དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྲིད་ཇུས་གསལ་འགྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        དང་པོ།    གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

        ལན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་2009ལོའི་ལོ་འཇུག་ལ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་ལག་བསྟར་བྱེད་འགོ་ཚུགས་པ་དང་། 2011ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལག་བསྟར་བྱེད་འགོ་ཚུགས་པ་མ་ཟད་ལམ་ལུགས་གཉིས་པོ་རང་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་དེ་ནི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གནད་དོན་ཐག་གཅོད་ཐུབ་ཡོད་པ་དང་མང་ཚོགས་ཚོའི་འབྱུང་འགྱུར་གྱི་རྒན་གསོའི་སེམས་ཁྲལ་སེལ་ཐུབ་ཡོད་པ་རེད། ཡིན་ནའང་ལམ་ལུགས་གཉིས་པོའི་རྨང་གཞིའི་རྒན་གསོའི་ཐོབ་ཐང་དང་། འབྲེལ་བ་བསྒྱུར་མཐུད། གྲོང་ཚོ (སྡེ་ཁུལ )ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་སྲིད་གཞུང་གིས་སྤྲོད་པའི་ཁ་གསབ་ཚད་གཞི། ཡུན་རིང་འཇལ་བ་དང་མང་ཙམ་འཇལ་བའི་ འབོད་སྐུལ་ལམ་སྲོལ་སོགས་ཕྱོགས་གང་ཅིའི་ཐད་གཅིག་མཐུན་དེ་ཙམ་མེད། དེས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་གཏོང་བའི་ལམ་སྲོལ་འཐུས་ཚང་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་འདྲ་མཉམ་ཐོག་ནས་དེང་རབས་ཅན་གྱི་འཕེལ་རིམ་ནང་ཐོབ་པའི་བྱ་གཞག་ཁག་གི་གྲུབ་འབྲས་མཉམ་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་དུ་མངོན་འགྱུར་ཡོང་ཆེད་ལྗོངས་ཡོངས་སུ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་སྐྱོང་བྱས་པ་ཡིན།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནི་དེ་སྔོན་ལག་བསྟར་བྱེད་བཞིན་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཁག་གཉིས་ཟླ་སྒྲིལ་བཏང་བའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཀྱིས་བཙུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཞིག་ཡིན། ལམ་ལུགས་འདི་2014ལོའི་ཟླ་བ་7པའི་ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་སུ་ལག་བསྟར་བྱེད་རྒྱུ་ཡིན།

        གཉིས་པ།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་པར་གལ་ཆེའི་དོན་སྙིང་གང་ལྡན་ནམ།

        ལན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི “གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་དེ་གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་གཏོང་དགོས ”ཞེས་པའི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་སྒྲིག་གཞི་དང་འཁོར་རྒྱུག་གནས་ཚུལ་ལ་དཔྱད་དཔོག་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད་ལམ་ལུགས་ཁྱབ་རྒྱ་ཆེ་བ་དང་། མྱུར་ཚད་མགྱོགས་པ། མང་ཚོགས་ཕལ་ཆེ་བར་ཕན་པ་དངོས་ཐོབ་པ་སོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ཡོད་པ་དང་སྦྲགས་གང་མགྱོགས་ཐག་གཅོད་བྱེད་དགོས་པའི་འགལ་ཟླའི་གནས་ཚུལ་ཁག་གཅིག་ཤེས་རྟོགས་བྱུང་ཡོད། ལྷག་པར་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཁག་སོ་སོར་ལག་བསྟར་བྱེད་སྐབས་འབྲེལ་ཡོད་སྲིད་ཇུས་གཅིག་མཐུན་དེ་ཙམ་མེད་པ་དང་ཚད་གཞི་མཐོ་དམན་མི་སྙོམས་པ། དེ་མིན་དོ་དམ་ཐོན་ཁུངས་ཁ་ཐོར་ཡིན་པ་སོགས་ཀྱི་འགལ་ཟླའི་གནས་ཚུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ནང་ཁོངས་དང་ལས་བཟོའི་རྒན་གསོའི་འགན་བཅོལ་ལམ་ལུགས་དབར་སྦྲེལ་མཐུད་ཀྱི་སྲིད་ཇུས་བཙུགས་མེད་པར་བརྟེན་ངལ་ནུས་དང་མི་འབོར་འཕར་ཆག་བརྒྱུད་རིམ་ཁྲོད་ཁེ་དབང་འགན་སྲུང་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད། གོང་གསལ་གནས་ཚུལ་འདི་དག་ནང་འགའ་རེ་ཐོག་མའི་ལམ་ལུགས་འཆར་འགོད་དང་འཛུགས་སྐྱོང་སྐབས་སུ་འཕྲད་ཡོད་པ་དང་དེ་དུས་ཐག་གཅོད་བྱེད་ཐུབ་པའི་ཆ་རྐྱེན་ཞན་པ། འགའ་རེ་ལམ་ལུགས་ལག་བསྟར་འཕེལ་རྒྱས་གཏོང་བའི་སྐབས་སུ་ཐོན་པའི་གནས་ཚུལ་ཡིན། གལ་ཏེ་གང་མགྱོགས་ཐག་གཅོད་མ་བྱས་ཚེ་ལམ་ལུགས་ཀྱི་ཕན་ནུས་འདོན་སྤེལ་བྱ་རྒྱུར་བཀག་འགོག་ཀྱང་ཡོང་སྲིད། དེར་བརྟེན་ང་ཚོས་ལག་ལེན་ཁྲོད་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་དང 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར 》གཞིར་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཟླ་སྒྲིལ་གཏོང་རྒྱུའི་གྲོང་གཞི་བཏོན་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་མཆོག་ནས་ལམ་ལུགས་ཁག་གཉིས་གཞི་གཅིག་ཏུ་སྒྲིལ་ནས་ལག་བསྟར་བྱ་རྒྱུར་བཀའ་འཁྲོལ་གནང་ཡོད། དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

        གཅིག འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་སྤྱི་ཚོགས་འགན་བཅོལ་ཁྲིམས་སྲོལ་དོན་འཁྱོལ་གཏོང་བའི་གལ་ཆེན་བྱ་སྤྱོད་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག “གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་དེ་གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་གཏོང་དགོས ”ཞེས་རེ་བ་འདོན་ཡོད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཙོ་དོན་སྟེ་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཟླ་སྒྲིལ་གཏོང་རྒྱུ་དེ་གལ་ཆེན་འོས་འགན་ཞིག་ཏུ་རྩིས་དགོས་པའི་གཏན་ཁེལ་བྱས་ཡོད། སྤྱི་ཚོགས་འགན་བཅོལ་ཁྲིམས་སྲོལ་ནང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གཉིས་ཟླ་སྒྲིལ་གྱིས་ལག་བསྟར་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཉིས་ཟླ་སྒྲིལ་དང་གཅིག་གྱུར་གྱི་ལག་བསྟར་བྱས་པ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོར་ལེགས་བཅོས་དང་འགན་སྲུང་གནང་རྒྱུའི་ཆོད་སེམས་མཚོན་ཡོད་ལ་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་དགོངས་དོན་ཡང་མངོན་ཡོད། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་འདོན་པའི “གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྱོན་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཞིག་འཛུགས་སྐྱོང་བྱེད་དགོས ”ཞེས་པའི་དམིགས་ཡུལ་སྒྲུབ་ཆེད་ཀྱི་གལ་ཆེན་ཐབས་ལམ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་གནང་བའི་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ནང་གི་གཙོ་གནད་བསྒྱུར་བཅོས་འོས་འགན་དོན་འཁྱོལ་བྱས་པའི་བྱ་སྤྱོད་དངོས་ཡིན། སྤྱི་ཚོགས་འགན་བཅོལ་ཁྲིམས་སྲོལ་ལག་བསྟར་མཐར་ཕྱིན་གཏོང་བའི་གལ་ཆེན་ལས་འགན་ཞིག་ཀྱང་ཡིན།

        གཉིས། འདི་ནི་གྲོང་རྡལ་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་སྐུལ་སྤེལ་གཏོང་བའི་གལ་ཆེན་བྱ་སྤྱོད་ཞིག་ཡིན། ཏང་ཀྲུང་དབྱང་གིས་འདོན་པའི་རེ་བ་ལྟར་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཏུ་གཏོང་བའི་མ་ལག་འཐུས་ཚང་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་འདྲ་མཉམ་ཐོག་ནས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཐོབ་པའི་བྱ་གཞག་ཁག་གི་གྲུབ་འབྲས་མཉམ་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཐུས་ཚང་ལྡན་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ནི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་མཐུན་ཡོང་ཆེད་དང་གྲོང་རྡལ་ཅན་བདེ་ཐང་ངང་ཡར་སྐུལ་འཕེལ་རྒྱས་གཏོང་བའི་གལ་ཆེན་འགན་ལེན་ཞིག་ཡིན། ལམ་ལུགས་ཁག་གཉིས་ཟླ་སྒྲིལ་གྱིས་ལག་བསྟར་བྱས་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཕན་ཚུན་དབར་སྦྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་འཛུགས་ཡོད་པས་ལམ་ལུགས་དང་སྲིད་ཇུས་ཐོག་ནས་ངལ་ནུས་དང་མི་འབོར་གྱི་འཕར་ཆག་ལ་བཟོས་པའི་འགོག་རྐྱེན་གཙང་སེལ་ཐུབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་གི་གཅིག་གྱུར་འཆར་འགོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཐག་རིམ་བཞིན་ཆུང་དུ་ཕྱིན་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་གྱུར་སྟེ་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཐུབ།

        གསུམ། འདི་ནི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་སྐྱོང་སྔར་ལས་ལྷག་པའི་སྒོ་ནས་འདྲ་མཉམ་དང་རྒྱུན་མཐུད་ལྡན་པའི་སྐུལ་འདེད་ཀྱི་གལ་ཆེན་བྱ་སྤྱོད་ཞིག་ཡིན། ལམ་ལུགས་དང་ཐོག་འཛུགས་པའི་སྐབས་སུ་གྲོང་གསེབ་དང་གྲོང་ཁྱེར། གྲོང་རྡལ་བཅས་ཁག་གི་གནས་ཚུལ་མི་འདྲ་བར་དམིགས་སྟེ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཁག་སོ་སོར་འཛུགས་ཡོད། ལམ་ལུགས་ཁག་གཉིས་ཟླ་སྒྲིལ་དང་ལག་བསྟར་བྱས་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་གཅིག་མཐུན་གྱི་རྒན་གསོའི་འགན་བཅོལ་སྲིད་ཇུས་ཚད་གཞི་ལག་བསྟར་བྱས་པ་དང་ཞབས་ཞུའི་སྟེགས་བུ་མཉམ་སྤྱོད་བྱེད་པ། ལས་བཟོ་དང་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཕན་ཚུན་སྦྲེལ་མཐུད་ཐུབ་ནས་ལམ་ལུགས་འདྲ་མཉམ་དང་དོ་དམ་ཐོན་ཁུངས་མཉམ་སྤྱོད་ཡོང་རྒྱུར་ཕན་པ་བསྐྲུན་ཡོད་པས “དྲང་སྙོམས་རང་བཞིན་ལ་ཤུགས་སྣོན། སྐོར་སྐྱོད་རང་བཞིན་ལ་འཚམ་པ། རྒྱུན་མཐུད་རང་བཞིན་ལ་འགན་ལེན ”བཅས་ཀྱི་རེ་བ་སྔར་བས་མངོན་ཐུབ། འདི་ལྟར་སྤྱི་ཚོགས་འགན་སྲུང་ལམ་ལུགས་དེ་བས་འདྲ་མཉམ་དང་རྒྱུན་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ།

        གསུམ་པ། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་མི་སྣ་སུ་ཞུགས་ཆོག་གམ།

        ལན། རང་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་དང་། ལོ་16ཧྲིལ་པོར་སླེབས་པ། (སློབ་གྲྭར་འགྲོ་བཞིན་པའི་སློབ་ཕྲུག་ཚུད་མེད )རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་མི་སྣ་མིན་པ། ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་ཁྱབ་ཁོངས་ནང་ཚུད་མེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རང་ཉིད་ཀྱི་ཐེམ་ཐོ་གནས་སའི་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཆོག

        གྲོང་ཁྱེར་གྱི་སྟབས་བསྟུན་ལས་ཞུགས་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཆོག་ལ། རང་མོས་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་དུའང་ཞུགས་ཆོགའོན་ཀྱང་དེ་གཉིས་པོ་བསྐྱར་ཟློས་ཀྱིས་ཞུགས་མི་ཆོག

        བཞི་པ། འགན་ཞུགས་ཆ་རྐྱེན་ཚང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་འགན་བཅོལ་ནང་ཞུགས་པའི་འགྲོ་ལུགས་ཇི་ལྟར་གཉེར་དགོས་སམ།

        ལན། འགན་ཞུགས་ཆ་རྐྱེན་ཚང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རང་ཉིད་ཀྱི་ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ཏེ་ཐེམ་ཐོ་གནས་སའི་གྲོང་ཚོ་ཨུ་ཡོན་ལྷན་ཁང (སྲང་ལམ་དོན་གཅོད་ཁང )དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་རྒྱུའི་སྙན་ཞུ་འབུལ་དགོས་པ་དང་གྲོན་དངུལ་འཇལ་བའི་རིམ་པ་བདམས་ནས་འགལ་བཅོལ་གྲོན་དངུལ་འཇལ་ཐོག 《རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་རེའུ་མིག 》ཁ་སྐོང་བྱེད་དགོས། དེ་མིན་འགན་བཅོལ་ནང་ཞུགས་འདོད་ཡོད་པའི་གྲོང་མི་རང་ཉིད་ཐད་ཀར་ཤང (གྲོང་རྡལ )(སྡེ་ཁུལ་ཨུ་ཡོན་ལྷན་ཁང )དུ་བསྐྱོད་དེ་འགན་བཅོལ་ནང་ཞུགས་པའི་འབྲེལ་ཡོད་འགྲོ་ལུགས་གཉེར་ཆོག

        ལྔ་པ། གང་འདྲ་བྱས་ཏེ་གྲོན་དངུལ་འཇལ་བའི་རིམ་པ་འདེམས་དགོས། གྲོན་དངུལ་འཇལ་བའི་ཁ་གསབ་ཅི་འདྲ་ཡིན་ནམ།

        ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་དེ་རིམ་པ་དབྱེ་བ་དང་ལོ་གཞིར་བཟུང་འཇལ་བའི་ཐབས་ལམ་སྤྱད་རྒྱུ། གྲོན་དངུལ་འཇལ་བའི་ཚད་གཞི་དེ་མིག་སྔར་ལོ་རེ་སྒོར་100དང་སྒོར་200སྒོར་300སྒོར་400སྒོར་500སྒོར་600སྒོར་700སྒོར་800སྒོར་900 སྒོར་1000སྒོར་1500སྒོར་2000 བཅས་རིམ་པ་ཁག་12སུ་དབྱེ་ཡོད་ཅིང་གལ་ཏེ་སྒོར་2000གི་ཚད་གཞི་ལས་མཐོ་བ་ཡིན་ཚེ་སྒོར་100ཡིས་གྲོན་དངུལ་འཇལ་བའི་རིམ་པ་གཅིག་རྩིས་སྟེ་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ངང་འདེམས་ཆོག གྲོན་དངུལ་མང་ཙམ་འཇལ་བ་དང་དུས་ཡུན་རིང་ཙམ་འཇལ་བ་ཡིན་ན་ཕྱིས་སུ་དེ་ཙམ་གྱིས་མང་བ་ལེན་རྒྱུ་ཡོད། འགན་བཅོལ་ནང་ཞུགས་མཁན་གྱིས་སྒོར་2000ལས་མཐོ་བའི་གྲོན་དངུལ་ཚད་གཞི་འདེམས་ཆོག་ཀྱང་མཐོ་ཤོས་ལ་སྒོར་3000ལས་བརྒལ་མི་ཆོག

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་གཟིགས་སྐྱོང་ཆེ་ཤོས་ནི་སྲིད་གཞུང་ནས་འགན་བཅོལ་ནང་ཞུགས་མཁན་གྱི་གྲོང་མིར་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རྨང་གཞིའི་ཐོག་རང་མོས་ངང་འདེམས་པའི་གྲོན་དངུལ་ཚད་གཞི་སྒོར་100ནས་2000བར་གྱི་རིམ་པ་ལ་སྲིད་གཞུང་ནས་ལོ་ལྟར་སྒོར་40དང་། སྒོར་45སྒོར་50སྒོར་55སྒོར་60སྒོར་65སྒོར་70 སྒོར་75སྒོར་80 སྒོར་85སྒོར་90སྒོར་95བཅས་ཀྱི་འཇལ་དངུལ་ཁ་གསབ་སྤྲོད་རྒྱུ། འགན་བཅོལ་ནང་་ཞུགས་མཁན་གྱིས་སྒོར་2000ལས་མཐོ་བའི་ཚད་གཞི་འདེམས་སྟེ་འགན་བཅོལ་གྲོན་དངུལ་འཇལ་བར་སྲིད་གཞུང་ནས་ཁ་གསབ་སྒོར་95སྤྲོད་རྒྱུ་ཡིན།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འཚོ་སྡོད་ས་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་སྒྲིག་འཛུགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་སྒེར་ལ་འོས་འཚམ་ཀྱི་གྲོན་དངུལ་ཁ་སྣོན་བྱེད་ཆོག དཔལ་འབྱོར་སྒྲིག་འཛུགས་གཞན་དང་སྤྱི་ཚོགས་ཚོགས་པའམ་མི་སྒེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་སྒེར་ལ་རོགས་དངུལ་སྤྲོད་པའི་འབོད་སྐུལ་གཏོང་དགོས།

        དྲུག་པ།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་གྲོང་མིས་རྒན་གསོའི་དངུལ་ལེན་ཆོག་པའི་ཆ་རྐྱེན་གང་ལྡན་དགོས་སམ། རྒན་གསོའི་དངུལ་ལེན་ཆོག་པའི་འགྲོ་ལུགས་གང་འདྲ་གཉེར་དགོས་སམ།

        ལན། ལོ་60ཧྲིལ་པོར་སླེབས་ཤིང་། རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་འཇལ་ཡུན་ལོ་15ཟིན་པ་མ་ཟད་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་དང་ལས་འཁྱུར་ངལ་གསོའི་རིན་པ། ལས་གནས་ལས་ཕྱིར་དོན་བྱས་པའི་འཚོ་བའི་ཁ་གསབ་དངུལ་སོགས་རྒན་གསོའི་འགན་སྲུང་ཐོབ་ཐང་ལེན་མྱོང་མེད་པའི་འགན་བཅོལ་ཞུགས་མི་ཡིན་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་རྒན་གསོའི་དངུལ་ཟླ་རེ་གཞིན་ལེན་ཆོག གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་གསར་པའམ་གྲོང་ཁྱེར་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་གང་ཞིག་ལག་བསྟར་བྱེད་སྐབས་ལོ་60ཧྲིལ་པོར་སླེབས་པ་དང་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་ལེན་མྱོང་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མར་འགན་བཅོལ་གྲོན་དངུལ་སྤྲོད་མི་དགོས་པར་ཟླ་རེ་བཞིན་རྨང་གཞིའི་རྒན་གསོའི་དངུལ་ལེན་རྒྱུ་ཡོད། འགན་བཅོལ་ཞུགས་མིས་རྒན་གསོའི་དངུལ་ལེན་པར་ལོ་15མ་འདང་བར་ཆ་མཚོན་ན་ལོ་རེ་བཞིན་གྲོན་དངུལ་སྤྲོད་དགོས་ལ་གསབ་སྤྲོད་བྱས་ནའང་ཆོག (གྲོན་དངུལ་འཇལ་བའི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད )ཅིང་གྲོན་དངུལ་འཇལ་ཡུན་ལོ་15ལས་བརྒལ་མི་ཆོག རྒན་གསོའི་དངུལ་ལེན་ཆོག་པའི་ལོ་གྲངས་ལས་ལོ་15བརྒལ་བར་ཆ་མཚོན་ན་ལོ་རེ་བཞིན་གྲོང་དངུལ་འཇལ་དགོས་པ་དང་གྲོན་དངུལ་འཇལ་བའི་རིམ་རྩིས་ལོ་15ལས་མི་ཉུང་བ་དགོས། རྒན་གསོའི་དངུལ་ལེན་ཆོག་པའི་འགྲོ་ལུགས་གཉེར་སྐབས་རང་ཉིད་ཀྱི་ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་སོགས་ཀྱི་དགོས་ངེས་རྒྱུ་ཆ་འཁྱེར་ཏེ་ཐེམ་ཐོ་གནས་སའི་གྲོང་ཚོ་ཨུ་ཡོན་ལྷན་ཁང (གྲོང་མི་ཨུ་ཡོན་ལྷན་ཁང )དུ་ཐོབ་ཐང་ལེན་ཆོག་པའི་འགྲོ་ལུགས་གཉེར་བར་བསྐྱོད་དགོས། གྲོང་ཚོ (གྲོང་མི )ལས་རོགས་པས་འགན་ཞུགས་མི་སྣའི་རྒྱུ་ཆ་ཞིབ་དཔྱད་བྱས་རྗེས་ཆ་རྐྱེན་ཚང་བ་རྣམས་གོང་རིམ་ཚན་པར་ཕུལ་ནས་ཞིབ་བཤེར་ཆོག་མཆན་ཞུ་དགོས།

        བདུན་པ།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་འགན་བཅོལ་གྲོན་དངུལ་ལོ་60བར་འཇལ་རྗེས་ཕྱིས་སུ་ཚུར་ལོག་ལེན་པའི་རྒན་གསོའི་དངུལ་རྩིས་གང་འདྲ་རྒྱག་དགོས་སམ།

        ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་གཏན་འབེབས་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་དགོས། རྒན་གསོའི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་གྲོང་མིས་ཟླ་རེ་བཞིན་རྒན་གསོའི་དངུལ་ལེན་ཆོག་གི་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་ནི “རྨང་གཞིའི་རྒན་གསོའི་དངུལ ”དང “མི་སྒེར་གྱི་རྩིས་ཐོའི་ནང་གི་རྒན་གསོའི་དངུལ ”གཉིས་བསྡོམས་རྩིས་ལས་གྲུབ་པ་ཞིག་ཡིན།

        2014ལོའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་120ཡིན།

        མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་གྲངས་ནི་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་བཅོལ་གྲངས་ཡོངས་ལ (མི་སྒེར་གྱི་གྲོན་དངུལ་འཇལ་བ། མཉམ་སྡེབ་ཀྱི་ཁ་སྣོན། དངུལ་ཁང་གི་སྐྱེད་ཀ )÷139ཡིས་བགོ་རྒྱུ།

        བརྒྱད་པ།    ཞི་མཐུན་དཔེ་བཟང་གི་མཚན་སྙན་ཐོབ་པའི་དགོན་སྡེའི་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་པ་ཡིན་ན་སྐུལ་ལྕག་གི་སྲིད་ཇུས་གང་འདྲ་ཡོད་དམ།

        ལན། རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐད་ལོ་གོང་མར་རང་ཉིད་ཀྱིས་འདེམས་པའི་འཇལ་དངུལ་རིམ་པ་གཞིར་བཟུང་སྲིད་གཞུང་ནས་100%ཁ་གསབ་སྤྲོད་རྒྱུ། ས་གནས་རིམ་པའི་ཞི་མཐུན་དཔེ་བཟང་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་འཇལ་དངུལ་ཐད་ལོ་གོང་མར་རང་ཉིད་ཀྱིས་འདེམས་པའི་གྲོན་འཇལ་རིམ་པ་གཞིར་བཟུང་སྲིད་གཞུང་ནས་50%ཁ་གསབ་སྤྲོད་རྒྱུ། རྫོང (གྲོང་ཁྱེར་དང་ཆུས )རིམ་པའི་ཞི་མཐུན་དཔེ་བཟང་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐད་ལོ་གོང་མར་རང་ཉིད་ཀྱིས་འདེམས་པའི་འཇལ་དངུལ་རིམ་པ་གཞིར་བཟུང་སྲིད་གཞུང་ནས་25%ཁ་གསབ་སྤྲོད་རྒྱུ།

        ལོ་གཅིག་ནང་ཚུད་དུ་རིམ་པ་གོང་འོག་ཁག་མང་པོའི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་མཚན་སྙན་བྱ་དགའ་རིམ་པ་མཐོ་ཤོས་དེའི་ཚད་གཞིར་གཞིགས་ཏེ་སྲིད་གཞུང་ནས་གྲོན་དངུལ་ཁ་གསབ་སྤྲོད་རྒྱུ (ཁ་གསབ་ཚད་གཞི་མཐོ་ཤོས་དེ་སྒོར་2000ལས་བརྒལ་མི་ཆོག )

        དགུ་པ།    མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་མི་སྣ་དང་ཚབས་ཆེན་གྱི་དབང་པོ་སྐྱོན་ཅན། མི་ཧྲེང་རྒན་རྒོན་སོགས་འགན་བཅོལ་ནང་ཞུགས་ན་དམིགས་གསལ་གྱི་སྲིད་ཇུས་གང་ཡོད་དམ།

        ལན། ཆ་རྐྱེན་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནང་རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་དང་མི་ཧྲེང་རྒན་རྒོན། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་སོགས་གྲོན་དངུལ་འཇལ་བར་དཀའ་ངལ་ཡོད་པའི་མི་སྣའི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐད་སྲིད་གཞུང་ནས་ཚད་གཞི་དམའ་ཤོས་ཀྱི་གྲོན་དངུལ་ཚབ་འཇལ་བྱེད་པ་དང་དེ་ལ་གཞིགས་པའི་སྲིད་གཞུང་གི་ཁ་གསབ་སྒོར་40སྤྲོད་རྒྱུ་བཅས་མཉམ་དུ་རང་སོ་སོའི་མི་སྒེར་གྱི་རྩིས་ཐོའི་ནང་འཇུག་རྒྱུ་ཡིན།

        བཅུ་པ།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་གྲོང་མིར་འདས་གྲོངས་རྗེས་འཇུག་གི་རོགས་དངུལ་ག་ཚོད་ཡོད་དམ།

        ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་གྲོང་མིའི་ཁྱིམ་ཚང་གི་འདས་གྲོངས་རྗེས་འཇུག་ཁུར་པོ་ཡང་དུ་གཏོང་ཆེད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཧུར་ཐག་ངང་འགན་བཅོལ་ནང་ཞུགས་ཆེད་འདས་གྲོངས་རྗེས་འཇུག་གི་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་འཛུགས་སྐྱོང་བྱས་པ་ཡིན། དེའི་ཚད་གཞི་ནི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་ཟིན་པའི་མི་སྣའམ་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ལོ་ཚད་ལོན་ཞིང་གཏན་འབེབས་གཞིར་བཟུང་གྲོན་དངུལ་ལོ་3ཡན་འཇལ་བའི་མི་སྣ་འདས་གྲོངས་བྱུང་ཚེ་སྤྲོད་ཐེངས་གཅིག་ལ་འདས་གྲོངས་རྗེས་འཇུག་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་ཚད་གཞི་ནི་ཟླ་བ་6གི་རྨང་གཞིའི་རྒན་གསོའི་དངུལ་གྲངས་ཡིན།

        བཅུ་གཅིག    འགན་ཞུགས་མི་སྣ་ས་གནས་གཞན་དུ་ཐེམ་ཐོ་སྒྱུར་ཚེ་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་དེ་གང་འདྲ་བྱས་ནས་རྒྱུན་མཐུད་བྱ་དགོས་སམ།

        ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཞུགས་མིས་གྲོན་དངུལ་འཇལ་རིང་ཐེམ་ཐོ་སྤོ་སྒྱུར་དང་ས་གནས་གཞན་དག་ལ་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་འགན་བཅོལ་གྲོན་དངུལ་འཇལ་བའི་འབྲེལ་ཡོད་ཆ་འཕྲིན་ཁག་སྒྱུར་བ་ལས་གྲོན་དངུལ་སྒྱུར་མི་ཆོག ཞིང་ཆེན་ནམ་ས་ཁུལ་གཞན་དུ་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་དགོས་ཚེ་སྒྱུར་སའི་ས་གནས་ཀྱི་འབྲེལ་ཡོད་ཚན་པ་ལ་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་བའི་སྙན་ཞུ་འབུལ་ཆོག་པ་དང་། མི་སྒེར་གྱི་རྩིས་ཐོའི་ནང་གི་བཅོལ་དངུལ་ཚང་མ་སྡེབ་གཅིག་ལ་སྒྱུར་བ་དང་། དེ་རྗེས་སྒྱུར་སའི་ས་ཁུལ་གྱི་གཏན་འབེབས་གཞིར་བཟུང་མུ་མཐུད་ནས་འགན་བཅོལ་གྲོན་དངུལ་འཇལ་དགོས་པ་དང་གྲོན་དངུལ་འཇལ་བའི་ལོ་ཚད་སྔ་ཕྱི་རིམ་རྩིས་རྒྱག་དགོས། གཏན་འབེབས་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དངུལ་ལེན་བཞིན་པའི་མི་སྣ་ཡིན་ཕྱིན་ཐེམ་ཐོ་གང་དུ་སྤོ་སྒྱུར་བྱས་ ཀྱང་དེའི་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་གྱི་མེད།

        (ཡིག་ཆ་དེ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།