དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལག་བསྟར་བྱ་ཐབས།(ཚོད་ལྟའི་ལག་བསྟར)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ལེའུ་དང་པོ།    སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་དང་སྔར་བས་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་གཅིག་གྱུར་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས 》དང 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར 》(རྒྱལ་འགྲེམས 【2014】ཡིག་ཨང་8)དང 《མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱི <གྲོང་ཁྱེར་དང་གྲོང་ གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་འབྲེལ་མཐུད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས >དཔར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ 》(མི་སྤྱི་པུའུ་འགྲེམས 【2014】ཡིག་ཨང་17)དགོངས་དོན་གཞིར་བཟུང་ཞིང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་བྱ་ཐབས་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། རང་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་དང་། ལོ་16ཧྲིལ་པོར་སླེབས་པ (སློབ་གྲྭར་འགྲོ་བཞིན་པའི་སློབ་ཕྲུག་ཚུད་མེད )རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་མི་སྣ་མིན་པ། ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་ཁྱབ་ཁོངས་ནང་ཚུད་མེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རང་ཉིད་ཀྱི་ཐེམ་ཐོ་གནས་སའི་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཆོག (གཤམ་དུ་བསྡུས་མིང་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཞེས་བརྗོད་རྒྱུ )

        གྲོང་ཁྱེར་གྱི་སྟབས་བསྟུན་ལས་ཞུགས་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཆོག་ལ། རང་མོས་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་དུའང་ཞུགས་ཆོག འོན་ཀྱང་དེ་གཉིས་པོ་བསྐྱར་ཟློས་ཀྱིས་ཞུགས་མི་ཆོག

        དོན་ཚན་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་དེ་“ཚང་མར་ཁྱབ་པ། གཞི་རྩ་འགན་སྲུང་། སྟབས་བསྟུན་རང་བཞིན་ལྡན་པ། རྒྱུན་མཐུད་ཆོག་པ ”བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་གཅིག་གྱུར་འཆར་འགོད་དང་མི་སྒེར་གྱི་རྩིས་ཐོ་གཉིས་ཟུང་དུ་སྦྲེལ་བའི་ལམ་ལུགས་ཀྱི་རྣམ་པ་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ། མི་སྒེར (ཁྱིམ་ཚང )དང་ཚོགས་པ། དེ་མིན་སྲིད་གཞུང་བཅས་ནས་འོས་ འཚམས་ཀྱི་འགན་འཁྲི་ཁག་བགོས་བྱས་ཏེ་གྲོན་དངུལ་གྲབས་གསོག་ཚད་གཞི་དང་ཐོབ་ཐང་ཚད་གཞི་གཉིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དང་ཕན་ཚུན་མཐུན་དགོས་པ་དང་དབང་ཆ་དང་འོས་འགན་གཉིས་ཕན་ཚུན་དོ་མཉམ་ཡོང་བ་བྱ་དགོས་པ། སྲིད་གཞུང་གིས་གཙོ་ཁྲིད་དང་གྲོང་མིས་རང་མོས་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཧུར་ཐག་ངང་འགན་བཅོལ་ནང་ཞུགས་རྒྱུར་སྣེ་ཁྲིད་དང་སྐུལ་མ་གཏོང་རྒྱུ།

        དོན་ཚན་བཞི་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དེ་མི་སྒེར་གྱི་རྩིས་ཐོ་དང་རྨང་གཞིའི་རྒན་གསོའི་དངུལ་གཉིས་ཕན་ཚུན་ཟུང་འབྲེལ་གྱིས་ཐོབ་ཐང་གཏོང་སྤྲོད་བྱེད་པའི་རྣམ་པ་ལག་བསྟར་བྱ་རྒྱུ་དང་མི་སྒེར་གྱི་གྲོན་དངུལ་འཇལ་བ་དང་། མཉམ་སྡེབ་ནས་ཁ་སྣོན་སྤྲོད་པ། དེ་མིན་སྲིད་གཞུང་ནས་ཁ་གསབ་སྤྲོད་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཐེབས་རྩ་གྲབས་གསོག་བྱེད་སྟངས་སྤྱོད་རྒྱུ།

        དོན་ཚན་ལྔ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩ་དེ་རང་སྐྱོང་ལྗོངས་རིམ་པས་དོ་དམ་དང་། གཅིག་གྱུར་གྱི་ལམ་ལུགས་རྣམ་པ། གཅིག་གྱུར་གྱི་སྲིད་ཇུས་ཚད་གཞི། གཅིག་གྱུར་གྱི་ལས་སྒྲུབ་ཞབས་ཞུ། གཅིག་གྱུར་གྱི་ཆ་འཕྲིན་མ་ལག་བཅས་ཀྱི་བྱ་ཐབས་ལག་བསྟར་བྱ་རྒྱུ།

        ལེའུ་གཉིས་པ།    ཐེབས་རྩ་གྲབས་གསོག

        དོན་ཚན་དྲུག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་མ་ དངུལ་ནི་མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་། མཉམ་སྡེབ་ནས་ཁ་སྣོན་བྱེད་པ། སྲིད་གཞུང་ནས་ཁ་གསབ་སྤྲོད་པ་བཅས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་ཞིང་དེ་ཡང་རིམ་པ་དབྱེ་བ་དང་ལོ་རེར་གྲོན་དངུལ་འཇལ་བའི་བྱ་ཐབས་བེད་སྤྱད་དེ་འགན་བཅོལ་དངུལ་འཇལ་དགོས་པ་ཡིན།

        (གཅིག ) མི་སྒེར་གྱི་འཇལ་དངུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་རྒྱུའི་ཆ་རྐྱེན་དང་འཚམས་པའི་གྲོང་མིས་གཏན་འབེབས་གཞིར་བཟུང་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་དགོས། གྲོན་དངུལ་འཇལ་བའི་ཚད་གཞི་དེ་མིག་སྔར་ལོ་རེ་སྒོར་100དང་། སྒོར་200 སྒོར་300 སྒོར་400 སྒོར་500 སྒོར་600 སྒོར་700 སྒོར་800 སྒོར་900 སྒོར་1000 སྒོར་1500 སྒོར་2000 བཅས་རིམ་པ་ཁག་12སུ་དབྱེ་ཡོད་ཅིང་གལ་ཏེ་སྒོར་2000གི་ཚད་གཞི་ལས་མཐོ་བ་ཡིན་ཚེ་སྒོར་100ཡིས་གྲོན་དངུལ་འཇལ་བའི་རིམ་པ་གཅིག་རྩིས་སྟེ་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ངང་འདེམས་ཆོག གྲོན་དངུལ་མང་ཙམ་འཇལ་བ་དང་དུས་ཡུན་རིང་ཙམ་འཇལ་བ་ཡིན་ན་ཕྱིས་སུ་དེ་ཙམ་གྱིས་མང་བ་ལེན་རྒྱུ་ཡོད། འགན་བཅོལ་ནང་ཞུགས་མཁན་གྱིས་སྒོར་2000ལས་མཐོ་བའི་གྲོན་དངུལ་ཚད་གཞི་འདེམས་ཆོག་ཀྱང་མཐོ་ཤོས་ལ་སྒོར་3000ལས་བརྒལ་མི་ཆོག

        (གཉིས ) མཉམ་སྡེབ་ཀྱི་ཁ་སྣོན། ཆ་རྐྱེན་ཡོད་པའི་གྲོང་ཚོ་མཉམ་སྡེབ་(སྡེ་ཁུལ )གྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ལ་འཇལ་དངུལ་ཐོག་ཁ་སྣོན་སྤྲོད་དགོས། ཁ་སྣོན་སྤྲོད་པའི་ཚད་གཞི་དེ་གྲོང་ཚོ (སྡེ་ཁུལ )ཨུ་ཡོན་ལྷན་ཁང་གིས་དམངས་གཙོའི་བྱ་ཐབས་བརྒྱུད་གཏན་འཁེལ་བྱེད་དགོས། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་འཛུགས་གཞན་དག་དང་། སྤྱི་ཕན་བྱ་བཟང་སྒྲིག་འཛུགས། དེ་མིན་མི་སྒེར་གྱི་མིང་ཐོག་ནས་འགན་བཅོལ་ནང་ཞུགས་མཁན་ལ་རྒན་གསོའི་འཇལ་དངུལ་ཐད་རོགས་སྐྱོར་གནང་རྒྱུར་འབོད་སྐུལ་བྱ་རྒྱུ། ལོ་རེའི་ཁ་གསབ་དང་རོགས་དངུལ་གྱི་གྲངས་འབོར་དེ་འཇལ་དངུལ་མཐོ་ཤོས་ཀྱི་ཚད་གཞི་ལས་བརྒལ་མི་ཆོག

        (གསུམ ) སྲིད་གཞུང་གི་ཁ་གསབ། སྲིད་གཞུང་གིས་རྒན་གསོའི་དངུལ་ལེན་ཆོག་པའི་ཆ་རྐྱེན་ཚང་བའི་འགན་བཅོལ་ནང་ཞུགས་མཁན་མི་སྣར་རྨང་གཞིའི་རྒན་གསོའི་དངུལ་ཆད་ལྷག་མེད་པར་སྤྲོད་རྒྱུ། འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རྨང་གཞིའི་ཐོག་རང་མོས་ངང་འདེམས་པའི་གྲོན་དངུལ་ཚད་གཞི་སྒོར་100ནས་2000བར་གྱི་རིམ་པ་ལ་སྲིད་གཞུང་ནས་ལོ་ལྟར་སྒོར་40དང་སྒོར་45 སྒོར་50 སྒོར་55 སྒོར་60 སྒོར་65 སྒོར་70 སྒོར་75 སྒོར་80 སྒོར་85 སྒོར་90 སྒོར་95བཅས་ཀྱི་འཇལ་དངུལ་ཁ་གསབ་སྤྲོད་རྒྱུ། འགན་བཅོལ་ནང་ཞུགས་མཁན་གྱིས་སྒོར་2000ལས་མཐོ་བའི་ཚད་གཞི་འདེམས་སྟེ་འགན་བཅོལ་གྲོན་དངུལ་འཇལ་བར་སྲིད་གཞུང་ནས་ཁ་གསབ་སྒོར་95སྤྲོད་རྒྱུ་ཡིན།

        དོན་ཚན་བདུན་པ། ས་ཆ་ཤོར་བའི་ཞིང་འབྲོག་མང་ཚོགས་ཀྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྔོན་བཅོལ་ལམ་ལུགས་འཛུགས་རྒྱུ། གྲོང་གསེབ་ཀྱི་ཐུན་མོང་དུ་དབང་བའི་ས་ཆ་བསྡུ་ལེན་བྱས་ཚེ་ས་ཆ་ཤོར་བའི་ཞིང་འབྲོག་མང་ཚོགས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཆ་ཚང་བཀོད་སྒྲིག་བྱེད་དགོས། “སྔོན་ལ་འགན་སྲུང་དང་རྗེས་སུ་ས་ཆ་བསྡུ་ལེན ”དང “སུས་ས་ཆ་བེད་སྤྱོད་བྱས་པ་དེ་རང་གིས་འགན་ཁུར་དགོས ”པའི་རྩ་དོན་གཞིར་བཟུང་ས་གནས་དེ་གའི་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་ས་ཆ་དང་འབྲེལ་བ་ཡོད་པའི་མི་གྲངས་ལ་གཞིགས་ཏེ་ལོ་རེའི་འགན་བཅོལ་གྲོན་དངུལ་འཇལ་བའི་རིམ་པ་མཐོ་ཤོས་སྒོར་3000གིས་གཞི་གྲངས་བྱས་ཐོག་ལོ་15ཡི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྔོན་བཅོལ་བྱས་ཏེ་གྲོན་དངུལ་རྣམས་བཅོལ་ཐེངས་གཅིག་ལ་ནོར་སྲིད་ཚན་པས་བཟོས་པའི་རྩིས་ཐོའི་ནང་འཇུག་དགོས། ནོར་སྲིད་ཚན་པས་མི་སྒེར་གྱི་འཇལ་དངུལ་དང་སྲིད་གཞུང་ནས་སྤྲད་པའི་ཁ་གསབ་དངུལ་ཚང་མ་ས་ཆ་ཤོར་བའི་ཞིང་འབྲོག་མང་ཚོགས་ཀྱི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་སྒྱུར་རྒྱུ། གལ་ཏེ་ཁ་གསབ་དངུལ་ཆ་ཚང་དོན་འཁྱོལ་མ་བྱུང་ཚེ་རྒྱལ་ཁབ་ཀྱི་ས་ཆ་ཐོན་ཁུངས་དོ་དམ་ཚན་པས་ས་ཆ་བེད་སྤྱོད་བྱེད་ཆོག་པའི་འགྲོ་ལུགས་གཉེར་རྒྱུ་མིན།

        ཞིབ་ཕྲའི་བྱ་ཐབས་ཐད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས་རང་སྐྱོང་ལྗོངས་ནོར་སྲིད་ཚན་པ་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་དོ་དམ་ཚན་པ་བཅས་དང་མཉམ་འབྲེལ་ཐོག་གཏན་འཁེལ་བྱ་རྒྱུ།

        དོན་ཚན་བརྒྱད་པ། ལས་གནས་བསྐོ་གཞག་བྱས་ཏེ་ལོ་གཅིག་ཡན་ལོན་པའི་གྲོང་ཚོ (སྡེ་ཁུལ )ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན། ཀྲུའུ་རེན་གཞོན་པ། དེ་མིན་རང་སྐྱོང་ལྗོངས་ཆོས་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ (འཚོ་བའི་ཡོང་ཁུངས་གཏན་འཁེལ་མེད་པ )བཅས་ལ་གཏན་འབེབས་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། བསྐོ་གཞག་དུས་ཡུན་ནང་གྲོན་དངུལ་འཇལ་བའི་རིམ་པ་རང་མོས་ངང་བདམས་པ་ལ་སྲིད་གཞུང་ནས་1:1གི་སྡུརགྲངས་གཞིར་བཟུང་ཁ་གསབ་སྤྲོད་རྒྱུ། ཁ་གསབ་ཚད་གཞི་མཐོ་ཤོས་སྒོར་2000ལས་བརྒལ་མི་ཆོག འོན་ཀྱང་དོན་ཚན་དྲུག་པའི་ནང་གཏན་འབེབས་བྱས་པའི་སྲིད་གཞུང་གི་ཁ་གསབ་གྲོན་དངུལ་རིམ་པ་ལོངས་སྤྱོད་བྱས་མི་ཆོག ལས་གནས་ནས་ཁ་བྲལ་རྗེས་གྲོན་དངུལ་འཇལ་བའི་ཚད་གཞི་རང་མོས་ངང་འདེམས་ཆོག་པ་དང་དེ་ལ་གཞིགས་པའི་སྲིད་གཞུང་གི་གྲོན་དངུལ་ཁ་གསབ་རིམ་པ་ལོངས་སུ་སྤྱོད་རྒྱུ་ཡོད།

        དོན་ཚན་དགུ་པ། རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐད་ལོ་གོང་མར་རང་ཉིད་ཀྱིས་འདེམས་པའི་འཇལ་དངུལ་རིམ་པ་གཞིར་བཟུང་སྲིད་གཞུང་ནས་100%ཁ་གསབ་སྤྲོད་རྒྱུ། ས་གནས་རིམ་པའི་ཞི་མཐུན་དཔེ་བཟང་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་ སྲུང་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་འཇལ་དངུལ་ཐད་ལོ་གོང་མར་རང་ཉིད་ཀྱིས་འདེམས་པའི་གྲོན་འཇལ་རིམ་པ་གཞིར་བཟུང་སྲིད་གཞུང་ནས་50%ཁ་གསབ་སྤྲོད་རྒྱུ། རྫོང (གྲོང་ཁྱེར་དང་ཆུས )རིམ་པའི་ཞི་མཐུན་དཔེ་བཟང་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁོངས་གྲྭ་བཙུན་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐད་ལོ་གོང་མར་རང་ཉིད་ཀྱིས་འདེམས་པའི་འཇལ་དངུལ་རིམ་པ་གཞིར་བཟུང་སྲིད་གཞུང་ནས་25%ཁ་གསབ་སྤྲོད་རྒྱུ།

        ལོ་གཅིག་ནང་ཚུད་དུ་རིམ་པ་གོང་འོག་ཁག་མང་པོའི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་མཚན་སྙན་བྱ་དགའ་རིམ་པ་མཐོ་ཤོས་དེའི་ཚད་གཞིར་གཞིགས་ཏེ་སྲིད་གཞུང་ནས་གྲོན་དངུལ་ཁ་གསབ་སྤྲོད་རྒྱུ (ཁ་གསབ་ཚད་གཞི་མཐོ་ཤོས་དེ་སྒོར་2000ལས་བརྒལ་མི་ཆོག )

        དོན་ཚན་བཅུ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནང་རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་དང་མི་ཧྲེང་རྒན་རྒོན། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་སོགས་གྲོན་དངུལ་འཇལ་བར་དཀའ་ངལ་ཡོད་པའི་མི་སྣའི་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐད་སྲིད་གཞུང་ནས་ཚད་གཞི་དམའ་ཤོས་ཀྱི་གྲོན་དངུལ་ཚབ་འཇལ་བྱེད་པ་དང་དེ་ལ་གཞིགས་པའི་སྲིད་ གཞུང་གི་ཁ་གསབ་དེའང་ལོངས་སུ་སྤྱོད་རྒྱུ་ཡོད།

        དོན་ཚན་བཅུ་གཅིག་པ། རྨང་གཞིའི་རྒན་གསོའི་དངུལ་དེ་ཀྲུང་དབྱང་གི་འགན་འཁུར་ཆ་ཤས་དང་ས་གནས་སྲིད་གཞུང་གི་ཁ་གསབ་མ་དངུལ། ས་གནས་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཚབ་སྤྲོད་བྱས་པའི་རིམ་པ་དམའ་ཤོས་ཀྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་དང་འདས་གྲོངས་རྗེས་འཇུག་གི་ཁ་གསབ་རོགས་དངུལ་ལས་མཐོ་བ་ཡོད་ཚེ། རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར )རྫོང (གྲོང་ཁྱེར་དང་ཆུས )བཅས་ཀྱི་ནོར་སྲིད་ནས་སྡུར་གྲངས་གཞིར་ བཟུང་འགན་འཁྲི་ཁག་བགོས་བྱ་རྒྱུ། རིམ་པ་བཞིན་རང་སྐྱོང་ལྗོངས་ནོར་སྲིད་ནས་80%དང་ས་གནས (གྲོང་ཁྱེར )ནོར་སྲིད་ནས་10% རྫོང (གྲོང་ཁྱེར་དང་ཆུས་)ནོར་སྲིད་ནས་10%བཅས་འགན་འཁུར་རྒྱུ་དང་དུས་མཚུངས་རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར )རྫོང (གྲོང་ཁྱེར་དང་ཆུས )བཅས་ཀྱི་ལོ་འཁོར་མའི་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ།

        ལེའུ་གསུམ་པ།    མི་སྒེར་གྱི་རྩིས་ཐོ།

        དོན་ཚན་བཅུ་གཉིས་པ། གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོའི་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་ཀྱིས་འགན་བཅོལ་ནང་ཞུགས་མཁན་ཚང་མར་ཚེ་གང་ཐོ་འགོད་གྱི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་རེ་བཟོ་དགོས། མི་སྒེར་གྱི་རྩིས་ཐོའི་ཐེབས་རྩ་ནང་གཤམ་གསལ་གྱི་ཐེབས་རྩ་ཚུད་ཡོད་པ་སྟེ། མི་སྒེར་གྱི་སྤྲོད་པའི་གྲོན་དངུལ་དང་སྲིད་གཞུང་གི་ཁ་གསབ་མ་དངུལ། མཉམ་སྡེབ་ཀྱི་ཁ་སྣོན་ཐེབས་རྩ་བཅས་དང་དེ་བཞིན་སྤྱི་ཚོགས་དཔལ་འབྱོར་སྒྲིག་ འཛུགས་དང་སྤྱི་ཕན་བྱ་བཟང་སྒྲིག་འཛུགས། མི་སྒེར་གྱིས་འགན་བཅོལ་ནང་ཞུགས་མཁན་ལ་སྤྲོད་པའི་རོགས་རམ་མ་དངུལ། སྐྱེད་ཀ་དང་ཡོང་འབབ་གཞན་དག་བཅས་ཡིན། མི་སྒེར་གྱི་རྩིས་ཐོའི་ནང་བཅོལ་བའི་དངུལ་གྱི་སྐྱེད་ཀ་དེ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་རྩིས་རྒྱག་བྱེད་རྒྱུ་ཡིན།

        དོན་ཚན་བཅུ་གསུམ་པ། འགན་བཅོལ་ནང་ཞུགས་མཁན་མི་སྣས་རྒྱུ་མཚན་སྣ་ཚོགས་ཀྱི་རྐྱེན་པས་གྲོན་དངུལ་འཇལ་རྒྱུ་མཚམས་ཆད་ཚེ་འགན་བཅོལ་ནང་ཞུགས་སའི་ས་གནས་དེ་གའི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ཚན་པས་མི་དེའི་རྒན་གསོའི་འགན་བཅོལ་འབྲེལ་བ་ཉར་ཚགས་བྱེད་དགོས་པ་མ་ཟད། འགན་བཅོལ་གྲོན་དངུལ་འཇལ་བའི་ཐོ་འགོད་ཚང་མ་དང་མི་སྒེར་གྱི་རྩིས་ཐོ་ཉར་ཚགས་བྱེད་དགོས། མི་སྒེར་གྱི་རྩིས་ཐོའི་ནང་བཅོལ་བའི་དངུལ་གྱི་སྐྱེད་ཀ་དེ་མུ་མཐུད་ནས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་རྩིས་རྒྱག་བྱེད་རྒྱུ།

        དོན་ཚན་བཅུ་བཞི་པ། འགན་བཅོལ་ནང་ཞུགས་མཁན་མི་སྣ་གྲོན་དངུལ་འཇལ་བའི་རིང་འདས་གྲོངས་བྱུང་བ་དང་། ཕྱི་རྒྱལ་དུ་འཚོ་སྡོད་བྱས་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མིན་པར་དེའི་མི་སྒེར་གྱི་རྩིས་ཐོའི་ནང་གི་ཐེབས་རྩ་ལྷག་འཕྲོ་རྣམས (སྲིད་གཞུང་ཁ་གསབ་ཐེབས་རྩ་ཚུད་པ )དོ་བདག་གིས་གཏན་འཁེལ་བྱས་པའི་ཕན་པ་ཐོབ་མཁན་གྱིས་ཁྲིམས་ལྟར་ཤུལ་འཛིན་བྱ་རྒྱུ། དོ་བདག་ལ་ཕྱིར་སློག་བྱེད་ཐབས་མེད་པའམ་དམིགས་འཛུགས་ཀྱི་ཕན་པ་ཐོབ་མཁན་མེད་ཚེ་དེའི་མི་སྒེར་གྱི་རྩིས་ཐོའི་ནང་གི་བཅོལ་དངུལ་རྣམས་སྲིད་གཞུང་གི་ཁ་གསབ་ཐེབས་རྩ་ལ་རྩིས་ཏེ་མུ་མཐུད་ནས་འགན་བཅོལ་ནང་ཞུགས་མཁན་མི་གཞན་དག་གི་རྒན་གསོའི་དངུལ་ལ་གཏོང་སྤྲོད་བྱ་རྒྱུ་ཡིན། དུས་མཚུངས་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་འབྲེལ་བ་མཚམས་འཇོག་བྱ་རྒྱུ་ཡིན།

        འདས་གྲོངས་བྱུང་བ་དང་ཕྱི་རྒྱལ་དུ་འཚོ་སྡོད་བྱས་ཤིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མ་ཡིན་པའི་མི་སྣ་ཕུད་དེ་མིན་གྱི་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་སྔ་སྣུར་དུ་ལེན་མི་ཆོག

        ལེའུ་བཞི་པ།    རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་།

        དོན་ཚན་བཅོ་ལྔ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་ནི་རྨང་གཞིའི་རྒན་གསོའི་དངུལ་དང་མི་སྒེར་གྱི་རྩིས་ཐོའི་ནང་གི་རྒན་གསོའི་དངུལ་བཅས་གཉིས་ལས་གྲུབ་པ་དང་ཚེ་གང་གཏོང་སྤྲོད་བྱ་རྒྱུ།

        2014ལོའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་120ཡིན།

        གྲོན་དངུལ་འཇལ་ནས་ལོ་ངོ་15ཡན་སོང་ཚེ་གྲོན་དངུལ་ལོ་1རེ་མང་བ་འཇལ་ན་ཟླ་རེར་རྨང་གཞིའི་རྒན་གསོའི་དངུལ་2%ཁ་སྣོན་རྒྱག་རྒྱུ།

        མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་བཅོལ་གྲངས་ཡོངས་ལ་139ཡིས་བགོ་རྒྱུ (གྲངས་139དེ་མིག་སྔར་ལག་བསྟར་བྱེད་བཞིན་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་རྩིས་སྤྲོད་ཀྱི་བཏགས་གྲངས་དང་གཅིག་མཚུངས་ཡིན )

        དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་དཔལ་འབྱོར་འཕེལ་རྒྱས་དང་ཁྲོམ་རའི་དངོས་ཟོག་གོང་ཚད་ཀྱི་འཕར་ཆག་བྱུང་ཚུལ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་འོས་འཚམས་ལེགས་སྒྲིག་བྱ་རྒྱུ།

        དོན་ཚན་བཅུ་བདུན་པ། འདས་གྲོངས་རྗེས་འཇུག་གི་ཁ་གསབ་རོགས་དངུལ་ལམ་ལུགས་འཛུགས་རྒྱུ། དེ་ཡང་རྒན་གསོའི་འགན་བཅོལ་གྱི་དངུལ་ལེན་ཟིན་པའི་མི་སྣའམ་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལོ་ཚད་ལོན་ཞིང་གཏན་འབེབས་གཞིར་བཟུང་གྲོན་དངུལ་ལོ་3ཡན་འཇལ་བའི་མི་སྣ་འདས་གྲོངས་བྱུང་ཚེ་སྤྲོད་ཐེངས་གཅིག་ལ་འདས་གྲོངས་རྗེས་འཇུག་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་ཚད་གཞི་ནི་ཟླ་བ་6གི་རྨང་གཞིའི་རྒན་གསོའི་དངུལ་གྲངས་ཡིན།

        ལེའུ་ལྔ་པ།    རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་དངུལ་ལེན་པའི་ཆ་རྐྱེན།

        དོན་ཚན་བཅོ་བརྒྱད་པ། ལོ་60ཧྲིལ་པོར་སླེབས་ཤིང་། རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་འཇལ་ཡུན་ལོ་15ཟིན་པ་མ་ཟད་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་དང་ལས་འཁྱུར་ངལ་གསོའི་རིན་པ། ལས་གནས་ལས་ཕྱིར་དོན་བྱས་པའི་འཚོ་བའི་ཁ་གསབ་དངུལ་སོགས་རྒན་གསོའི་འགན་སྲུང་ཐོབ་ཐང་ལེན་མྱོང་མེད་པའི་འགན་བཅོལ་ཞུགས་མི་ཡིན་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་རྒན་གསོའི་དངུལ་ཟླ་རེ་གཞིན་ལེན་ཆོག

        དོན་ཚན་བཅུ་དགུ་པ། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་གསར་པའམ་གྲོང་ཁྱེར་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་གང་ཞིག་ལག་བསྟརབྱེད་སྐབས་ལོ་60ཧྲིལ་པོར་སླེབས་པ་དང་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་ལེན་མྱོང་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མར་འགན་བཅོལ་གྲོན་དངུལ་སྤྲོད་མི་དགོས་པར་ཟླ་རེ་གཞིན་རྨང་གཞིའི་རྒན་གསོའི་དངུལ་ལེན་རྒྱུ་ཡོད། འགན་བཅོལ་ཞུགས་མིས་རྒན་གསོའི་དངུལ་ལེན་པར་ལོ་15མ་འདང་བར་ཆ་མཚོན་ན་ལོ་རེ་བཞིན་གྲོན་དངུལ་སྤྲོད་ དགོས་ལ་གསབ་སྤྲོད་བྱས་ནའང་ཆོག (གྲོན་དངུལ་འཇལ་བའི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད )ཅིང་གྲོན་དངུལ་འཇལ་ཡུན་ལོ་15ལས་བརྒལ་མི་ཆོག རྒན་གསོའི་དངུལ་ལེན་ཆོག་པའི་ལོ་གྲངས་ལས་ལོ་15བརྒལ་བར་ཆ་མཚོན་ན་ལོ་རེ་བཞིན་གྲོང་དངུལ་འཇལ་དགོས་པ་དང་གྲོན་དངུལ་འཇལ་བའི་རིམ་རྩིས་ལོ་15ལས་མི་ཉུང་བ་དགོས།

        འགན་བཅོལ་ཞུགས་མི་ཁྲིམས་ཆད་འཁུར་བའི་དུས་བཀག་ཟིན་རྗེས་རང་ལོ་60ཧྲིལ་པོར་སླེབས་པའམ་དེ་ལས་མཐོ་བའི་མི་སྣ། དེ་མིན་གྲོན་དངུལ་འཇལ་བའི་ལོ་ཚད་15མ་འདེང་བར་གཏན་འབེབས་གཞིར་བཟུང་གྲོན་དངུལ་གསབ་སྤྲོད་བྱས་རྗེས་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

        དོན་ཚན་ཉི་ཤུ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་དངུལ་ལེན་བཞིན་པའི་མི་སྣ་འདས་གྲོངས་བྱུང་རྗེས་ཟླ་བ་ཕྱི་མ་ནས་བཟུང་རྒན་གསོའི་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ།

        དོན་ཚན་ཉེར་གཅིག་པ། སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་དང་གྲོང་ཚོ (སྡེ་ཁུལ )ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་དངུལ་ལེན་མཁན་མི་སྣའི་ཐོབ་ཐང་གནས་ཚུལ་ལ་བརྟག་དཔྱད་ཞིབ་བཤེར་དང་བདེན་པ་ཡིན་མིན་ར་སྤྲོད་བྱས་ཐོག་སྲིད་འཛིན་གྲོང་ཚོའི (སྡེ་ཁུལ )ཁྱབ་ཁོངས་ནང་འགན་བཅོལ་ཞུགས་མིའི་རྒན་གསོའི་དངུལ་ལེན་ཆོག་པའི་ཐོབ་ཐང་གནས་ཚུལ་རྣམས་ཡོངས་བསྒྲགས་བྱེད་པ་ དང་སྦྲགས་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་སོགས་ལེན་པའི་ཐོ་འགོད་ལ་དཔྱད་སྡུར་བྱས་ཏེ་མི་ཆད་པ་དང་། མི་ནོར་བ། བསྐྱར་ཟློས་མི་ཡོང་བ་བཅས་ཀྱི་འགན་ལེན་ བྱེད་དགོས།

        ལེའུ་དྲུག་པ།    ལམ་ལུགས་སྦྲེལ་མཐུད།

        དོན་ཚན་ཉེར་གཉིས་པ། དེ་སྔོན་གྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའམ་གྲོང་ཁྱེར་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་སྣ་ཚང་མ་གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་འཇུག་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའམ་གྲོང་ཁྱེར་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་གི་ཐེབས་རྩ་རྣམས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་དང་ཟླ་སྒྲིལ་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའམ་གྲོང་ཁྱེར་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་བའི་ལོ་ཚད་རིམ་རྩིས་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལོ་ཚད་ལ་རྩིས་རྒྱུ་ཡིན། རྒན་གསོའི་དངུལ་ལེན་ཆོག་པའི་ཆ་རྐྱེན་མི་འདེང་བའི་འགན་བཅོལ་ཞུགས་མིས་མུ་མཐུད་ནས་གྲོན་དངུལ་སྤྲོད་དགོས་པ་དང་གཏན་འབེབས་གཞིར་བཟུང་ཆ་རྐྱེན་འདང་བའི་མི་སྣས་མུ་མཐུད་ནས་རྒན་གསོའི་དངུལ་ལེན་ཆོག

        དོན་ཚན་ཉེར་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཞུགས་མིས་གྲོན་དངུལ་འཇལ་རིང་ཐེམ་ཐོ་སྤོ་སྒྱུར་དང་ས་གནས་གཞན་དག་ལ་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་དགོས་ཚེ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་འགན་བཅོལ་གྲོན་དངུལ་འཇལ་བའི་འབྲེལ་ཡོད་ཆ་འཕྲིན་ཁག་སྒྱུར་བ་ལས་གྲོན་དངུལ་སྒྱུར་མི་ཆོག ཞིང་ཆེན་ནམ་ས་ཁུལ་གཞན་དུ་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་དགོས་ཚེ་སྒྱུར་སའི་ས་གནས་ཀྱི་འབྲེལ་ ཡོད་ཚན་པ་ལ་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་བའི་སྙན་ཞུ་འབུལ་ཆོག་པ་དང་། མི་སྒེར་གྱི་རྩིས་ཐོའི་ནང་གི་བཅོལ་དངུལ་ཚང་མ་སྡེབ་གཅིག་ལ་སྒྱུར་བ་དང་། དེ་རྗེས་སྒྱུར་སའི་ས་ཁུལ་གྱི་གཏན་འབེབས་གཞིར་བཟུང་མུ་མཐུད་ནས་འགན་བཅོལ་གྲོན་དངུལ་འཇལ་དགོས་པ་དང་གྲོན་དངུལ་འཇལ་བའི་ལོ་ཚད་སྔ་ཕྱི་རིམ་རྩིས་རྒྱག་དགོས། གཏན་འབེབས་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དངུལ་ལེན་བཞིན་པའི་མི་སྣ་ཡིན་ཕྱིན་ཐེམ་ཐོ་ གང་དུ་སྤོ་སྒྱུར་བྱས་ཀྱང་དེའི་རྒན་གསོའི་འགན་བཅོལ་འབྲེལ་བ་སྒྱུར་གྱི་མེད།

        དོན་ཚན་ཉེར་བཞི་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་དང་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆེས་མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་འབྲེལ་མཐུད་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

        ལེའུ་བདུན་པ།    ཐེབས་རྩ་དོ་དམ་དང་ལྟ་སྐུལ། ཁྲིམས་ལུགས་ཀྱི་འགན་འཁྲི།

        དོན་ཚན་ཉེར་ལྔ་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ཐེབས་རྩ་དང་གྲོང་ཁྱེར་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩ་གཉིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཐོག་ཟླ་སྒྲིལ་གཏོང་རྒྱུ། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ནོར་སྲིད་ཐིང་གིས་འོས་འགུགས་ཐབས་ལམ་བེད་སྤྱད་དེ་ཚོང་ལས་དངུལ་ཁང་བདམས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ འགན་བཅོལ་གཉེར་སྒྲུབ་ཚན་པའི་ཡོང་འབབ་ཐོ་ཁོངས་དང་ཕྱིར་གཏོང་ཐོ་ཁོངས་འཛུགས་རྒྱུ། རིམ་ཁག་གི་ནོར་སྲིད་ཚན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ནོར་སྲིད་ཆེད་དོན་རྩིས་ཐོ་བཟོ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩ་དེ་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ནོར་སྲིད་ཆེད་ཐོའི་ནང་འཇུག་རྒྱུ། ཐེབས་རྩ་དང་ནོར་སྲིད་ཆེད་ཐོ་གཉིས་གཏོང་ཡོང་ཁག་སོ་སོ་བཟོ་བ་དང་རང་སྐྱོང་ལྗོངས་རིམ་པས་དོ་དམ་བྱེད་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་ལ་རྩིས་ཐོ་ལོགས་སུ་བཟོ་རྒྱུ། རང་ཚུགས་རྩིས་ཞིབ་དང་ཆེད་དངུལ་ཆེད་སྤྱོད་ཀྱི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན།

        དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར )རྫོང་(གྲོང་ཁྱེར་དང་ཆུས )བཅས་ཀྱི་ནོར་སྲིད་སྡེ་ཚན་གྱིས་སྒྲིག་ཁོངས་མི་གྲངས་ཚད་ལྡན་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཀྱི་ལོ་འཁོར་སྔོན་རྩིས་རྒྱག་པ་དང་འབྲེལ་ཐེབས་རྩ་དེ་དག་དུས་ཐོག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཆེད་སྤྱོད་ཐོ་ཁོངས་སུ་བསྒྱུར་ནས་རྒན་གསོའི་འགན་བཅོལ་ནང་ཞུགས་ མཁན་མི་སྣའི་ཐོབ་ཐང་དངུལ་དུས་ཐོག་ཏུ་ཆད་ལྷག་མེད་པར་གཏོང་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་ཉེར་བདུན་པ། ས་གནས (གྲོང་ཁྱེར )ཁག་གི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ཚན་པས་ས་ཆ་འདི་གའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དངུལ་གཏོང་སྤྲོད་ཀྱི་འཆར་འགོད་ཕྱོགས་སྒྲིག་བྱེད་དགོས་པ་དང་ཆབས་ཅིག་རིམ་པ་གཅིག་པའི་ནོར་སྲིད་སྡེ་ཚན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ཚན་པས་ཞིབ་བཤེར་ཕྱོགས་བསྡོམས་བྱས་ཏེ་རང་སྐྱོང་ལྗོངས་ནོར་སྲིད་ཚན་པས་ཞིབ་བཤེར་གཏན་འཁེལ་དང་ཐེབས་རྩ་བགོས་གཏོང་གི་ལས་འགན་འཁུར་རྒྱུ།

        དོན་ཚན་ཉེར་བརྒྱད་པ། རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་དོ་དམ་གྱི་ལས་འགན་ཏན་ཏིག་ངང་སྒྲུབ་དགོས་ཤིང་། ནང་ཁུལ་ཚོད་འཛིན་དང་ཐེབས་རྩ་རྩིས་བཤེར་གྱི་ལམ་ལུགས་གཉིས་འཛུགས་སྐྱོང་དང་འཐུས་ཚང་དུ་བཏང་སྟེ་ཐེབས་རྩ་གྲབས་གསོག་དང་བགོས་གཏོང་། གཏོང་སྤྲོད། གསོག་འཇོག དོ་དམ་སོགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་པ་མ་ཟད་གཏན་འབེབས་ལྟར་ཆ་འཕྲིན་སྤེལ་ནས་ཡོང་བསྒྲགས་ཁ་གསལ་ཡོང་བ་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ནོར་སྲིད། རྟོག་ཞིབ། རྩིས་བཤེར་སོགས་ཀྱི་ཚན་པ་ཁག་གིས་སོ་སོའི་འགན་འཁྲི་ལེགས་པར་ཁུར་ཏེ་ཐེབས་རྩ་གཏོང་ཡོང་དང་དོ་དམ། མ་འཇོག་འཁོར་སྐྱོད་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱས་ནས་ཐེབས་རྩ་འཚང་འཛིན་ཧམ་བཟུང་དང་གཞན་སྤྱོད་སོགས་གཏན་འགོག་བྱས་ཏེ་ཐེབས་རྩ་བདེ་འཇགས་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་ཉེར་དགུ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དངུལ་ཧམ་བཟུང་གཞན་སྤྱོད་དང་ལྐོག་ཟོས་བྱེད་མཁན་གྱི་ཚན་པའམ་མི་སྒེར་གང་རུང་ལ་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱ་རྒྱུ་དང་ཉེས་བསགས་ཀྱི་ཁྲིམས་འགལ་པ་ཁྲིམས་འཛིན་ལས་ཁུངས་ལ་སྐྱེལ་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

        དོན་ཚན་སུམ་ཅུ་པ། གཡོ་རྫུ་ཤོད་པ་དང་དཔང་ཡིག་ལག་ཁྱེར་རྫུན་མ་བཟོ་བ་སོགས་བྱས་ནས་གོང་རིམ་ལ་མགོ་སྐོར་གཏོང་བའམ་ཐབས་ངན་གཞན་དག་བེད་སྤྱད་དེ་རྒན་གསོའི་འགན་བཅོལ་དངུལ་ལེན་མཁན་ལ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས 》དོན་ཚན་ཉིས་བརྒྱ་དྲུག་ཅུ་རེ་དྲུག་ནང་གི་གཏན་འབེབས་གཞིར་བཟུང་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ།

        ལེའུ་བརྒྱད་པ།    གཉེར་སྒྲུབ་དོ་དམ་ཞབས་ཞུ་དང་ཆ་འཕྲིན་ཅན་འཛུགས་སྐྲུན།

        དོན་ཚན་སོ་གཅིག་པ། རིམ་ཁག་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གཉེར་སྒྲུབ་ཚན་པར་དགོས་ངེས་ཀྱི་གཞུང་ལས་ཁང་དང་ལས་ཀའི་སྒྲིག་ཆས་མཁོ་འདོན་དང་། འགྲོ་གྲོན་འགན་ལེན་ཐུབ་པ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལས་ཀའི་འགྲོ་གྲོན་རིམ་པ་ཁག་གི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ཐེབས་རྩའི་ནང་ནས་གཏོང་མི་ཆོག གཞི་རིམ་གྱི་ནོར་སྲིད་ཐད་དངོས་གནས་དཀའ་ངལ་ཡོད་པའི་ས་གནས་ལ་རང་སྐྱོང་ལྗོངས་ནོར་སྲིད་ནས་འོས་འཚམས་ཀྱིས་རོགས་སྐྱོར་ཁ་གསབ་སྤྲོད་རྒྱུ།

        དོན་ཚན་སོ་གཉིས་པ། རིམ་ཁག་སྲིད་གཞུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གཉེར་སྒྲུབ་ཀྱི་འཇོན་ཐང་འཛུགས་སྐྱོང་ཐད་ཤུགས་སྣོན་རྒྱག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ད་ཡོད་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་དོ་དམ་ལེགས་སྒྲིག་བྱས་ཏེ་གཞི་རིམ་གྱི་གཉེར་སྒྲུབ་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། ལས་དོན་མི་སྣའི་ཆེད་ལས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གཉེར་སྒྲུབ་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་དགོས།

        དོན་ཚན་སོ་གསུམ་པ། རིམ་པ་ཁག་གི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ཚན་པས་ནན་ཏན་གྱིས་འགན་བཅོལ་ཞུགས་མིའི་གྲོན་དངུལ་འཇལ་བ་དང་ཐོབ་ཐང་ལེན་པའི་གནས་ཚུལ་ཁག་ཐོ་འགོད་ཡག་པོ་བྱེད་པ་དང་། འགན་བཅོལ་ནང་ཞུགས་པའི་ཡིག་ཚགས་བཟོ་དགོས་པ་མ་ཟད་ཡུན་རིང་ཉར་ཚགས་ལེགས་པོ་བྱེད་དགོས། དེང་རབས་དོ་དམ་བྱ་ཐབས་དང་སྲིད་གཞུང་གིས་ ཞབས་ཞུ་ཉོ་སྒྲུབ་ཀྱི་བྱ་ཐབས་བེད་སྤྱད་དེ་སྲིད་འཛིན་མ་གནས་དམའ་རུ་གཏོང་བ་དང་ལས་ཆོད་མཐོ་རུ་གཏོང་དགོས།

        དོན་ཚན་སོ་བཞི་པ། ལྗོངས་ཡོངས་སུ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཆ་འཕྲིན་དོ་དམ་མ་ལག་འཛུགས་རྒྱུ་དེ “ཐེབས་རྩ་སྲུང་སྐྱོབ་ལས་གྲྭའི ”འཛུགས་སྐྲུན་ནང་འཇུག་དགོས་པ་མ་ཟད། སྤྱི་བདེ་སོགས་ཀྱི་སྤྱི་འབངས་ཀྱི་ཆ་འཕྲིན་དོ་དམ་མ་ལག་དང་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱ་དགོས། ཆ་འཕྲིན་དྲ་བ་དེ་གཞི་རིམ་དུ་ཁྱབ་ཐུབ་པ་བྱས་ཏེ་རང་སྐྱོང་ལྗོངས་དང་། ས་གནས (གྲོང་ཁྱེར )རྫོང (གྲོང་ཁྱེར་དང་ཆུས )ཤང་(གྲོང་རྡལ )བཅས་གོང་འོག་ཕན་ཚུན་དྲ་འབྲེལ་ཐུབ་པ་བྱ་རྒྱུ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་སྲིད་འཛིན་གྲོང་ཚོ (སྡེ་ཁུལ )བར་ཆ་འཕྲིན་སྦྲེལ་མཐུད་བྱ་རྒྱུ། ནུས་ཤུགས་ཆེན་པོས་སྤྱི་ཚོགས་འགན་སྲུང་གཱ་ཁྱབ་གདལ་བཏང་སྟེ་འགན་བཅོལ་ཞུགས་མིས་གཱ་འཁྱེར་ཏེ་གྲོན་དངུལ་འཇལ་བ་དང་ཐོབ་ཐང་དངུལ་ལེན་པ། དེ་མིན་རང་ཉིད་ཀྱི་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་སྐྲུན་དགོས།

        ལེའུ་དགུ་པ།    འགོ་ཁྲིད་སྒྲིག་འཛུགས་དང་འགན་འཁྲི་ཁག་བགོས།

        དོན་ཚན་སོ་ལྔ་པ། ས་གནས (གྲོང་ཁྱེར )ཁག་གི་སྲིད་འཛིན་ཀུང་ཧྲུའུ (མི་དམངས་སྲིད་གཞུང )ཡིས་རང་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ལས་དོན་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་དང་ལས་དོན་དེ་ས་གནས་དེ་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་མཇུག་གི་དམིགས་ཚད་དོ་དམ་ཞིབ་དཔྱད་ཁོངས་གཏོགས་ནང་བཅུག་ཏེ་འགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་། འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་ནུས་ཀྱི་ཁྱབ་ཁོངས་ནང་གི་ལས་དོན་ཁག་ལེགས་པོ་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་རིམ་པ་དེ་གའི་སྲིད་གཞུང་གི་རྒན་གསོའི་འགན་བཅོལ་ཁ་གསབ་དངུལ་གྲབས་གསོག་བྱ་རྒྱུའི་འགན་འཁྲི་ཁུར་རྒྱུ།

        དོན་ཚན་སོ་དྲུག་པ། རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་འབྲེལ་ཡོད་ཚན་པ་ཁག དེ་མིན་གཉེར་སྒྲུབ་ཚན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་སྲིད་ཇུས་ཀྱི་དྲིལ་བསྒྲགས་ལས་ཀ་ནན་ཏན་ངང་སྒྲུབ་དགོས་པ་དང་ཡང་དག་པའི་གླེང་ཕྱོགས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་མང་ཚོགས་ཁྲོད་དུ་བསྐྱོད་ནས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བའི་ཐབས་ལམ་བེད་ སྤྱད་ཐོག་གཞི་རིམ་ལ་ཟབ་འཇུག་བྱས་ནས་དྲིལ་བསྒྲགས་ལས་ཀ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཧུར་ཐག་ངང་འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་རྒྱུན་ཆད་མེད་པར་འཇལ་བ། འགན་བཅོལ་ཞུགས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཐུབ་པ་བྱ་རྒྱུ།

        དོན་ཚན་སོ་བདུན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པ་དང་ནོར་སྲིད་ཚན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྱི་སྲིད་ཇུས་གཏན་འབེབས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ལས་འགན་ཁུར་རྒྱུ་དང་གཉེར་སྒྲུབ་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ། ནོར་སྲིད་ཚན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ནོར་དོན་དང་རྩིས་གཉེར་ལམ་ལུགས་གཏན་འབེབས་བྱ་རྒྱུའི་ལས་འགན་འཁུར་རྒྱུ་དང་ཐེབས་རྩ་གཏོང་ཡོང་གི་སྔོན་རྩིས་ལམ་ལུགས་ལག་བསྟར་བྱེད་ཕྱོགས་ཐད་བརྟག་དཔྱད་རྩིས་བཤེར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ཐེབས་རྩའི་ཆེད་ཐོ་བཟོ་དགོས་པ་དང་ནོར་སྲིད་ཁ་སྣོན་ཐེབས་རྩ་བསྡུ་རུབ་དང་ཞིབ་བཤེར་ཡག་པོ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གཉེར་སྒྲུབ་ཚན་པས་སྙན་ཐོའི་བསྡོམས་རྩིས་རེའུ་མིག་ལམ་ལུགས་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་རྒྱུའི་ལས་འགན་ཁུར་ཏེ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་མི་སྒེར་གྱི་རྩིས་ཐོ་དོ་དམ། ཐོབ་ཐང་དངུལ་གཏོང་སྤྲོད། ཐེབས་རྩ་གཏོང་ཡོང་གི་སྔོན་རྩིས་དོ་དམ་སོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས། འཕེལ་སྒྱུར་དང་སྤྱི་བདེ། དམངས་སྲིད། རྒྱལ་ཁབ་ས་ཐོན། ཞིང་འབྲོག དབང་པོ་སྐྱོན་ཅན་མཉམ་ཚོགས་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལས་དོན་འགོ་ཁྲིད་ཚོགས་ཆུང་ཁོངས་གཏོགས་ཚན་པས་རང་སོ་སོའི་འགན་འཁྲི་ལེགས་པར་ཁུར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལས་ཀར་གཞོགས་འདེགས་ཧུར་ཐག་ཞུ་དགོས།

        ལེའུ་བཅུ་པ། ཞར་བྱུང་།

        དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ལྗོངས་ནོར་སྲིད་ཐིང་བཅས་ཀྱིས་ལག་བསྟར་བྱ་ཐབས་འདིའི་སྐོར་ལ་འགྲེལ་བཤད་རྒྱག་རྒྱུའི་འགན་ཁུར་རྒྱུ།

        དོན་ཚན་སོ་དགུ་པ། བྱ་ཐབས་འདི་2014ལོའི་ཟླ་7པའི་ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པས་ལག་བསྟར་བྱ་ཐབས་འདི་དང་མི་གཅིག་པའི་དེ་སྔའི་གཏན་འབེབས་གཞན་ཡོད་ཚེ་བྱ་ཐབས་འདི་གཞིར་བཟུང་ལག་བསྟར་བྱ་རྒྱུ་བཅས་སོ།

        (ཡིག་ཆ་དེ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།