དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ས་གནས་ཁག་དང་། གྲོང་ཨུད། སྲིད་འཛིན་ཀུང་ཧྲུའུ་ཁག ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། ལྗོངས་ཏང་ཨུད་ཀྱི་པུའུ་ཨུད་ཁག རང་སྐྱོང་ལྗོངས་ཀྱི་ཨུ་ལྷན་དང་། གཞུང་དོན་ཁང་། ཐིང་། ཅུས། མི་དམངས་ཚོགས་པ་བཅས་ཁག་ལ།

        《རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་པ་དང་། ད་ལྟ་ཁྱེད་ཚོར་པར་འགྲེམས་བྱ་རྒྱུ་ཡིན་པས་ལག་བསྟར་ནན་པོ་ཡོད་པ་ཞུ།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་།

        2014ལོའི་ཟླ་3ཚེས་26ཉིན།

           གཅིག དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱིའི་བླང་བྱ།

        རྒྱལ་ཡོངས་ཀྱི་དགེ་རྒན་ལས་དོན་ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་བ། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་བྱ་ཆེད། ད་ལྟ་གཤམ་གསལ་གྱི་བསམ་འཆར་འགའ་འདོན་རྒྱུ་ཡིན།

        1. གལ་ཆེའི་དོན་སྙིང་ལ་ངོས་འཛིན་བྱེད་དགོས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སློབ་གསོས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཤེས་བྱ་གསར་གཏོད་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་འཁུར་ཡོད། དགེ་རྒན་ནི་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་རྒྱུ་དང་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་དེ་རྒྱལ་ཡོངས་དང་མཉམ་དུ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན། དགེ་རྒན་དཔུང་ཁག་གི་སྤྱིའི་བྱང་ཚད་ཀྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་གལ་ཆེའི་ནུས་པ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མ་ཟད། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བར་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད་མོད། འོན་ཀྱང་རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཐད་སྔར་བཞིན་མངོན་གསལ་དོད་པའི་གནད་དོན་གནས་ཡོད་དེ། གཙོ་བོ་ས་ཁུལ་དབར་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་མེད་པ་དང་། དགེ་རྒན་གྱི་སྤྱིའི་བྱང་ཚད་མཐོ་པོ་མེད་པ་དང་ལག་ལེན་ནུས་པ་མི་འདང་བ། ལས་རིགས་སློབ་གསོའི “དགེ་རྒན་གཉིས་རྣམ་པའི ”དགེ་རྒན་དཀོན་པ། དགེ་རྒན་གྱི་ཁ་གསབ་ཐབས་ལམ་རྐྱང་པ་ཡིན་པ། ད་ཡོད་སྒྲིག་ཁོངས་ཀྱིས་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་མི་ཐུབ་པ་སོགས་ཡིན། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སློབ་གསོའི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་འགན་ལེན་བྱེད་པའི་རྨང་གཞི་ཞིག་དང་། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུའི་འགག་རྩ་ཞིག ཚན་སློབ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་པར་བརྟེན་ནས་བོད་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་འགན་ལེན་ཞིག་བཅས་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཐོ་ཚད་ཐོག་ལངས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་སློབ་གསོའི་ལས་དོན་ལ་ལྟ་བ། སྒྱུར་བཅོས་ཀྱི་བྱེད་ཐབས་ཐོག་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་མཁོ་འདོན་བྱེད་དགོས།

        2. མཛུབ་ཁྲིད་བསམ་བློ་ལག་བསྟར་བྱེད་དགོས། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང “བོད་དེ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང ”དང “བོད་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་པའི ”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་འགུགས་པ། རྨང་གཞི་བརྟན་གཏོང ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ། 《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་རྩ་གནད (2010ལོ་ནས་2020ལོའི་བར )》ལག་བསྟར་དོན་འཁྱོལ་བཅས་བྱས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་དང་སློབ་གསོའི་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཞིབ་ཕྲའི་བཀོད་སྒྲིག་གཞིར་བཟུང་ཁ་ཕྱོགས་གཏན་འཁེལ་དང་། སྒྱུར་བཅོས་གཏིང་ཟབ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག དམ་པ་དོན་གཉེར་བཅས་བྱས་ཏེ་སློབ་གསོའི་གཞུང་དྲང་ལ་སྐུལ་འདེད་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་སྣེ་འདྲེན་དུ་བྱེད་པ་དང་། “རྐང་འཛིན་གྱི་སྣེ་ཁྲིད ”དང “དགེ་རྒན་གྱི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་གཏོང ”ལག་བསྟར་བྱ་རྒྱུ་དམ་འཛིན་བྱེད་གཞིར་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ཏེ་དགེ་རྒན་གྱི་ཐོབ་ཐང་དང་ཆོག་འཐུས་ལམ་ལུགས་ནན་དུ་གཏོང་བ་དང་དགེ་རྒན་གྱི་གསོ་སྦྱོང་དང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

        3. གཞི་རྩའི་རྩ་དོན་སྟངས་འཛིན་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་སྔོན་ལ་འཇོག་པ་དང་ནུས་པར་གཙིགས་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དགེ་རྒན་དཔུང་ཁག་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན། ལས་རིགས་ཀུན་སྤྱོད་སྲུང་རྒྱུ་བཅས་འགན་ལེན་བྱེད་དགོས་པ་དང་། དགེ་རྒན་གྱི་སློབ་སྦྱོང་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གསོ་སྐྱོང་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ། དགེ་རྒན་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་ལ་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་ཆེད་ལས་ཤེས་བྱའི་རྨང་གཞི་བརྟན་པོ་དང་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ངེས་ཅན་ལྡན་པ་བྱེད་དགོས། གྲུབ་ཆ་ལེགས་སྒྲིག་དང་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་དགོས། དགེ་རྒན་དཔུང་ཁག་གི་ལོ་ཚད་དང་། སློབ་རྒྱུས། གོ་གནས་གོ་མིང་། རིག་ཚན་གྲུབ་ཆ་བཅས་ལེགས་སུ་བཏང་ནས་དགེ་རྒན་དཔུང་ཁག་གི་གྲུབ་ཆ་ཚན་རིག་ལུགས་མཐུན་དང་གཞི་ཁྱོན་གྱི་དགོས་མཁོ་སྐོང་དགོས། གཞི་རིམ་དང་དཀའ་ཚེགས་ཆེ་ཞིང་ཐག་རིང་ས་ཁུལ་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་དགེ་རྒན་ལ་ཕྱོགས་པའི་སྲིད་ཇུས་ཕྱོགས་སྟོན་ལམ་སྲོལ་དང་དགེ་རྒན་ལུགས་མཐུན་འཁོར་རྒྱུག་ཡོང་བའི་ལམ་སྲོལ་བཙུགས་ནས་དགེ་རྒན་གྱི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་གསར་གཏོད་དང་གསོན་ཤུགས་འཕེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། དགེ་རྒན་གྱི་སྒྲིག་ཁོངས་དོ་དམ་ལམ་སྲོལ་དང་། ཆོག་འཐུས་ལམ་སྲོལ། གོ་མིང་ཞིབ་དཔྱད་ལམ་སྲོལ། གླ་ཕོགས་དང་ཕན་བདེའི་འགན་སྲུང་ལམ་སྲོལ་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཕུལ་བྱུང་གི་དགེ་རྒན་ཤེས་ལྡན་པ་འབུར་དུ་ཐོན་པའི་སློབ་གསོ་མི་དོན་ལམ་ལུགས་རྩ་བའི་ཆ་ནས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དགེ་རྒན་གྱི་གནས་བབ་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་ཁེ་དབང་སྲུང་སྐྱོབ་དང་། དགེ་རྒན་གྱི་ཐོབ་ཐང་ལེགས་སུ་གཏོང་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་གྱི་རྣམ་པ་གཏོད་པ་བཅས་བྱས་ཏེ་དགེ་རྒན་དཔུང་ཁག་གི་གསོན་ཤུགས་འཕེལ་བ་བྱེད་དགོས།

        4. དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་དགོས། 2015ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་དགེ་རྒན་དཔུང་ཁག་གི་ནུས་པ་དང་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་། གཞི་རིམ་དང་དཀའ་ཚེགས་ཆེ་ཞིང་ཐག་རིང་ས་ཁུལ་གྱི་དགེ་རྒན་དཔུང་ཁག་ལ་ཁ་གསབ་ནུས་ལྡན་ཡོང་བ་བྱེད་དགོས། 2014ལོ་དང་2015ལོར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཆེད་འགན་དགེ་རྒན་2720དང་མི་2950མང་དུ་བཏང་ནས་2017ལོར་སླེབས་སྐབས་དགེ་རྒན་དཔུང་ཁག་གི་ནུས་པ་དང་བྱང་ཚད་མཐོ་རུ་ཕྱིན་པ་དང་གཞི་རིམ་དགེ་རྒན་མི་འདང་བ་དང་ས་ཁུལ་དབར་གྱི་ཁྱབ་ཚུལ་ལུགས་མཐུན་མེད་པའི་གནད་དོན་མངོན་གསལ་དོད་པོས་ལེགས་བཅོས་བྱེད་དགོས་པ་མ་ཟད། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་གཞི་ཁྱོན་ཡང་བརྟན་དུ་གཏོང་དགོས། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཆེད་འགན་དགེ་རྒན་གྱི་གྲངས་འབོར་དང་སྤུས་ཚད་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་དགོས་པ་དང་དགེ་རྒན་དཔུང་ཁག་གི་ས་ཁོངས་ཁྱབ་ཚུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱབ་ཚུལ་དེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་ཐུབ་པ་བྱེད་དགོས། དགེ་རྒན་གྱི་ཐོབ་ཐང་ཡང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་དགེ་རྒན་ལས་རིགས་ཀྱི་ཡིད་འགུགས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས།

          གཉིས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ཞིབ་ཕྲའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས།

        5. སློབ་གྲྭའི་སྒྲིག་ཁོངས་ཚད་གཞི་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས། རང་ལྗོངས་ཀྱི་འོས་འཚམས་ངང་གཅིག་སྡུད་སློབ་གཉེར་དང་ཞག་སྡོད་ལམ་ལུགས་ཀྱིས་གཙོ་བོ་བྱས་པའི་སློབ་གཉེར་བྱེད་ཐབས་དང “སྐད་གཉིས ”ཀྱི་སློབ་གསོའི་མ་ལག་སྲ་བརྟན་དང་། མཐོར་གཏོང་། འཐུས་ཚང་བཅས་ཀྱི་དགོས་མཁོར་དམིགས་པ་དང་དགེ་རྒན་ཟབ་སྦྱོང་དང་། བཙའ་གསོའི་ངལ་གསོ། འཁོར་ཞག བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བ་སོགས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཆེད་འགན་དགེ་རྒན་གྱི་སྒྲིག་ཁོངས་ཚད་གཞི་བཟོ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཏུ་གཅིག་གྱུར་གྱི་སློབ་གྲྭའི་སྒྲིག་ཁོངས་ཚད་གཞི་རིམ་གྱིས་ལག་བསྟར་བྱེད་པ་དང་ཞིང་འབྲོག་ཁུལ་དང་དཀའ་ཚེགས་ཆེ་ཞིང་ཐག་རིང་ས་ཁུལ་ལ་ཕྱོགས་དགོས། དགེ་རྒན་སྒྲིག་ཁོངས་ཀྱི་འགུལ་སྐྱོད་དོ་དམ་ལམ་སྲོལ་བཙུགས་ནས་ད་ཡོད་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་མི་གྲངས་ལ་གཞིགས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་སྒྲིག་ཁོངས་བཟོ་དགོས་པ་དང་འབྲེལ་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལོ་རེར་ཞིབ་དཔྱད་ཐེངས་རེ་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་མི་འགྲོ་འོང་གི་འཕེལ་ཕྱོགས་ལ་གཞིགས་ནས་སློབ་གྲྭའི་ཁྱབ་ཚུལ་ལེགས་སྒྲིག་འོས་འཚམས་བྱས་ཏེ་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སློབ་གྲྭ་གཉེར་རྒྱུར་སྐུལ་ལྕག་བྱེད་དགོས། སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་སྤྱི་ཚོགས་ཅན་དུ་འགྱུར་རྒྱུར་རིམ་གྱིས་སྐུལ་འདེད་གཏོང་བ་དང་སློབ་གྲྭའི་གསར་དུ་འཕར་བའི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣར་སྲིད་གཞུང་གིས་སྤྱི་པའི་ཞབས་ཞུ་ཉོ་བའི་བྱེད་ཐབས་ཐོག་ནས་ཐག་གཅོད་བྱེད་དགོས།

        6. གསོ་སྐྱོང་ཐད་ཤུགས་སྣོན་བརྒྱབ་ནས་དགེ་རྒན་མང་དུ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

        ལྗོངས་ནང་ཁུལ་གྱི་མཐོ་སློབ་གཙོ་བོར་བཟུང་བ་དང་ལྗོངས་ཕྱིའི་དགེ་འོས་སློབ་གླིང་དང་སློབ་གྲྭས་གཞོགས་འདེགས་བྱེད་པའི་དགེ་རྒན་གསོ་སྦྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ད་ཡོད་ཀྱི་རྨང་གཞིའི་ཐོག་ལོ་ལྟར་དགེ་འོས་ཆེད་ལས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་500བསྡུ་དགོས། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་གླིང་དང་སློབ་གྲྭས་བོད་ནས་མིན་པའི་སློབ་ཁུངས་ཁ་ཕྱོགས་གཏན་འཁེལ་གྱིས་བོད་དུ་བགོ་བའི་དགེ་འོས་སློབ་མའི་གྲངས་འབོར་ལེགས་སྒྲིག་དང་མང་དུ་གཏོང་དགོས་པ་དང་། ལྗོངས་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱིས་བོད་ནས་མིན་པའི་སློབ་ཁུངས་ཁ་ཕྱོགས་གཏན་འཁེལ་གྱིས་བོད་ལ་བགོ་བའི་ལས་ཞུགས་དགེ་འོས་སློབ་མའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དབྱིན་ཡིག་དང་། རོལ་དབྱངས། ལུས་རྩལ། མཛེས་རིས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་སོགས་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

        7. དགེ་རྒན་ཁ་གསབ་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་དགེ་རྒན་གྱི་གྲངས་འབོར་གྱིས་སློབ་ཁྲིད་དང་སློབ་གསོའི་དགོས་མཁོ་རིམ་བཞིན་སྤྱིར་ན་སྐོང་ཐུབ་པ་བྱེད་དགོས། ཡོངས་བསྒྲགས་ངང་བསྡུ་ལེན་དང་ཤེས་ལྡན་པ་གདན་འདྲེན་སོགས་ཀྱི་ཐབས་ལམ་བརྒྱུད་དགེ་རྒན་ཁ་གསབ་བྱེད་དགོས། དགེ་འོས་ཆེད་ལས་སྔོན་དུ་འཇོག་པ་དང་དཀོན་པོ་ཡོད་པའི་ཆེད་ལས་གཞན་གྱི་ཕུལ་བྱུང་གི་སློབ་ཐོན་སློབ་མ་ཁ་གསབ་ཏུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དགེ་རྒན་ཡོངས་བསྒྲགས་ངང་བསྡུ་ལེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དགེ་རྒན་ཡོངས་བསྒྲགས་ངང་བསྡུ་ལེན་བྱེད་ཐབས་འཐུས་ཚང་དུ་བཏང་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ཀྱི་སློབ་ཐོན་སློབ་མས་རང་སྦྱོང་གི་ཡིག་རྒྱུགས་སམ་ཡང་ན་ལས་བྲལ་མུ་མཐུད་སློབ་གསོའི་ནང་ཞུགས་ནས་དགེ་འོས་ཆེད་ལས་ཀྱི་ཆེད་ལས་སློབ་ཆེན་ཡན་གྱི་སློབ་རྒྱུས་རག་རྗེས་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱེད་པའི་རྒྱུགས་ལེན་ནང་ཞུགས་ཆོག་པ་དང་བསྡུ་ལེན་བྱས་རྗེས་སློབ་མའི་ཐེམ་ཁོངས་ཡོད་སའི་སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་གྱི་ལས་གནས་ལ་ཁ་གསབ་བྱེད་དགོས། ཕུལ་བྱུང་གི་སློབ་ཆེན་ཐོན་པའི་སློབ་མ་སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་གྱི་ཡིག་རྒྱུགས་ནང་ཞུགས་པར་ལྕག་སྐུལ་བྱེད་དགོས། ཕུལ་དུ་བྱུང་བའི་ཤེས་ལྡན་པ་གདན་འདྲེན་ཞུ་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་གི་དགོས་མཁོ་གཞིར་བཟུང་ལོ་ལྟར་སློབ་འབྲིང་དང་། འབྲིང་རིམ་ལས་རིགས་སློབ་གྲྭ དམིགས་བསལ་སློབ་གསོ་བཅས་ཀྱི་དགེ་རྒན་300ནང་འདྲེན་བྱ་རྒྱུའི་འཆར་གཞི་བཏོན་པ་དེ་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཚན་གྱིས་གཅིག་གྱུར་ཐོག་སྒྲིག་འཛུགས་དང་ལག་བསྟར་དང་། མཐོ་སློབ་ཁག་གི་དགོས་མཁོ་གཞིར་བཟུང་ལོ་ལྟར་མཐོ་སློབ་ཀྱི་དགེ་རྒན་100གདན་འདྲེན་བྱ་རྒྱུའི་འཆར་གཞི་བཏོན་པ་དེ་མཐོ་སློབ་ཁག་གིས་རང་བདག་ངང་རབ་འབྱམས་པ་ཡན་གྱི་སློབ་རྒྱུས་ཡོད་པའི་སློབ་ཐོན་སློབ་མ་གདན་འདྲེན་པ། ལས་རིགས་སློབ་གླིང་ཁག་གིས་དགོས་མཁོ་གཞིར་བཟུང་སྒྲིག་ཁུངས་ནང “དགེ་རྒན་ཕྱོགས་གཉིས་རྣམ་པའི ”དགེ་རྒན་གཙོ་གནད་ཐོག་གདན་ཞུ་བཅས་བྱེད་དགོས། ཤེས་ལྡན་པ་ནང་འདྲེན་བྱེད་པར་མཆོག་རམས་པར་སྒོར་ཁྲི་20དང་། འབུམ་རམས་པར་སྒོར་ཁྲི་12 རབ་འབྱམས་པར་སྒོར་ཁྲི་8བཅས་ཀྱི་ཚད་གཞི་ལྟར་སྤྲོད་ཐེངས་གཅིག་གི་ཁ་གསབ་དངུལ་སྤྲོད་པ་དང་ལས་ཞུགས་ཞབས་ཞུའི་གྲོས་ཡིག་བཞག་སྟེ་ཞབས་ཞུའི་ལོ་ཚད་ལོ་ལྔ་ལས་མི་ཉུང་བ་བྱེད་དགོས་པ་དང་ཞབས་ཞུའི་ལོ་ཚད་ཐིམ་མེད་ཚེ། སྤྲོད་ཐེངས་གཅིག་གི་ཁ་གསབ་དངུལ་ཕྱིར་སློག་བྱེད་དགོས། དགེ་རྒན་ཁ་གཏད་བོད་སྐྱོར་བྱེད་པའི་ལས་དོན་དོན་འཁྱོལ་བྱེད་དགོས། དགེ་རྒན་གྱིས་བོད་སྐྱོར་དང་སློབ་གསོར་རོགས་སྐྱོར་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་མཐུན་སྦྱོར་བྱས་ནས་ཁག་ཐེངས་རེར་དགེ་རྒན་1200རང་ལྗོངས་ཀྱི་དགེ་རྒན་ལས་གནས་ལ་འདེམས་གཏོང་བྱེད་དགོས། “ཁུལ་གསུམ་ལ་ཤེས་ལྡན་པ་རྒྱབ་སྐྱོར་བྱེད་པའི་འཆར་གཞི ”ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ལྟར་དགེ་རྒན་300བོད་དུ་སློབ་གསོར་རྒྱབ་སྐྱོར་བྱེད་པར་འདེམས་གཏོང་བྱེད་དགོས་པ་དང་འབྲེལ་ཡོད་ཐོབ་ཐང་ནི་བོད་སྐྱོར་ལས་བྱེད་པའི་ཐོབ་ཐང་དཔྱད་གཞིར་འཛིན་ནས་གླ་ཆའི་ཁ་གསབ་དེ་སྲིད་ཇུས་ལྟར་ལག་ལེན་བསྟར་བ་དང་གཞུང་སྤྱོད་འགྲོ་གྲོན་དེ་རང་ལྗོངས་ལ་ད་ལྟ་ལག་ལེན་བསྟར་བའི་དགེ་རྒན་གྱི་ཚད་གཞི་གཞིར་བཟུང་ལག་བསྟར་བྱེད་དགོས། དགེ་འོས་ཆེད་ལས་ཀྱི་སློབ་ཐོན་སློབ་མའི་ཁྲོད་ནས “ནུབ་རྒྱུད་དང་བླངས་པ ”འདེམས་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་སློབ་ཀྱི་དོ་དམ་མི་སྣ་དང་། ཟུར་ཁྲིད་པ། སློབ་ཁྲིད་ཟུར་ཁྲིད་མི་སྣའི (ཚན་རིག་ཞིབ་འཇུག་མི་སྣ་དང་། ཚོད་ལྟ་བ། དཔེ་མཛོད་ཁང་གི་ལས་དོན་མི་སྣ )དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་སློབ་ཀྱི་སློབ་ཁྲིད་དང་དོ་དམ་ལས་དོན་གྱི་དགོས་མཁོ་གཞིར་བཟུང་མཐོ་སློབ་ཀྱི་དོ་དམ་མི་སྣ་དང་། ཟུར་ཁྲིད་པ། སློབ་ཁྲིད་ཟུར་ཁྲིད་པ་བཅས་སྟོབས་ལྡན་ཞིག་རིམ་བཞིན་བཀོད་སྒྲིག་བྱེད་པ་དང་སློབ་གསོ་སློབ་ཁྲིད་དང་དུས་རྒྱུན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

        8. གསོ་སྦྱོང་བྱེད་ཐབས་འཐུས་ཚང་དང་གསོ་སྦྱོང་གི་སྤུས་ཚད་ལེགས་སུ་གཏོང་དགོས། དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ཆེད་ལས་ལག་རྩལ་མི་སྣའི་མུ་མཐུད་སློབ་གསོའི་རྟེན་གཞི་ཡིན་པའི་བོད་ལྗོངས་སློབ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། “རྒྱལ་ཁབ་ཀྱི་གསོ་སྦྱོང ”དང་རང་སྐྱོང་ལྗོངས་རིམ་པའི་དགེ་རྒན་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་ས་ཁུལ་དང་རྫོང་རིམ་པ་དང་སློབ་གྲྭ་དེ་རང་དུ་གསོ་སྦྱོང་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཡོངས་ལོ་ལྔའི་ནང་རེས་མོས་གསོ་སྦྱོང་བྱེད་པའི་དམིགས་ཚད་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་ལོ་ལྟར “རྒྱལ་ཁབ་ཀྱི་གསོ་སྦྱོང ”དང་རང་སྐྱོང་ལྗོངས་རིམ་པའི་གསོ་སྦྱོང་ནང་ཞུགས་མཁན་དགེ་རྒན་མི་11000ལས་མི་ཉུང་བ་བཀོད་སྒྲིག་བྱེད་དགོས། གཙོ་གནད་ཐོག་འོས་འགན་སློབ་གསོའི “སྐད་གཉིས ”ཀྱི་དགེ་རྒན་དང་སློབ་ཞུགས་གོང་གི “སྐད་གཉིས ”ཀྱི་དགེ་རྒན་གསོ་སྦྱོང་བྱ་རྒྱུ་དང་སློབ་གྲྭའི་སློབ་སྤྱི་དང་། འབྲིང་རིམ་དོ་དམ་ལས་བྱེད་པ། འཛིན་གྲྭའི་ཀྲུའུ་རེན། མཐོ་རིམ་སློབ་འབྲིང་གི་རྐང་འཛིན་དགེ་རྒན་བཅས་གསོ་སྦྱོང་བྱ་རྒྱུ་བཀོད་སྒྲིག་བྱེད་དགོས། རྐང་འཛིན་དགེ་རྒན་དང་སློབ་སྤྱི་ཁ་གཏད་བོད་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་ལ་གསོ་སྦྱོང་བྱེད་པར་འདེམས་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ད་ཡོད་ཀྱི་ཁ་གཏད་བོད་སྐྱོར་གྱི་ཐབས་ལམ་ལ་བརྟེན་ནས་ལོ་ལྟར་རྐང་འཛིན་དགེ་རྒན་200དང་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱི་30ཁ་གཏད་བོད་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་ལ་དུས་ཡུན་ལོ་ཕྱེད་ཡན་གསོ་སྦྱོང་བྱ་རྒྱུར་བཀོད་སྒྲིག་བྱེད་དགོས།

        9. དགེ་རྒན་གྱི་ཐོབ་ཐང་མཐོ་རུ་དང་དགེ་རྒན་གྱི་དཔུང་ཁག་བརྟན་དུ་གཏོང་དགོས། དགེ་རྒན་གྱི་གོ་མིང་གི་གྲུབ་ཆ་ལེགས་སུ་བཏང་ནས་དགེ་རྒན་གྱི་གོ་མིང་མཐོ་འབྲིང་གི་བསྡུར་ཚད་མཐོ་རུ་འོས་འཚམས་གཏོང་དགོས། གྲོང་གསེབ་དགེ་རྒན་ལ་འཚོ་བའི་ཁ་གསབ་ལམ་ལུགས་བཟོས་ནས་སླད་ཕྱིན་གྱི་ལོ་གཉིས་ནང་ཤང་གྲོང་དགེ་རྒན་གྱི་འཚོ་བའི་ཁ་གསབ་མ་དངུལ་གྱི་ཚད་གཞི་དེ་ཁུལ་རིགས་གཉིས་པར་ལོ་ལྟར་གྱི་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར་100དང་། ཁུལ་རིཌ་གསུམ་པར་ལོ་ལྟར་གྱི་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར་200 ཁུལ་རིགས་བཞི་པར་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར་300བཅས་བར་མཐོ་རུ་གཏོང་དགོས། 2016ལོར་སླེབས་སྐབས་ཁ་གསབ་ཀྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་1000ཟིན་པ་བྱ་དགོས། དེའི་ཁྲོད་ཁུལ་རིགས་གཉིས་པར་མི་རེར་ཟླ་རེར་སྒོར་500དང་། ཁུལ་རིགས་གསུམ་པར་མི་རེར་ཟླ་རེར་སྒོར་1000 ཁུལ་རིགས་བཞི་པར་མི་རེར་ཟླ་རེར་སྒོར་1500བཅས་ཟིན་པ་བྱས་ནས་དགེ་རྒན་གཞི་རིམ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་དང་ཐག་རིང་ས་ཁུལ་དུ་འཁོར་རྒྱུག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། གཞི་རིམ་ནས་ལས་སྒྱུར་བྱས་རྗེས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་མེད་པ་བཟོ་དགོས། དགེ་རྒན་གྱི་ལས་ཤག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་པ། དགེ་རྒན་གྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་གཏོང་བ་བཅས་བྱས་ཏེ་དགེ་རྒན་གྱི་ལས་ཤག་རྒྱག་རྒྱུ་དེ་ལྗོངས་ཡོངས་ཀྱི་སྡོད་ཁང་འགན་ལེན་གྱི་མ་ལག་ནང་འཇུག་དགོས། དགེ་རྒན་གྱི་གཟེངས་བསྟོད་བྱ་དགའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་གཟི་བརྗིད་ལམ་ལུགས་བཟོ་རྒྱུའི་འཚོལ་ཞིབ་བྱེད་དགོས། རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ་འོས་སྦྱོར་བྱེད་པའི་ལས་དོན་དང་ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་ལྗོངས་ཡོངས་ཀྱི་སྔོན་ཐོན་སློབ་གསོའི་ལས་དོན་པར་གཟེངས་བསྟོད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་འབྲོག་ཁུལ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་དང་ཐག་རིང་ས་ཁུལ་དུ་ཡུན་རིང་དགེ་རྒན་བྱེད་པ་དང་བྱས་རྗེས་གཟེངས་སུ་ཐོན་པའི་དགེ་རྒན་ལ་གཟེངས་བསྟོད་བྱེད་ཤུགས་དང་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་དགེ་རྒན་དང་གྲགས་ཅན་སློབ་སྤྱིའི་གསོ་སྐྱོང་འདུ་འགོད་ལག་བསྟར་བྱེད་པ། རང་སྐྱོང་ལྗོངས་ཀྱི་དམིགས་བསལ་རིམ་པའི་དགེ་རྒན་དཔྱད་འདེམས་ལས་དོན་ཡག་པོ་སྒྲུབ་པ། “བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་ཀྱི་སློབ་གསོ་མཁས་ཅན ”གྱི་གཟི་བརྗིད་མཚན་སྙན་འཛུགས་པ་བཅས་བྱེད་དགོས།

        10. དགེ་རྒན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གསོ་དང་། དྲིལ་བསྒྲགས། ལྟ་སྐུལ། དཔྱད་ཞིབ་བཅས་དང་བྱ་དགའ་ཆད་གཅོད་ཟུང་འབྲེལ་བྱེད་པའི་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དགེ་རྒན་གྱི་ཀུན་སྤྱོད་ཡག་ཉེས་དེ་དགེ་རྒན་གྱི་གོ་མིང་གཏན་འཁེལ་དང་། དུས་བཀག་ཐོ་འགོད། བྱས་རྗེས་དཔྱད་ཞིབ། གོ་མིང་དཔྱད་འདེམས། ལེགས་འདེམས་བྱ་དགའ་བཅས་ཀྱི་ཐོག་མའི་ཆ་རྐྱེན་ལ་བརྩིས་ཏེ་དགེ་རྒན་ལ་དགེ་རྒན་གྱི་ཀུན་སྤྱོད་ཡག་ཉེས་ཀྱི་གཅིག་ཆད་་ཁྲ་སློག་ལམ་ལུགས་ལག་ལེན་བསྟར་དགོས། དགེ་རྒན་གྱི་ཀུན་སྤྱོད་ཡག་ཉེས་དེ་སློབ་གྲྭའི་སློབ་གཉེར་སྤུས་ཚད་ལ་དཔྱད་དཔོག་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩི་དགོས།

        སློབ་སྲོལ་འཛུགས་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་དང་ཆད་གཅོད་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་འཛོལ་ཚབས་ཆེན་ཐོན་པ་དང་ཚུལ་མིན་བྱེད་སྤྱོད་སྤེལ་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་ཆད་གཅོད་ནན་པོ་བྱེད་པ་དང་། ཐ་ན་དགེ་རྒན་གྱི་དཔུང་ཁག་ནས་ཕྱིར་འབུད་བྱེད་དགོས། སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཞུགས་པའི་དགེ་རྒན་གྱི་ཀུན་སྤྱོད་ལྟ་སྐུལ་མ་ལག་འཛུགས་དགོས། དགེ་རྒན་གྱི་གོ་མིང་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་དགེ་རྒན་གྱི་ལག་ཁྱེར་འཁྱེར་ནས་ལས་ཀར་ཞུགས་པའི་ལམ་ལུགས་ཁྱབ་གདལ་གཏོང་དགོས། དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་ནུས་པར་རྒྱུགས་ལེན་དང་དཔྱད་ཞིབ་བྱེད་པའི་ཚད་གཞི་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་རྒན་གྱི་གོ་མིང་ངོས་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལོ་ལྔ་རེས་སྐོར་རེར་བརྩི་བའི་དགེ་རྒན་གྱི་གོ་མིང་དུས་བཀག་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་དགོས། སློབ་ཁྲིད་ཀྱི་ལས་གནས་དང་མ་འཚམ་པའི་དགེ་རྒན་ལ་ལས་བྲལ་གསོ་སྦྱོང་དང་། ལས་སྒྱུར་དང་ལས་བྲལ་ལམ་ལུགས་ལག་བསྟར་བྱེད་དགོས། སློབ་སྤྱི་དང་དགེ་རྒན་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཁོངས་ནང་གི་སློབ་ཆུང་གི་སློབ་སྤྱི་དང་བུ་བཅོལ་ཁང་གི་ཡོའན་ཀྲང་དང་དགེ་རྒན་སྤེལ་རེས་དང་། ས་ཁུལ་དང་གྲོང་ཁྱེར་ས་ཁོངས་ནང་གི་སློབ་འབྲིང་གི་སློབ་སྤྱི་དང་དགེ་རྒན་སྤེལ་རེས་ཀྱི་ལམ་སྲོལ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭའི་དགེ་རྒན་གྱིས་ཞིང་འབྲོག་ཁུལ་གྱི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་ལས་དོན་སྤེལ་བ་དང་འབྲེལ། རྫོང (གྲོང་ཁྱེར་དང་ས་ཁུལ་གནས་ཡུལ་གྱི་རྫོང་ཚུད་མེད )དང་དེ་བཞིན་རྫོང་རིམ་པ་མན་གྱི་སློབ་གྲྭར་དགེ་རྒན་ལོ་གཅིག་ཡན་བྱས་པའི་ལས་ཀའི་ཉམས་མྱོང་དེ་སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་གི་དགེ་རྒན་གྱི་མཐོ་རིམ་གོ་མིང་དང་། དམིགས་བསལ་རིམ་པའི་དགེ་རྒན། གྲགས་ཅན་དགེ་རྒན། གྲགས་ཅན་སློབ་སྤྱི་བཅས་རེ་ཞུ་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཏུ་བརྩི་དགོས། ཞིང་འབྲོག་ཁུལ་དང་། དཀའ་ཚེགས་ཆེ་བའི་མཐའ་མཚམས་དང་རྒྱང་རིང་ས་ཁུལ། ཤང་དང་གྲོང་ཚོའི་དགེ་རྒན་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དགེ་རྒན་ཡོངས་བསྒྲགས་ངང་བསྡུ་ལེན་དང་། ནང་འདྲེན། དགེ་རྒན་སྐོང་འཐེན་སོགས་ཐད་ཞིང་འབྲོག་ཁུལ་དང་། དཀའ་ཚེགས་ཆེ་བའི་མཐའ་མཚམས་དང་རྒྱང་རིང་ས་ཁུལ། ཤང་དང་གྲོང་ཚོ་བཅས་ཀྱི་སློབ་གྲྭའི་དགོས་མཁོར་སྔོན་དུ་བསམ་གཞིག་བྱས་ནས་དགེ་རྒན་གསོ་སྦྱོང་དང་། འཚོ་བའི་ཁ་གསབ། གོ་མིང་གདན་ཞུ། ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་བཅས་ཐད་གཞི་རིམ་ལ་ཕྱོགས་དགོས།

           གསུམ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

        11. རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས “འགན་འཁུར་བ་དང་པོའི ”འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་དང་། འགོ་ཁྲིད་པ་གཙོ་བོས་དུས་ཚོད་གཏན་འཁེལ་ངང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་པ། མངོན་གསལ་དོད་པའི་གནད་དོན་འཕྲལ་དུ་ཞིབ་འཇུག་དང་ཐག་གཅོད་བཅས་བྱེད་དགོས། སྡེ་ཚན་དབར་གྱི་འབྲེལ་གཏུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་བགོས་ཁ་གསལ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་བཅས་ཆགས་པ་བྱེད་དགོས། རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལས་དོན་དོན་འཁྱོལ་བྱ་རྒྱུར་ཞིབ་ཕྲའི་དམ་འཛིན་བྱས་ཏེ་སྒྲིག་ཁུངས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དགེ་རྒན་གྱི་སྒྲིག་ཁུངས་བཟོ་བ་དང་། མི་སྣ་ཁ་གསབ་རྒྱག་པ། གོ་མིང་དཔྱད་བསྡུར་དང་གདན་ཞུ་སོགས་ཀྱི་ཐད་འགན་ལེན་བྱེད་དགོས།

        12. ལྟ་ཞིབ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་གནས་ཚུལ་དེ་རིམ་ཁག་སྲིད་གཞུང་གི་སློབ་གསོའི་ལས་དོན་ནང་གི་དཔྱད་ཞིབ་ཚད་གཞི་གཙོ་བོའི་གྲས་སུ་འཇུག་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་སློབ་གསོ་སྲིད་འཛིན་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པའི་སྲིད་རྗེས་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩི་བ། སློབ་སྤྱིར་དཔྱད་ཞིབ་དང་སློབ་གྲྭར་དཔྱད་དཔོག་གི་ཚད་གཞི་གཙོ་བོར་བརྩི་བ། དེའི་འབྲས་བུ་དེ་ཕུལ་བྱུང་དང་སྔོན་ཐོན་འདེམས་པ་དང་གཟེངས་བསྟོད་བྱ་དགའ་སྤྲོད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་ཁག་དང་སློབ་གྲྭས་དགེ་རྒན་དཔུང་ཁག་འཛུགས་སྐྲུན་སྐྱོང་ཐད་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུར་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་ལས་ཀའི་གྲུབ་འབྲས་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པ་དང་སྔོན་ཐོན་གྱི་ཉམས་མྱོང་ཁྱབ་གདལ་བཏང་སྟེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས།

        13. གྲོན་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་སྲིད་གཞུང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་ཀྱི་སློབ་གསོའི་གྲོན་དངུལ་གསར་སྣོན་བརྒྱབ་སྟེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དེ་མ་དངུལ་གཏོང་ཡུལ་གལ་ཆེན་གྲས་སུ་བརྩིས་ནས་དགེ་རྒན་གསོ་སྐྱོང་གསོ་སྦྱོང་དང་གླ་ཕོགས་ཐོབ་ཐང་སོགས་ཐད་ཀྱི་གྲོན་དངུལ་འགན་ལེན་ཏན་ཏིག་བྱེད་དགོས། གྲོན་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཆེད་དངུལ་ཆེད་སྤྱོད་འགན་ལེན་བྱས་ནས་གྲོན་དངུལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།