དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བློ་མཐུན་ཀྲང་གོ་ཧྭ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཕུལ་བའི་འཕྲིན་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        (2014ལོའི་ཟླ་11ཚེས་5ཉིན )

        ང་ཚོའི་གུས་ཤིང་བརྩེ་བའི་དེ་སྔའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། བོད་དམག་ཁུལ་ཁང་གི་སི་ལིང་ཡོན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་མཐུན་ཀྲང་གོ་ཧྭ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་སྐབས་དོན་སྣ་ཚོགས་ཀྱིས་རྐྱེན་པས་ང་རང་ཚོགས་འདུར་ཞུགས་མ་ཐུབ་པས་བློ་ཕམ་ཆེན་པོ་བྱུང་། ཆེད་མངགས་འཕྲིན་ཡིག་འདི་ཕུལ་ནས་དད་གུས་དང་དྲན་གསོའི་སེམས་པ་མཚོན་པར་བྱ་རྒྱུ་ཡིན།

        བློ་མཐུན་ཀྲང་གོ་ཧྭ་ནི་ཉམས་སད་ཡུན་རིང་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གུས་བཀུར་ཆེན་པོ་ཞུ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན་རྒན་གྲས། མཛད་རྗེས་ཆེ་ཞིང་སྤྱོད་གྲགས་གཉིས་ལྡན་གྱི་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་གསར་གཏོད་པ་དང་སྣེ་ཁྲིད་པ་གཙོ་བོ་བཅས་ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པའི་ནང་བླ་ན་མེད་པའི་སྙན་གྲགས་ལྡན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གུས་བརྩེ་ཚད་མེད་དང་སྙིང་ཐག་པ་ནས་གུས་བཀུར་ཞུ་ཡི་ཡོད།

        བོད་ནི་གནའ་སྔ་མོ་ནས་བཟུང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་གོ་གསར་པ་བཙུགས་ནས་ཡུན་རིང་མ་སོང་བའི་1949ལོའི་ཟླ་12པར་མའོ་ཀྲུའུ་ཞིས “བོད་དུ་དཔུང་སྐྱོད་སྔ་བ་ལས་ཕྱི་མི་རུང ”ཞེས་པའི་མཛུབ་སྟོན་གནང་བ་དང་། 1950ལོའི་ཟླ་དང་པོར་ལྷོ་ནུབ་ཅུས་ཀྱི་བློ་མཐུན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་གིས་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་མཛུབ་སྟོན་ལྟར་བོད་བཅིངས་འགྲོལ་གཏོང་བའི་དཀའ་ཚེགས་ལས་འགན་དེ་བློ་མཐུན་ཀྲང་གོ་ཧྭ་དང་ཐན་ཀོན་སན་གྱིས་སྣེ་ཁྲིད་གནང་བའི་དམག་སྡེ་བཅོ་བརྒྱད་པར་གནང་བ་རེད། དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གིས་ཀྲུང་དབྱང་གི་བཀའ་རྒྱ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་དེ་ནས་བཟུང་དམག་སྡེ་བཅོ་བརྒྱད་པ་གཙོ་ཤུཌ་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གིས་སི་ཁྲོན་དང་། མཚོ་སྔོན། ཤིན་ཅང་། ཡུན་ནན་བཅས་ཕྱོགས་བཞི་ནས་དཔུང་སྐྱོད་བྱས་ཏེ་བོད་བཅིངས་འགྲོལ་གཏོང་བའི་རླབས་ཆེན་ལམ་བུར་སྐྱོད་འགོ་ཚུགས་པ་རེད། བོད་དུ་དཔུང་སྐྱོད་དང་བོད་ཞི་བས་བཅིངས་འགྲོལ་གཏོང་རིང་བློ་མཐུན་ཀྲང་གོ་ཧྭ་དང་ཐན་ཀོན་སན་གྱིས་སྣེ་ཁྲིད་གནང་བའི་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གིས་མའོ་ཀྲུའུ་ཞིའི “བོད་དུ་དཔུང་སྐྱོད་བྱེད་པར་ས་གནས་ནས་མི་ཟ་བ ”དང “བོད་དུ་གནད་དོན་གང་འདྲ་ཞིག་ལ་བསམ་གཞིག་བྱེད་སྐབས་དང་ཐོག་མི་རིགས་དང་ཆོས་ལུགས་ཀྱི་དོན་ཆེན་གཉིས་པོར་བསམ་བློ་གཏོང་བ་དང་ལས་དོན་ཐམས་ཅད་ངེས་པར་དུ་གཟབ་ལྷིང་བརྟན་སྐྱོད་བྱེད་དགོས་པ ”དང་བློ་མཐུན་ཏེང་ཞའོ་ཕིང་གི “སྲིད་ཇུས་ལ་བརྟེན་ནས་སྐྱོད་པ་དང་སྲིད་ཇུས་ལ་བརྟེན་ནས་བྱ་ཐབས་སྤྱོད་པ ”སོགས་ཀྱི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ “གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི ”སྙིང་སྟོབས་དར་སྤེལ་བཏང་ནས་གནམ་གཤིས་གྲང་ཞིང་གསོ་རླུང་མི་འདང་བ་དང་། འགྲོ་ལམ་ཉེན་ཁ་ཆེ་བ། དངོས་རྫས་མི་འདང་བ། འཐབ་རྩོད་རྙོག་འཛིང་ཆེ་བ་སོགས་བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་གངས་རི་བརྒལ་བ་དང་། ལ་རྒྱབ་ཀླུང་སྒྲོལ། བཀྲེས་ལྟོགས་བཟོད་པ། འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། རང་སྲོག་བློས་གཏོང་བ། རྒྱལ་ཁབ་ཀྱི་ཆེད་དུ་ལུས་ངག་ཡིད་གསུམ་འབུལ་བ་བཅས་བྱས་ཡོད། ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྲིད་ཇུས་དཔེ་བཟང་གི་སྒོ་ནས་ལག་ལེན་བསྟར་བ་དང་བོད་རིགས་མི་དམངས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་ཆོས་ལུགས་དད་པར་བརྩི་འཇོག་གང་ལེགས་བྱས་ཏེ་དཔུང་སྐྱོད་བྱེད་ཀྱིན་དུ་ལམ་བཟོ་བ་དང་། རྒྱལ་གཅེས་ཡར་ཐོན་གྱི་སྟོབས་ཤུགས་མཐུན་སྒྲིལ་དང་བརྩོན་ལེན་བྱེད་ཀྱིན་དུ་མང་ཚོགས་ཀྱི་ལས་དོན་བསྒྲུབས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་བརྩེ་བ་ཟབ་མོ་ཆགས་པ་བྱས་ཏེ་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་ནས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་དང་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཆགས་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་དེ་མི་ཚང་གཅིག་ལྟར་དང་མའོ་ཀྲུའུ་ཞིས “དམག་དམངས་རྡོག་རྩ་གཅིག་སྒྲིལ་ཁྱིམ་གཅིག་འདྲ། ལྟོས་དང་གནམ་འོག་འགྲན་ཟླ་སུ་ཡིས་ཕོད ”ཞེས་པའི་མཛུབ་སྟོན་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བྱས་ཡོད། དཀའ་སྤྱད་འཐབ་རྩོད་དང་ངང་རྒྱུད་རིང་པོས་ལས་དོན་སྒྲུབ་པ་དང་ཆབས་ཅིག་བསམ་ཡུལ་ལས་འདས་པའི་བློས་ཆེན་པོ་བཏང་མཐར་བོད་དུ་དཔུང་སྐྱོད་དང་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་རླབས་ཆེན་ལོ་རྒྱུས་ལས་འགན་རྒྱལ་ཁའི་ལེགས་སྒྲུབ་བྱས་པ་དང་ནམ་ཡང་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་རླབས་ཆེན་ལོ་རྒྱུས་མཛད་རྗེས་གཏོད་ཡོད།

        ང་ལ་བག་ཆགས་ཟབ་མོ་ཞིག་བྱུང་བ་ནི་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་གནང་བའི་གཟི་བརྗིད་ཆེ་ཞིང་དཀའ་ཚེགས་ཆེ་བའི་བོད་དུ་དཔུང་སྐྱོད་ཀྱི་ལས་འགན་ལེགས་པར་སྒྲུབ་ཆེད་དང་ཐོག་སྐད་བརྡའི་འགལ་རྐྱེན་སེལ་བ་དང་བོད་རིགས་སྤུན་ཟླ་དང་འབྲེལ་གཏུག་ལེགས་པར་བྱས་ནས་ལས་དོན་སྤེལ་བ་དང་བོད་སྐྱོད་བཅིངས་འགྲོལ་དམག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་བོད་སྐད་ཡིག་སྦྱོང་སྤྱོད་བྱེད་པ་དང་འབྲེལ་དེ་ཆབ་སྲིད་ལས་འགན་དང་ལྕགས་ལྟར་གྱི་སྒྲིག་ལམ་ལ་བརྩིས་ནས་ལག་ལེན་བསྟར་ཡོད། སྙིང་རུས་ཆེན་པོས་སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད་བོད་སྐྱོད་དཔོན་དམག་ཁག་གཅིག་གི་བོད་སྐད་ཡིག་ཆུ་ཚད་ཧ་ཅང་མཐོ་བ་དང་བོད་ཡིག་བྱང་ཆུབ་པ། བོད་ཀྱི་ལོ་རྒྱུས་དང་རིག་གནས་རྒྱུས་མངའ་ཆེ་བ་བཅས་བྱུང་ཡོད་པས་ང་ཚོ་དངོས་འབྲེལ་ཧང་སངས་པ་དང་ཡིད་སྨོན་སྐྱེས་བྱུང་།

        བློ་མཐུན་ཀྲང་གོ་ཧྭ་ཡི་གསར་བརྗེའི་ཕུགས་བསམ་དད་སེམས་བརྟན་པ་དང་། ཀུན་སྤྱོད་མཆོག་ཏུ་གྱུར་བ། ཏང་ལ་བློ་དཀར་སེམས་དཀར་ཚད་མེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་བཅས་བྱས་ནས་བྱ་གཞག་སྒྲུབ་སེམས་ཆེན་པོ་དང་ཚད་མཐོའི་འགན་འཁྲིའི་སེམས་པའི་ཐོག་ནས་སེམས་ནུས་ཡོད་རྒུ་དང་འབད་འཐབ་ལྷོད་མེད་བྱས་ཏེ་རང་དོན་རྒྱབ་སྐྱུར་ངང་ལས་དོན་སྒྲུབ་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཡོད། ཁོང་གིས་རང་ཉིད་ནན་གཅུན་བྱེད་པ་དང་། འཚོ་བ་ཐབས་ཆག་སྐྱེལ་བ། བརྩོན་བསྲིས་སྤྱོད་བཟང་། དཔོན་བྱེད་སྤྱོད་གཙང་བཅས་ཀྱི་སྒོ་ནས་བོད་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ལ་སྣེ་ཁྲིད་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱིས་བོད་ལ་དཔུང་སྐྱོད་དང་། ཞི་བའི་བཅིངས་འགྲོལ། ངོ་ལོག་ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར་བཅས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཡར་ལངས་བཅིངས་འགྲོལ་དང་། རང་ཁྱིམ་རང་བདག རིམ་ཁག་མི་དམངས་སྲིད་དབང་འཛུགས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྦྱོང་། རྒྱ་གར་དང་རང་སྲུང་རྒོལ་ལན་གྱི་དམག་འཁྲུག་དང་། མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོང་། ལྷོ་ནུབ་མཐའ་མཚམས་བརྟན་གཏོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཤུགས་སྣོན། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་དང་དར་རྒྱས་ཡར་རྒྱས་བཅས་ཀྱི་ཆེད་དུ་ཐུགས་ནུས་ཡོད་རྒུ་ཕུལ་བ་དང་སུབ་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

        ལྷག་པར་དུ་བློ་མཐུན་ཀྲང་གོ་ཧྭ་དང་ཐན་ཀོན་སན་སོགས་བློ་མཐུན་གྱིས་ཚབ་གནང་བའི་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་དཀའ་སྤྱད་ཚད་མེད་ངང་བོད་དུ་དཔུང་སྐྱོད་བྱེད་རིང་ལུས་སྲོག་དང་ཁྲག་དྲོན་ལེགས་སྐྱེས་སུ་ཕུལ་བ་དང་། བསམ་ཡུལ་ལས་འདས་པའི་དཀའ་སྡུག་ཆེན་པོ་ཐེག་པ་དང་དེ་ལས་རྣམ་པར་རྒྱལ་སྟེ “སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ ”བཅས་ཀྱི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”གཏོད་པ་དང་འབྲེལ་དཔེ་བཟང་སྒོ་ནས་ལག་ལེན་བྱས་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཐོག་ནས་ང་ཚོའི་ཏང་གི “བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི ”རྩ་བའི་དམིགས་ཡུལ་གང་ལེགས་མངོན་པ་དང་། བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་ཏང་ལ་བློ་དཀར་སེམས་དཀར་ཚད་མེད་དང་། མེས་རྒྱལ་ལ་དགའ་ཞེན་ཚད་མེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཚད་མེད་བཅས་འཆང་བ་མཚོན་པ། རང་རེའི་ཏང་དང་རང་རེའི་དམག་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མངོན་པ། གསར་བརྗེའི་དམག་མིའི་ལྟེ་བའི་རིན་ཐང་ལྟ་བ་མཚོན་ཡོད། དེར་བརྟེན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བཅིངས་འགྲོལ་དམག་ལ་བཅངས་པའི་བརྩེ་སེམས་དམིགས་བསལ་དང་བཅོས་མིན་ཡིན་པ་དང་སྙིང་སྟོབས་དེ་དག་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མི་རབས་ནས་མི་རབས་བར་གྱིས་སེམས་ཤུགས་ཡོད་རྒུས་བོད་ཀྱི་གསར་བརྗེ་དང་བྱ་གཞག་འཛུགས་སྐྲུན་ནང་ཞུགས་རྒྱུར་ཡང་སྐུལ་མ་ཐེབས་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ནི་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་“བོད་སྐྱོད་པ་རྒན་གྲས ”རྣམས་ཀྱིས་ང་ཚོར་བཞག་པའི་བླ་ན་མེད་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ནམ་ཡང་བློ་ལ་བརྟན་པོ་ངེས་ཏེ་སློབ་སྦྱོང་དང་དར་སྤེལ་སྔར་བས་ཤུགས་ཆེ་དང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་གཏོང་དགོས།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ལྷག་ཙམ་སོང་བར་ཕྱིར་མིག་ལྟ་སྐབས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་ས་ཆ་གང་སར་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་བོད་ཀྱི་མི་སེར་ཚང་མའི་ལས་དབང་དང་འཚོ་བར་ཆེས་མཐར་ཕྱིན་དང་ཆེས་རྩ་བའི་འགྱུར་ལྡོག་བྱུང་ཡོད། ངས་རང་ཉིད་ཀྱི་ལོ་བཅུ་གྲངས་ཀྱི་ལས་ཀའི་ལག་ལེན་དང་མྱོང་བ་དངོས་ནས་སྐད་ཆ་ཚིག་ལྔ་ཕྱོགས་སྡོམ་བྱས་པ་སྟེ། བོད་དེ་མུན་ནག་ནས་འོད་ཟེར་བར་དང་། རྗེས་ལུས་ནས་ཡར་ཐོན་བར། དབུལ་ཕོངས་ནས་ཕྱུག་པོའི་བར། སྲིད་དབང་སྒེར་འཛིན་ནས་དམངས་གཙོའི་བར། སྒོ་རྒྱག་ནས་སྒོ་དབྱེའི་བར་བཅས་ཀྱི་ཕྱོགས་སུ་སྐྱོད་པ་དེ་རེད། དེང་སྐབས་རྒྱལ་སྲིད་དར་ཞིང་འགྲོ་ཀུན་བདེ་བ་དང་། ལས་རིགས་ཀུན་དར། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་རྒྱས། དུས་བབ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམག་དམངས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན་བཅས་དང་། མི་དམངས་བདེ་སྡོད་ལས་བརྩོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་ཞིག་མི་རྣམས་ཀྱི་མིག་མདུན་དུ་མངོན་ཡོད།

        “ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་། ཡར་ལངས་ཐོབ་སྐབས་གུང་ཁྲན་ཏང་བརྗེད་མི་རུང ”སྐབས་འདིར་ང་ཚོས་བློ་མཐུན་ཀྲང་གོ་ཧྭ་སོགས་ཀྱིས་མཚོན་པའི་བོད་དུ་དཔུང་སྐྱོད་དང་། ཞི་བས་བཅིངས་འགྲོལ། ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར། རིམ་ཁག་མི་དམངས་སྲིད་དབང་བཙུགས་པ། དེ་བཞིན་སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་དང་བདེ་སྐྱིད་ཁམས་བདེ་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད་ཁྲག་དྲོན་དང་། ལང་ཚོ། ཚེ་སྲོག་བཅས་འབུལ་མཁན “གསར་བརྗེ་བ་རྒན་གྲས ”དང “བོད་སྐྱོད་པ་རྒན་གྲས ”ཚོ་ལྷག་པར་དྲན་གྱི་འདུག ཁོང་རྣམ་པའི་ཁྲག་འདོན་དམར་འཛིང་དང་འགོག་རྒོལ་ཞུམ་མེད་མེད་ཚེ་བོད་ལ་ད་ལྟའི་དར་རྒྱས་བརྟན་ལྷིང་གི་དུས་བབ་ཡག་པོ་ཡོང་མི་སྲིད་ལ་ཁོང་རྣམ་པའི་དཀའ་སྤྱད་འཚོལ་ཞིབ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་མེད་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ད་ལྟའི་ཞི་མཐུན་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ཡོང་མི་སྲིད། བོད་མི་དམངས་ཀྱིས་དུས་ནམ་ཡང་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་རྣམ་པ་དུས་གཏན་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་སུ་གནས་ཡོད།

        དེང་སྐབས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་རྒྱ་ཆེའི་ཏང་སྲིད་དམག་ཉེན་དམངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བའི་ལག་ལེན་རླབས་ཆེན་ཁྲོད་ཧུར་ཐག་ཞུགས་པ། ཡིད་ཆེས་ཆེན་པོ་དང་གོམ་སྟབས་བརྟན་པོ། ལས་དོན་ཏན་ཏིག་དང་འབད་འབུངས་ཆེར་སྐྱེད་བཅས་ཀྱི་སྒོ་ནས་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་དང་བོད་སྐྱོད་པ་རྒན་གྲས་ཚོས་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏོང་སླད་འབད་བརྩོན་ཟམ་མི་ཆད་པར་བྱེད་བཞིན་ཡོད། འདི་ནི་བློ་མཐུན་ཀྲང་གོ་ཧྭ་ཐུགས་བདེ་ཡོང་བའི་བྱེད་སྟངས་ཡག་ཤོས་ཀྱང་ཡིན་པ་རེད།

        བློ་མཐུན་ཀྲང་གོ་ཧྭའི་བྱས་རྗེས་ཆེན་པོ་ནམ་ཡང་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་པ་དང་། བློ་མཐུན་ཀྲང་གོ་ཧྭའི་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་ཕུགས་བསམ་གྱི་དད་སེམས་དང་། བླ་ན་མེད་པའི་གསར་བརྗེའི་ཀུན་སྤྱོད་མཛད་གཤིས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་བཅས་ནི་ང་ཚོས་དུས་གཏན་དུ་རྗེས་དྲན་དང་སློབ་སྦྱོང་བྱེད་འོས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།