་བ། ལས་དོན་དེ་གཞི་རིམ་དུ་སྐུལ་མ་གཏོང་བ། བརྩེ་སེམས་དེ་གཞི་རིམ་དུ་འཆང་བ་བཅས་བྱེད་ཐུབ་པ་བྱས་ཏེ་ལས་དོན་ཁག་ལ་སྐུལ་མ་ཧུར་ཐག་གཏོང་དགོས་པ། ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་བྱེད་སྒོ་སྤེལ་རིང་བོད་ཀྱི་ལས་དོན་ཐད་ཀྱི་ཏང་གི་མཛུབ་ཁྲིད་བསམ་བློ་དང་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་ཁག་དྲིལ་བསྒྲགས་ཤུགས་ཆེན་དང་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དྲིལ་བསྒྲགས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྔོན་ཆད་མི་བརྗེད་པ་དང་། ད་ལྟ་ལེགས་པར་སྒྲུབ་པ། འབྱུང་འགྱུར་གྱི་འཆར་གཞི་ལེགས་པར་འགོད་པ་བཅས་བྱེད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།