གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྲིད་ཇུས་གསལ་འགྲེལ།
གཅིག གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་བཟོ་དགོས་དོན་གང་ཡིན་ནམ།
ལན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། 2009ལོའི་ལོ་མཇུག་ཏུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་རྒན་བཅོལ་གསར་པ་ལག་ལེན་བསྟར་འགོ་ཚུགས་པ་དང་2011ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལག་ལེན་བསྟར་འགོ་ཚུགས་པ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་དུ་ལམ་ལུགས་གཉིས་ཡོངས་སུ་ཁྱབ་པས་ལམ་ལུགས་ཀྱི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་གི་གནད་དོན་ཐག་གཅོད་བྱས་པ་དང་མང་ཚོགས་ཀྱི་རྒན་གསོ་བྱེད་པའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཡང་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་རྨང་གཞིའི་རྒན་གསོའི་དངུལ་དང་། འབྲེལ་བ་གཞན་སྒྱུར་སྦྲེལ་མཐུད། གྲོང་ཚོའི (གྲོང་མི )ཨུ་ལྷན་གྱི་ཁོངས་མིའི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི། གྲོན་དངུལ་དུས་ཚོད་རིང་པོ་འཇལ་བ་དང་མང་པོ་འཇལ་བར་ལྕག་སྐུལ་བྱེད་པའི་ལམ་སྲོལ་སོགས་ཐད་ལམ་ལུགས་དེ་གཉིས་གཅིག་མཐུན་དེ་ཙམ་མེད་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་པ་རྣམས་དེང་རབས་ཅན་གྱི་འཕེལ་རིམ་ནང་འདྲ་མཉམ་ངང་ཞུགས་པ་དང་། དེང་རབས་ཅན་གྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ་བཅས་བྱ་ཕྱིར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་གཅིག་གྱུར་ཞིག་བཟོས་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔར་ཡོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གཉིས་ཟླ་སྒྲིལ་བཏང་བ་དང་འབྲེལ་ལག་ལེན་ཡང་བསྟར་བའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་སྤྱི་འདོམས་བྱས་ནས་བཟོས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཤིག་ཡིན་པ་དང་། 2014ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད།
གཉིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་བཟོ་བར་དོན་སྙིང་གལ་ཆེན་གང་ཡོད་དམ།
ལན། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་སྐུལ་མ་གཏོང་དགོས་པའི ”སྐོར་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱིས་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྒྲོམ་གཞི་དང་འཁོར་སྐྱོད་གནས་ཚུལ་ལ་དཔྱད་དཔོག་ནན་ཏན་དང་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ལམ་ལུགས་རྒྱ་ཁྱབ་ངང་བཟོ་བ་དང་། ཁྱབ་རྒྱ་མྱུར་དུ་ཆེ་རུ་གཏོང་བ། མང་ཚོགས་ལ་ཡོངས་ཁྱབ་ངང་ཁེ་ཕན་ཐོབ་པ་སོགས་ཕན་འབྲས་མངོན་གསལ་དོད་པོ་ཁས་ལེན་གང་ལེགས་བྱས་པ་དང་དུས་མཚུངས་ཐག་གཅོད་བྱེད་དགོས་པའི་འགལ་བ་འགའ་ཞིག་ཀྱང་ཤེས་རྟོགས་བྱུང་བ་རེད། ལྷག་པར་དུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལོགས་སུ་ལག་ལེན་བསྟར་བར་བརྟེན་འབྲེལ་ཡོད་སྲིད་ཇུས་གཅིག་མཐུན་དེ་ཙམ་མེད་པ་དང་། ཚད་གཞི་མཐོ་དམའ་མི་འདྲ་བ། དོ་དམ་ཐོན་ཁུངས་ཁ་ཐོར་བཅས་ཀྱི་འགལ་བ་གནས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་ནང་ཁུལ་དང་དེ་བཞིན་ལས་བཟོའི་རྒན་གསོ་འགན་བཅོལ་ལམ་ལུགས་དབར་སྦྲེལ་མཐུད་སྲིད་ཇུས་ཡག་པོ་དེ་ཙམ་མེད་པས་ངལ་རྩོལ་ནུས་ཤུགས་དང་མི་འབོར་འཁོར་རྒྱུག་བྱེད་རིང་གི་ཁེ་ཕན་འགན་ལེན་བྱེད་པ་སོགས་ལ་འགོག་རྐྱེན་བཟོས་ཡོད། གནད་དོན་དེ་དག་ནང་གནད་དོན་འགའ་ནི་ལམ་ལུགས་བཟོ་བའི་ཐོག་མར་སྔོན་དཔག་ཐུབ་ཀྱང་སྐབས་དེར་ཐག་གཅོད་བྱ་རྒྱུའི་ཆ་རྐྱེན་མེད་པ་དང་། གནད་དོན་འགའ་ནི་ལམ་ལུགས་འཕེལ་རྒྱས་འགྲོ་རིང་གསར་དུ་ཐོན་པ་ཞིག་ཡིན་པ་དང་གལ་སྲིད་གང་མགྱོགས་ཐག་གཅོད་མ་ཐུབ་ཚེ་ལམ་ལུགས་ཀྱི་དགེ་མཚན་ལྡན་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པར་འགོག་རྐྱེན་ཡང་བཟོ་སྲིད། རྨང་གཞི་དེའི་ཐོག་ང་ཚོས་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་རྒྱལ་ཁབ་ཀྱི 《བསམ་འཆར 》གཞིར་བཟུང་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་གཏོང་རྒྱུའི་བསམ་འཆར་བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ལམ་ལུགས་གཉིས་ཟླ་སྒྲིལ་བཏང་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།
དང་པོ། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་སྤྱི་ཚོགས་ཀྱི་འགན་བཅོལ་བཅའ་ཁྲིམས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལས་འགན་གྱི་གྲས་ཤིག་ཏུ་བརྩི་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ནང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱ་རྒྱུའི་ཁ་ཕྱོགས་གཏན་འབེབས་བྱས་ཡོད། ལམ་ལུགས་ཁག་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་གཅིག་གྱུར་བཟོས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཆོད་སེམས་མངོན་ཡོད་ལ། ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་གྱི་དམིགས་ཡུལ་ཀྱང་མཚོན་ཡོད་པས་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི “གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་སྒོ་ཀུན་ནས་བཟོ་བའི ”དམིགས་ཚད་ལག་བསྟར་བྱེད་པའི་གལ་ཆེའི་བྱ་ཐབས་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་བྱས་པའི་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་གཙོ་གནད་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་ལ། སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།
གཉིས་པ། དེ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བའི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་ཞིང་པ་རྣམས་དེང་རབས་ཅན་གྱི་འཕེལ་རིམ་ནང་འདྲ་མཉམ་ངང་ཞུཌ་པ་དང་དེང་རབས་ཅན་གྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་བརྟན་པོ་དང་ཏན་ཏིག་ངང་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། འཐུས་
སྒོ་ཚང་བའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བའི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། ལམ་ལུགས་ཁག་གཉིས་ཟླ་སྒྲིལ་བཏང་ནས་ལག་ལེན་བསྟར་བ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་དབར་གཅིག་འགྱུར་གྱི་སྟེགས་བུ་ཞིག་དང་སྦྲེལ་ཟམ་ཞིག་བཙུགས་པས་ལམ་ལུགས་དང་སྲིད་ཇུས་ཐོག་ནས་ངལ་ནུས་དང་མི་འབོར་ལུགས་མཐུན་ངང་འཁོར་རྒྱུག་བྱ་རྒྱུར་ཤུགས་རྐྱེན་བཟོ་བའི་འགོག་རྐྱེན་མེད་པ་བཟོས་པས་སྤྱི་ཚོགས་འགན་སྲུང་གི་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བ་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད།
གསུམ་པ། དེ་ནི་དེ་བས་དྲང་གཞག་དང་རྒྱུན་བསྲིང་ཐུབ་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཟོ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། རང་ལྗོངས་ཀྱིས་ལམ་ལུགས་བཟོ་བའི་ཐོག་མར་གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་སོ་སོར་བཟོས་པ་དེ་དུས་ཐོག་ཏུ་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ལམ་ལུགས་ཁྱབ་གདལ་མགྱོགས་སུ་གཏོང་བར་དགོས་ངེས་ཤིག་ཡིན་པ་མ་ཟད། སྐབས་དེར་ལམ་ལུགས་ཁག་གཉིས་ཀྱི་གཞི་རྩའི་སྒྲོམ་གཞིའི་གཅིག་མཐུན་རང་བཞིན་ལ་བསམ་གཞིག་ཀྱང་བྱས་པར་བརྟེན་སླད་ཕྱིན་གཅིག་གྱུར་ངང་ཟླ་སྒྲིལ་གཏོང་བར་གྲ་སྒྲིག་བྱས་ཡོད། ལམ་ལུགས་ཁག་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱས་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་སྲིད་ཇུས་ཀྱི་ཚད་གཞི་གཅིག་མཚུངས་ལག་བསྟར་བྱེད་ཐུབ་པ་དང་གཅིག་མཚུངས་ཀྱི་ཞབས་ཞུའི་སྟེགས་བུ་བེད་སྤྱོད་གཏོང་ཐུབ་པས་ལས་བཟོ་དང་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་ཕན་ཚུན་འབྲེལ་མཐུད་བྱུང་ཡོད། དེས་ལམ་ལུགས་འདྲ་མཉམ་དང་དོ་དམ་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་ཕན་ཐོགས་ཡོད་པ་དང “འདྲ་མཉམ་རང་བཞིན་ཆེ་རུ་གཏོང་བ་དང་། འཁོར་རྒྱུག་རང་བཞིན་དང་འཚམ་པ་བྱེད་པ། རྒྱུན་བསྲིང་རང་བཞིན་འགན་ལེན་བྱེད་པ ”བཅས་ཀྱི་བླང་བྱ་སྔར་བས་མཚོན་པས་དེ་བས་འདྲ་མཉམ་དང་རྒྱུན་བསྲིང་ཐུབ་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ལ་སྐུལ་མ་ཐེབས་ཡོད།
གསུམ། རང་ལྗོངས་ཀྱི་མི་སུ་ཞིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ཆོག་གམ།
ལན། རང་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་དང་། རང་ལོ་ཧྲིལ་པོ་16ལོན་པ (སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཚུད་མེད ) རྒྱལ་ཁབ་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་མིན་པ་དང་། དེ་བཞིན་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་ཁོངས་སུ་མ་གཏོགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་བཅས་ཐེམ་ཐོ་ཡོད་ས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཆོག
བཞི། རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཇི་ལྟར་བྱས་ནས་འགན་བཅོལ་ནང་ཞུགས་པའི་འགྲོ་ལུགས་གཉེར་དགོས་སམ།
ལན། རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཐེམ་ཐོ་ཡོད་སའི་གྲོང་ཚོ་ཨུ་ལྷན (ཁྲོམ་གཞུང་དོན་གཅོད་ཁྲུའུ )དུ་བསྐྱོད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་། གྲོན་དངུལ་འཇལ་བའི་རིམ་པ་དང་འགན་བཅོལ་འགྲོ་སོང་གདམ་ག་བྱས་ཏེ 《རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་རེའུ་མིག 》འགོད་དགོས། རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྲོང་མི་སོ་སོ་ཤང་གྲོང (སྡེ་ཁུལ་གྲོང་མི་ཨུ་ལྷན )དུ་བསྐྱོད་དེ་འགན་བཅོལ་ནང་ཞུགས་པའི་འབྲེལ་ཡོད་འགྲོ་ལུགས་ཐད་ཀར་གཉེར་ཆོག
ལྔ། ཇི་ལྟར་བྱས་ནས་གྲོན་དངུལ་འཇལ་བའི་རིམ་པ་འདེམས་པ་དང་གྲོན་དངུལ་འཇལ་བའི་ཁ་གསབ་ཅེས་པ་དེ་གང་ཞིག་ཡིན་ནམ།
ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་རྒྱུ་དེ་རིམ་པ་དབྱེ་བ་དང་ལོར་གཞིགས་ནས་འཇལ་དགོས་པའི་བྱེད་ཐབས་སྤྱད་ཡོད། གྲོན་དངུལ་འཇལ་བའི་ཚད་གཞི་ནི་ལོ་ལྟར་སྒོར་100དང་། 200 300 400 500 600 700 800 900 1000 1500 2000 བཅས་རིམ་པ་12ལ་བགོས་ཡོད། ཚད་གཞི་སྒོར་2000ལས་མཐོ་བ་ཡོད་ཚེ་སྒོར་100རེ་གྲོན་དངུལ་འཇལ་བའི་རིམ་པ་གཅིག་ལ་བརྩིས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ངང་གདམ་ག་བྱས་ནས་གྲོན་དངུལ་མང་བ་འཇལ་ན་ཐོབ་ཆ་མང་བ་ཡོད་པ་དང་དུས་ཚོད་རིང་བ་འཇལ་ན་ཐོབ་ཆ་མང་བ་ཡོད། འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་དེ་སྒོར་2000ལས་མཐོ་བ་གདམ་ག་བྱེད་ཆོག་ཀྱང་མང་ཤོས་སྒོར་3000ལས་བརྒལ་མི་ཆོག
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་གཟིགས་སྐྱོང་ཆེ་ཤོས་ནི་སྲིད་གཞུང་གིས་གྲོང་མི་འགན་བཅོལ་ནང་ཞུགས་པར་ཁ་གསབ་སྤྲོད་པ་དེ་རེད། འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རྨང་གཞིའི་ཐོག་སྲིད་གཞུང་གིས་འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རིམ་པ་རང་མོས་ངང་བདམས་པའི་སྒོར་100ནས་2000བར་ལ་ལོ་ལྟར་གྲོན་དངུལ་ཁ་གསབ་སྒོར་40དང་། 45 50 55 60 65 70 75 80 85 90 95བཅས་སོ་སོར་སྤྲོད་ཀྱི་ཡོད། འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རིམ་པའི་ཚད་གཞི་སྒོར་2000ལས་མཐོ་བ་གདམ་ག་བྱས་ནས་གྲོན་དངུལ་འཇལ་ཚེ་སྲིད་གཞུང་གིས་ཁ་གསབ་སྒོར་95སྤྲོད་ཀྱི་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གནས་ཡུལ་གྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་སྒེར་ལ་ཁ་གསབ་འོས་འཚམ་སྤྲོད་ཆོག་ལ། དེ་མིན་གྱི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་སྒེར་ལ་མ་དངུལ་ཐོག་ནས་རོགས་རམ་བྱ་རྒྱུའི་སྐུལ་མ་གཏོང་གི་་ཡོད།
དྲུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་གྲོང་མིས་རྒན་གསོའི་དངུལ་ལེན་པའི་ཆ་རྐྱེན་གང་དག་ཡོད་དམ། རྒན་གསོའི་དངུལ་ལེན་པའི་འགྲོ་ལུགས་ཇི་ལྟར་གཉེར་དགོས་སམ།
ལན། རང་ལོ་ཧྲིལ་པོ་60ལ་སླེབས་པ་དང་གྲོན་དངུལ་འཇལ་བའི་ལོ་རིམ་རྩིས་བྱས་ན་ལོ་15སོང་ཡང་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དངུལ་དང་དེ་བཞིན་རྒན་ཡོལ་གྱི་དངུལ་དང་འཚོ་དངུལ་སོགས་རྒན་གསོ་འགན་ལེན་གྱི་དངུལ་ལེན་མྱོང་མེད་པའི་འགན་བཅོལ་ནང་ཞུགས་མཁན་གྱིས་ཟླར་གཞིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒན་གསོའི་དངུལ་ལེན་ཆོག
གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའམ་ཡང་ན་གྲོང་ཁྱེར་གྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་སྐབས། རང་ལོ་ཧྲིལ་པོ་60ལ་སླེབས་པ་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་མྱོང་མེད་པའི་གྲོང་མིས་གྲོན་དངུལ་འཇལ་མི་དགོས་པར་ཟླར་གཞིགས་ནས་རྨང་གཞིའི་རྒན་གསོའི་དངུལ་ལེན་ཆོག རྒན་གསོའི་དངུལ་ལེན་པའི་ལོ་ཚད་ལོ་15ལ་མ་སླེབས་པ་ཚོས་ལོ་རེ་བཞིན་གྲོན་དངུལ་འཇལ་དགོས་པ་དང་གསབ་འཇལ (གྲོན་དངུལ་འཇལ་བའི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ )བྱེད་ཆོག རིམ་བསགས་བྱས་པའི་གྲོན་དངུལ་དེ་ལོ་15ལས་བརྒལ་མི་ཆོག གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་པའི་ལོ་ཚད་ལོ་15ཡོལ་རིགས་ལོར་གཞིགས་ནས་གྲོན་དངུལ་འཇལ་དགོས་པ་དང་རིམ་བསགས་བྱས་པའི་གྲོན་དངུལ་དེ་ལོ་15ལས་ཉུང་མི་ཆོག
རྒན་གསོའི་དངུལ་ལེན་པའི་འགྲོ་ལུགས་གཉེར་བར་རང་ཉིད་ཀྱི་ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་སོགས་འཁྱེར་ནས་རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་གྲོང་ཚོ་ཨུ་ལྷན (གྲོང་མི་ཨུ་ལྷན )དུ་བསྐྱོད་དེ་རྒན་གསོའི་དངུལ་ལེན་པའི་འགྲོ་ལུགས་གཉེར་དགོས། གྲོང་ཚོའི (གྲོང་མི )ལས་གཉེར་ལག་རོགས་ཀྱིས་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྱི་དཔྱད་གཞིའི་ཡིག་ཆར་ཞིབ་བཤེར་བྱས་རྗེས་ཆ་རྐྱེན་དང་མཐུན་རིགས་གོང་རིམ་སྡེ་ཚན་ལ་ཞིབ་བཤེར་བྱ་རྒྱུར་འབུལ་གྱི་ཡོད།
བདུན། རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རང་ལོ་ཧྲིལ་པོ་60བར་གྲོན་དངུལ་འཇལ་རྗེས་བླངས་པའི་རྒན་གསོའི་དངུལ་རྩིས་ཇི་ལྟར་རྒྱག་དགོས་སམ།
ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་བླང་བྱ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པ་དང་རྒན་གསོ་འགན་བཅོལ་དངུལ་ལོངས་སུ་སྤྱོད་པའི་ཆ་རྐྱེན་དང་མཐུན་པའི་གྲོང་མིས་ཟླར་གཞིགས་ནས་རྒན་གསོ་འགན་བཅོལ་དངུལ་ལོངས་སུ་སྤྱོད་ཆོག་པ་དང་རྒན་གསོ་འགན་བཅོལ་དངུལ་དེ “རྨང་གཞིའི་རྒན་གསོའི་དངུལ ”དང “མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ ”ལས་གྲུབ་ཡོད།
2014ལོའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་120ཡིན།
མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་སྒེར་གྱི་རྩིས་ཐོའི་གསོག་ཉར་དངུལ་གྲངས་ཆ་ཚང་ལ་139ཡིས་བགོ (མི་སྒེར་གྱིས་འཇལ་དགོས་པའི་གྲོན་དངུལ་དང་། མཉམ་སྡེབ་ཀྱི་ཁ་གསབ། དངུལ་ཁང་གི་སྐྱེད་ཀ་བཅས་ཚུད་པ )དགོས།
བརྒྱད། ཞི་མཐུན་དཔེ་བཟང་གི་སྔོན་ཐོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་བདམས་ཐོན་བྱུང་བའི་གྲྭ་བཙུན་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་པར་ལྕག་སྐུལ་གྱི་སྲིད་ཇུས་གང་དག་ཡོད་དམ།
ལན། རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་དང་། རྒྱལ་གཅེས་སྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོ་འགན་བཅོལ་གྱི་དངུལ་ནི་ལོ་འཁོར་གོང་མར་མི་དེ་གས་གདམ་ག་བྱས་པའི་གྲོན་དངུལ་འཇལ་བའི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་ཁ་གསབ་100%སྤྲོད་རྒྱུ་དང་། ས་ཁུལ (གྲོང་ཁྱེར )རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོ་འགན་བཅོལ་དངུལ་ནི་ལོ་འཁོར་གོང་མར་མི་དེ་གས་གདམ་ག་བྱས་པའི་གྲོན་དངུལ་འཇལ་བའི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་ཁ་གསབ་50%སྤྲོད་རྒྱུ། རྫོང (གྲོང་ཁྱེར་དང་ཆུས )རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོ་འགན་བཅོལ་གྱི་དངུལ་དེ་ལོ་འཁོར་གོང་མར་མི་དེ་གས་གདམ་ག་བྱས་པའི་གྲོན་དངུལ་འཇལ་བའི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་ཁ་གསབ་25%སྤྲོད་རྒྱུ་བཅས་རེད།
ལོ་འཁོར་ནང་དུས་མཚུངས་སུ་རིམ་པ་མི་འདྲ་བའི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་ཐོབ་པའི་མཚན་སྙན་གྱི་བྱ་དགའ་མཐོ་ཤོས་ཀྱི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་གྲོན་དངུལ་ཁ་གསབ (ཁ་གསབ་མང་ཤོས་སྒོར་2000ལས་བརྒལ་མི་རུང )སྤྲོད་ཀྱི་ཡོད།
དགུ། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དབང་སྐྱོན་ཚབས་ཆེན། མི་ཧྲེང་རྒན་རྒོན་སོགས་འགན་བཅོལ་ནང་ཞུགས་པར་དམིགས་བསལ་སྲིད་ཇུས་གང་དག་ཡོད་དམ།
ལན། འགན་བཅོལ་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་དབང་སྐྱོན་ཚབས་ཆེན (རིམ་པ་དང་པོ་དང་གཉིས་པ )དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། མི་ཧྲེང་རྒན་རྒོན་སོགས་གྲོན་དངུལ་འཇལ་དཀའ་བའི་ཚོགས་སྤྱིར་སྲིད་གཞུང་གིས་ཚད་གཞི་དམའ་ཤོས་ཀྱི་རྒན་གསོ་འགན་བཅོལ་དངུལ་ཚབ་འཇལ་བྱ་རྒྱུ་དང་འབྲེལ་སྲིད་གཞུང་གིས་སྒོར་40ཡི་ཁ་གསབ་སྤྲད་དེ་མཉམ་དུ་མི་སྒེར་གྱི་རྩིས་ཐོའི་ནང་འཇུག་གི་ཡོད།
བཅུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྒན་གསོ་འགན་བཅོལ་ནང་ཞུགས་རྗེས་གཤིན་པོ་དུར་སྐྱེལ་གྱི་ཁ་གསབ་དངུལ་གྱི་ཚད་གཞི་ག་ཚོད་ཡིན་ནམ།
ལན། རང་ལྗོངས་སུ་ལག་བསྟར་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཁྲོད་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྲོང་མིའི་ཁྱིམ་ཚང་གི་གཤིན་པོ་དུར་སྐྱེལ་གྱི་འགྲོ་སོང་ཁུར་པོ་ཡང་དུ་གཏོང་ཆེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྒན་གསོ་འགན་བཅོལ་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་གཤིན་པོ་དུར་སྐྱེལ་གྱི་ཁ་གསབ་གྲོན་དངུལ་ལམ་ལུགས་བཙུགས་ཡོད། དེའི་ཚད་གཞི་ནི་རྒན་གསོ་འགན་བཅོལ་དངུལ་བླངས་ཟིན་པའི་མི་སྣའམ་ཡང་ན་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ལོ་ཚད་ལོན་པའི་མི་སྣས་གཏན་འབེབས་གཞིར་བཟུང་ལོ་3ཡན་བསྟུད་མར་གྲོན་དངུལ་འཇལ་རྗེས་འཆི་བར་ཐེངས་གཅིག་ལ་གཤིན་པོ་དུར་སྐྱེལ་གྱི་ཁ་གསབ་དངུལ་སྤྲོད་རྒྱུ་དང་དེའི་ཚད་གཞི་ནི་ཟླ་6གི་རྨང་གཞིའི་རྒན་གསོའི་དངུལ་ཡིན་པ་རེད།
བཅུ་གཅིག རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྱི་ཐེམ་ཐོ་ས་ཁུལ་གཞན་དུ་སྒྱུར་ཚེ་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྦྲེལ་མཐུད་ཇི་ལྟར་བྱེད་དགོས་སམ།
ལན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་རིང་ཐེམ་ཐོ་དང་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་ས་ཁུལ་གཞན་དུ་སྒྱུར་དགོས་པར་རང་སྐྱོང་ལྗོངས་ཀྱི་སྤྱི་འདོམས་ཁྱབ་ཁོངས་ནང་འབྲེལ་ཡོད་ཀྱི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ཆ་འཕྲིན་སྒྱུར་བ་ལས་མ་དངུལ་སྒྱུར་མི་དགོས། སྤྱི་འདོམས་ཁྱབ་ཁོངས་ཕུད་ཐེམ་ཐོ་སྒྱུར་སར་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་བསྒྱུར་རྒྱུའི་རེ་བ་འདོན་ཆོག་པ་དང་ཐེངས་གཅིག་ལ་མི་སྒེར་གྱི་རྩིས་ཐོའི་བསགས་དངུལ་ཚང་མ་སྒྱུར་བ་མ་ཟད། ཐེམ་ཐོ་སྒྱུར་སའི་ས་ཁུལ་གྱི་གཏན་འབེབས་གཞིར་བཟུང་རྒན་གསོ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་མུ་མཐུད་འཇལ་བ་དང་གྲོན་དངུལ་འཇལ་བའི་ལོ་ཚད་རིམ་བསགས་བྱེད་ཆོག གཏན་འབེབས་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དངུལ་ལེན་པར་ཐེམ་ཐོ་སྒྱུར་མིན་བལྟོས་མི་དགོས་པར་དེའི་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་མི་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣