བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
[2014]ཡིག་ཨང་3པ།
《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག 》འདི་2014ལོའི་ཟླ་3ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2014ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུར་དམིགས་བསལ་སྤྱི་བསྒྲགས་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས། 2014ལོའི་ཟླ་4ཚེས་2ཉིན།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། སྐུད་མེད་གློག་འཕྲིན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་བེད་སྤྱོད་ནུས་ལྡན་གཏོང་རྒྱུ། སྐུད་མེད་སྒྲ་རླབས་ཀྱི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་སྐུད་མེད་གློག་འཕྲིན་གྱི་ལས་སྒོ་རྒྱུན་གཏན་བཞིན་སྤེལ་ཐུབ་པའི་འགན་ལེན་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་བེད་སྤྱོད་བྱེད་པ་དང་། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་བྱེད་པ། སྐུད་མེད་གློག་འཕྲིན་གཏོང་ཆས་ཞིབ་འཇུག་བཟོ་འདོན་དང་། ཐོན་སྐྱེད། ནང་འདྲེན། ཕྱིར་འཚོང་། ཉམས་གསོ་བཅས་བྱེད་པ། ཟེར་འགྱེད་སྐུད་མེད་སྒྲ་རླབས་ཀྱི་སྐུད་ཡོད་གློག་འཕྲིན་མིན་པའི་སྒྲིག་ཆས་བེད་སྤྱོད་གཏོང་བ། དེ་བཞིན་འབྲེལ་ཡོད་ཀྱི་དོ་དམ་བྱེད་སྒོ་བཅས་ལ་སྲོལ་ཡིག་འདི་སྤྱོད་ཆོག
དམག་དཔུང་གི་སྐུད་མེད་གློག་འཕྲིན་དོ་དམ་བྱེད་པར་རྒྱལ་ཁབ་དང་དམག་དཔུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། དེ་མིན་ལས་རིགས་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་བྱེད་པར་རྒྱལ་ཁབ་ནས་ལོགས་སུ་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།
དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་ནི་9KHz-3000GHzཁྱབ་ཁོངས་ནང་གི་གློག་ངར་སྒྲ་རླབས་ལ་ཟེར་བ་ཡིན།
དོན་ཚན་བཞི་པ། སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན་ཞིང་། གཅིག་གྱུར་འཆར་འགོད་དང་། ཐོན་ཁུངས་སྲུང་སྐྱོབ། བདེ་འཇགས་འགན་སྲུང་། རིན་ཡོད་བེད་སྤྱོད། གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རྩ་དོན་ལག་བསྟར་བྱེད་རྒྱུ།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་པ་དང་སྦྲགས་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་བྱ་གཞག་གོང་འཕེལ་གཏོང་བའི་འཆར་འགོད་བཟོ་སྒྲིག་བྱེད་རྒྱུར་སྒྲིག་འཛུགས་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཚན་རིག་དང་། ལུགས་མཐུན། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་བེད་སྤྱོད་བྱེད་པ་དང་། སྐུད་མེད་གློག་འཕྲིན་གྱི་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་སྤྱོད་རྒྱུར་ཁྲིད་སྟོན་དང་། སྐུལ་ལྕག རྒྱབ་སྐྱོར་བཅས་བྱས་ཏེ་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་སྲུང་འཛུགས་སྐྱོང་བཅས་ལ་ཞབས་འདེགས་ཞུས་ཐོག སྐུད་མེད་གློག་འཕྲིན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དོན་འཁྱོལ་བྱེད་རྒྱུར་འགན་སྲུང་བྱེད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ལ་འགན་འཁུར་དགོས། རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་ས་གནས (གྲོང་ཁྱེར )ཁག་ཏུ་བཙུགས་པའི་མངགས་གཏོང་ལས་ཁུངས་ཀྱིས་གཏན་འབེབས་ཀྱི་འགན་འཁྲི་དང་དབང་ཚད་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ལ་འགན་འཁུར་དགོས།
རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དོ་དམ་སྡེ་ཚན་གཏན་འཁེལ་བྱས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྐུད་མེད་གློག་འཕྲིན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས།
སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་མི་སྣ་དང་ལས་ཀར་མཁོ་བའི་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་གྲངས་ཚང་དུས་ཐོག་ཏུ་གནས་འབྱོར་ཐུབ་པ་བྱེད་དགོས། རྒྱལ་ཁབ་བདེ་འཇགས་དང་། སྤྱི་བདེ། བཟོ་ཚོང་། སྤུས་ཚད་ལྟ་བཤེར། འགག་སྒོ རླུང་འཕྲིན་བཪྙན་འཕྲིན། འཕྲིན་གཏོང་དོ་དམ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ། གནམ་གཤིས། གློག་ཤུགས། འགྲིམ་འགྲུལ་སྐྱེལ་འདྲེན། མི་རིགས་ཆོས་དོན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་སྐུད་མེད་གློག་འཕྲིན་ལ་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། ས་གནས (གྲོང་ཁྱེར )དང་རྫོང་(གྲོང་ཁྱེར་དང་ཆུད )མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་དམངས་ནས་སྒུལ་འཁྱེར་འཕྲིན་གཏོང་རྟེན་ཚུགས་ཀྱི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་སྐུད་མེད་གློག་འཕྲིན་གྱི་ཟློས་ཤལ་ཐོན་ཁུངས་དང་རྟེན་ཚུགས་བེད་སྤྱོད་གཏོང་བའི་ནུས་ཕྱོད་ཆེ་རུ་བཏང་སྟེ་ཐོན་ཁུངས་མཉམ་སྤྱོད་ཡོང་བར་སྐུལ་འདེད་ཀྱིས་ཐོན་ཁུངས་ལེགས་སྒྱུར་བགོ་སྒྲིག་ཡོང་བ་བྱེད་དགོས།
ལེའུ་གཉིས་པ། སྐུད་མེད་གློག་འཕྲིན་སྒྲ་རླབས་དོ་དམ།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲི་དང་དབང་ཚད་ལྟར་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་སྒྲ་རླབས་བེད་སྤྱོད་གཏོང་བའི་འཆར་འགོད་བཟོས་ཏེ་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བགོ་འགྲེམས་དང་། དམིགས་བསྒྲིགས། དོ་དམ་བཅས་བྱེད་དགོས།
དོན་ཚན་དགུ་པ། སྐུད་མེད་གློག་འཕྲིན་སྒྲ་རླབས་སྤྱོད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་རང་ཉིད་གནས་ཡུལ་གྱི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་ཡིག་ཐོག་ནས་རེ་འདུན་ཞུ་དགོས་པ་མ་ཟད། གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ།
(གཅིག )བེད་སྤྱོད་གཏོང་རྒྱུར་རེ་འདུན་ཞུས་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་དེ་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་སྒྲ་རླབས་ཀྱི་དབྱེ་འབྱེད་གཏན་འབེབས་དང་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་སྒྲ་རླབས་བེད་སྤྱོད་གཏོང་རྒྱུའི་འཆར་འགོད་དང་མཐུན་དགོས་པ་དང་། (གཉིས )བེད་སྤྱོད་གཏོང་རྒྱུར་རེ་འདུན་ཞུས་པའི་སྐུད་མེད་གློག་འཕྲིན་སྒྲ་རླབས་ཀྱི་སྤྱོད་སྒོ་ཁ་གསལ་དང་ལག་ལེན་བསྟར་འཐུས་ཀྱི་ལག་རྩལ་ཇུས་གཞི་ཡོད་དགོས་པ། (གསུམ )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་སོ།
དོན་ཚན་བཅུ་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་སྤྱོད་རྒྱུའི་རེ་འདུན་བདག་སྤྲོད་བྱས་རྗེས། ངེས་པར་དུ་ལས་ཀའི་ཉིན་གྲངས་20ནང་ཚུན་དུ་དམིགས་བསྒྲིགས་བྱེད་མིན་གྱི་ཐག་གཅོད་བྱེད་དགོས་པ་དང་སྦྲགས་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་བརྡ་གཏོང་དགོས་པ་དང་། དམིགས་བསྒྲིགས་མ་བྱས་ན་ངེས་པར་དུ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་དམིགས་བསྒྲིགས་བྱས་པའི་སྐུད་མེད་གློག་འཕྲིན་སྒྲ་རླབས་ཀྱི་བེད་སྤྱོད་གཏོང་ཡུན་ལོ་10ནས་བརྒལ་མི་ཆོག དུས་ཚད་ཐིམ་རྗེས་མུ་མཐུད་བེད་སྤྱོད་གཏོང་དགོས་པའམ་ཡང་ན་བེད་སྤྱོད་གཏོང་མཚམས་འཇོག་དགོས་ཚེ་ངེས་པར་དུ་དུས་ཚད་མ་ཐིམ་གོང་གི་ཉིན་30ནང་ཚུན་དུ་རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་རེ་འདུན་ཞུས་ནས་འབྲེལ་ཡོད་ཀྱི་འགྲོ་ལུགས་གཉེར་དགོས་པ་དང་། རེ་འདུན་མ་ཞུས་ན་རང་བཞིན་གྱིས་ཐོ་སུབ་པར་བརྩི་རྒྱུ།
གནས་སྐབས་བེད་སྤྱོད་གཏོང་རྒྱུའི་ཆོག་མཆན་ཐོབ་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་དེ་བེད་སྤྱོད་གཏོང་ཡུན་ཟླ་6ནས་བརྒལ་མི་ཆོག དུས་ཚད་ཐིམ་རྗེས་བེད་སྤྱོད་གཏོང་དབང་རང་བཞིན་དུ་མཚམས་འཇོག་བྱེད་རྒྱུ།
དོན་ཚན་བཅུ་གཅིག་པ། སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་རེ་འདུན་ཞུ་མཁན་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་དབང་ཐོབ་ཉིན་ནས་བཟུང་ཟླ་6གི་ནང་ཚུན་དུ་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གི་ཞིབ་མཆན་འགྲོ་ལུགས་སྒྲུབ་དགོས་པ་དང་། དུས་ཚོད་ཡོལ་ཡང་འགྲོ་ལུགས་མ་བསྒྲུབ་པའི་རིགས་ལ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་དབང་ཡར་བསྡུ་དགོས།
དོན་ཚན་བཅུ་གཉིས་པ། སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་དབང་ཐོབ་པའི་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་བཀའ་མཆན་གཞིར་བཟུང་ནན་པོ་བྱས་ཏེ་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་དགོས་པ་ལས། སྒྲ་རླབས་བེད་སྤྱོད་གཏོང་རྒྱའམ་ཡང་ན་སྤྱོད་སྒོ་འགྱུར་ལྡོག་གཏོང་མི་ཆོག་ལ་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་གཞན་བཤུག་དང་བོགས་གཏོང་ངམ་ཡང་ན་རྣམ་པ་འགྱུར་བའི་གཡར་སྤྱོད་བཅས་བྱེད་མི་ཆོག
དོན་ཚན་བཅུ་གསུམ་པ། སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་དབང་ཐོབ་པའི་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བཟུང་སྤྱོད་ཀྱི་གྲོན་དངུལ་འཇལ་དགོས།
སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་བསྡུ་ལེན་བྱས་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བཟུང་སྤྱོད་ཀྱི་གྲོན་དངུལ་རྣམས་ངེས་པར་དུ་འཕྲལ་མར་གྲངས་ཚང་རྒྱལ་མཛོད་ལ་འབུལ་དགོས། སྒྲ་རླབས་བཟུང་སྤྱོད་ཀྱི་གྲོན་དངུལ་རྩ་ཆག་དང་ཆག་ཡང་གཏོང་རྒྱུའི་ཐད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ནས་བགོ་འགྲེམས་དང་དམིགས་བསྒྲིགས་བྱས་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་མཁན་ཚན་པས་ངེས་པར་དུ་བེད་སྤྱོད་གཏོང་བའི་སྒྲ་རླབས་དེ་རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོད་དགོས།
དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ནས་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་འཆར་འགོད་དང་དབྱེ་འབྱེད་ལེགས་སྒྲིག་བྱས་པའམ་ཡང་ན་རྒྱལ་སྲུང་འཛུགས་སྐྲུན་དང་སྤྱི་པའི་བདེ་འཇགས་ཀྱི་དགོས་མཁོ་ཡིན་ཚེ་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་དམིགས་བསྒྲིགས་ཟིན་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་ལེགས་སྒྲིག་བྱེད་པའམ་ཡང་ན་སྔ་སྣུར་དུ་བསྡུ་ལེན་བྱས་ན་འགྲིག
སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་ལེགས་སྒྲིག་གམ་ཡང་ན་སྔ་སྣུར་དུ་བསྡུ་ལེན་བྱས་པའི་རྐྱེན་གྱིས་སྐུད་མེད་གློག་འཕྲིན་བེད་སྤྱོད་གཏོང་མཁན་ཚན་པའམ་ཡང་ན་མི་སྒེར་ལ་གྱོ ང་གུན་བཟོས་ཚེ་ངེས་པར་དུ་ཁྲིམས་བཞིན་སྐྱིན་གསབ་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རྒྱལ་སྲུང་སྐུལ་སློང་བྱེད་པ་དང་། ཉེན་འགོག་གེགས་སེལ་གྱི་གལ་ཆེའི་ལས་འགན་སྒྲུབ་པའམ་ཡང་ན་གློ་བུར་དོན་རྐྱེན་ཆེ་རིགས་ཐག་གཅོད་བྱེད་པ་སོགས་ཀྱི་རྐྱེན་པས་དམིགས་བསྒྲིགས་ཟིན་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བསྡུ་སྤྱོད་བྱེད་དགོས་རིགས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཁྲིམས་བཞིན་བསྡུ་སྤྱོད་བྱེད་རྒྱུ། བསྡུ་སྤྱོད་བྱས་པའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་བཏང་ཚར་རྗེས་ངེས་པར་དུ་འཕྲལ་མར་ཕྱིར་སློག་བྱེད་དགོས། བསྡུ་སྤྱོད་བྱས་པ་ལས་བྱུང་བའི་གྱོ ང་གུན་རྣམས་ཁྲིམས་བཞིན་སྐྱིན་གསབ་བྱེད་རྒྱུ།
ལེའུ་གསུམ་པ། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )དོ་དམ།
དོན་ཚན་བཅུ་བདུན་པ། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་སྒྲ་རླབས་སྤྱོད་དབང་ཐོབ་ཉིན་ནས་བཟུང་ཟླ་6གི་ནང་ཚུན་དུ་རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་ཡིག་ཐོག་ནས་རེ་འདུན་ཞུ་དགོས་པ་མ་ཟད། གཤམ་གསལ་གི་ཆ་རྐྱེན་ཚང་དགོས་པ་སྟེ། (གཅིག ) ལུགས་མཐུན་གྱི་ས་ཚིགས་དང་དྲ་རྒྱ་འཛུགས་རྒྱུའི་ཇུས་གཞི་དང་བེད་སྤྱོད་གཏོང་བྱེད་སྒྲིག་ཆས་ཀྱི་འབྲེལ་ཡོད་གསལ་བཤད་ཡོད་དགོས་པ་མ་ཟད། ལག་རྩལ་གྱི་དཔྱད་ཡིག་རེའུ་མིག་འཁྲུལ་མེད་ཇི་མ་ཇི་བཞིན་འབྲི་འབུལ་བྱེད་པ་དང་བདེ་འཇགས་བློས་འགེལ་ཆོག་པའི་ལས་ཀའི་ཁོར་ཡུག་ཀྱང་ཡོད་དགོས་པ་དང་། (གཉིས ) བེད་སྤྱོད་གཏོང་རྩིས་ཡོད་པའི་སྐུད་མེད་གློག་འཕྲིན་གཏོང་ཆས་རྣམས་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་དང་མཐུན་དགོས་ལ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཞིབ་དཔྱད་ཆོག་འཐུས་ཀྱི་ཨང་རྟགས་ཀྱང་ཡོད་དགོས་པ། (གསུམ ) སྐུད་མེད་གློག་འཕྲིན་དོ་དམ་གྱི་གཏན་འབེབས་ལ་རྒྱུས་མངའ་ཡོད་པ་དང་དེ་མཚུངས་ཀྱི་ལས་སྒོའི་རྩལ་ནུས་ལྡན་པའི་ལས་དོན་མི་སྣ་ཡོད་པ་དང་། དེ་མཚུངས་ཀྱི་དོ་དམ་ལམ་ལུགས་དང་བྱ་ཐབས་ཡོད་པ། (བཞི ) ཁྲིམས་མཐུན་གྱི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གཞན་དག་ལ་གནོད་ལྡན་འགོག་རྐྱེན་མི་བཟོ་བ། (ལྔ ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་སོ།
དོན་ཚན་བཅོ་བརྒྱད་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་བྱེད་རྒྱུའི་རེ་འདུན་བདག་སྤྲོད་བྱས་རྗེས། ངེས་པར་དུ་ལས་ཀའི་ཉིན་གྲངས་20ནང་ཚུན་དུ་དེར་ཆོག་མཆན་སྤྲོད་མིན་ཐག་གཅོད་དགོས་པ་དང་སྦྲགས་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་བརྡ་གཏོང་དགོས་པ་དང་། ཆོག་མཆན་སྤྲོད་རྒྱུར་ཐག་བཅད་ན་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་དཔྱད་སྤྲོད་བྱེད་དགོས་པ་དང་། ཆོག་མཆན་མི་སྤྲོད་རྒྱུའི་ཐག་བཅད་རིགས་ལ་ངེས་པར་དུ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས། རེ་འདུན་དཔྱད་ཡིག་ཆ་མི་ཚང་བ་དང་ཁྲིམས་བཅད་ཡིག་ཆ་དང་མ་མཐུན་པའི་རིགས་ལ་ངེས་པར་དུ་སྐབས་ཐོག་དེ་རང་ངམ་ཡང་ན་ལས་ཀའི་ཉིན་གྲངས་5ནང་ཚུན་དུ་རེ་འདུན་ཞུ་མཁན་ལ་ངེས་པར་དུ་གསབ་སྐྱེལ་བྱེད་དགོས་པའི་དཔྱད་ཡིག་ཆ་ཚང་ཐེངས་གཅིག་ལ་བརྡ་བཏང་ནས་སྐྱེལ་དུ་འཇུག་དགོས།
དོན་ཚན་བཅུ་དགུ་པ། སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་གོ་ཆོད་དུས་ཚད་ལོ་3ནས་བརྒལ་མི་ཆོག་པ་དང་། གནས་སྐབས་ཀྱི་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་གོ་ཆོད་དུས་ཚད་ཟླ་བ་6ནས་བརྒལ་མི་ཆོག སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་གྱི་གོ་ཆོད་དུས་ཚད་ཐིམ་རྗེས་ནར་འགྱངས་བྱེད་དགོས་ན་ངེས་པར་དུ་དུས་ཚད་མ་ཐིམ་གོང་གི་ཉིན་30ནང་ཚུན་དུ་དེ་སྔའི་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་དཔྱད་སྤྲོད་བྱེད་མཁན་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་རེ་འདུན་ཞུ་དགོས། དུས་ཚད་ནར་འགྱངས་ཀྱི་ཆོག་མཆན་མ་ཐོབ་པའམ་ཡང་ན་དུས་ཚད་ཡོལ་ནས་ནར་འགྱངས་གཏོང་རྒྱུའི་རེ་འདུན་མ་ཞུས་པའི་རིགས་ལ་དེ་སྔའི་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་དཔྱད་སྤྲོད་བྱེད་མཁན་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་མེད་པ་བཟོ་དགོས། དེ་སྔའི་ལག་ཁྱེར་འཛིན་མཁན་གྱིས་ངེས་པར་དུ་ལག་ཁྱེར་མེད་པ་བཟོས་པའི་ཉིན་ནས་བཟུང་ཉིན་30ནང་ཚུན་དུ་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་ཚུར་སྐྱེལ་དགོས་པའི་ཁར་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གི་གནམ་སྐུད་དང་གློག་སྐུད་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་བཅས་བཤིག་བཀྲོལ་བྱེད་དགོས་པ་མ་ཟད། བཤིག་བཀྲོལ་བྱས་ཚུལ་དེ་རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
དོན་ཚན་ཉི་ཤུ་པ། ལས་ཞོར་སྐུད་མེད་གློག་འཕྲིན་ཁང་གསར་འཛུགས་དང་བེད་སྤྱོད་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་ལས་ཞོར་སྐུད་མེད་གློག་འཕྲིན་ཁང་གི་དོ་དམ་བྱ་ཐབས་གཞིར་བཟུང་ཞིབ་མཆན་འགྲོ་ལུགས་གཉེར་དགོས།
དོན་ཚན་ཉེར་གཅིག་པ། གཤམ་གསལ་གྱི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་བྱེད་པར་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་ལེན་མི་དགོས་པ་སྟེ།
(གཅིག ) སྤྱི་བྱིངས་ཀྱི་སྒུལ་འཁྱེར་འཕྲིན་གཏོང་མཐའ་སྣེ་དང་།
(གཉིས ) ནུས་ཚད་ཆུང་བའི (བར་ཐག་ཐུང་བ )སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )
(གསུམ ) རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གཞན་དག་བཅས་སོ།
དོན་ཚན་ཉེར་གཉིས་པ། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )བེད་སྤྱོད་བྱེད་རྒྱུའི་ཆོག་མཆན་ཐོབ་རྗེས་ངེས་པར་དུ་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་ནང་འཁོད་གཏན་འབེབས་ལྟར་བེད་སྤྱོད་བྱེད་དགོས། སྒྲ་རླབས་དང་། འཕེན་གཏོང་ནུས་ཚད། གནམ་སྐུད་ཀྱི་མཐོ་ཚད། གློག་འཕྲིན་ཁང་གནས་ཡུལ་སོགས་ལ་འགྱུར་བ་གཏོང་དགོས་བྱུང་ཚེ་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས ) གསར་འཛུགས་དང་བེད་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་དེ་སྔའི་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་དཔྱད་སྤྲོད་བྱེད་མཁན་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་འཕྲལ་མར་འགྱུར་ལྡོག་གཏོང་རྒྱུའི་འགྲོ་ལུགས་གཉེར་སྒྲུབ་ཀྱི་རེ་བ་ཞུ་དགོས་པ་དང་། དེས་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་བསྐྱར་དུ་དཔྱད་སྤྲོད་བྱེད་དགོས།
སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་རྫུན་བཟོ་དང་། ནང་བཤུག བོགས་གཏོང་། གཡར་སྤྱོད། གཏའ་འཇོག་བཅས་བྱེད་མི་ཆོག
དོན་ཚན་ཉེར་གསུམ་པ། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གིས་བེད་སྤྱོད་བྱེད་པའི་འབོད་རྟགས་དེ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་ཞིབ་མཆན་དབང་ཚད་གཞིར་བཟུང་དམིགས་བསྒྲིགས་བྱེད་རྒྱུ།
ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཆོག་མཆན་མ་ཐོབ་པར་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གི་འབོད་རྟགས་སྒྲིག་བཟོ་དང་བེད་སྤྱོད་བྱེད་མི་ཆོག
ལེའུ་བཞི་པ། སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ།
དོན་ཚན་ཉེར་བཞི་པ། སྐུད་མེད་གློག་འཕྲིན་གཏོང་ཆས་ཐོན་སྐྱེད་དང་། ཕྱིར་འཚོང་། ནང་འདྲེན་བཅས་བྱེད་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི 《སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་དབྱིབས་ཨང་དཔྱད་འཐུས་ལག་ཁྱེར 》ཐོབ་དགོས་པ་མ་ཟད། དབྱིབས་ཨང་དཔྱད་འཐུས་ཀྱི་ཚབ་རྟགས་གསལ་པོ་འགོད་དགོས།
དོན་ཚན་ཉེར་ལྔ་པ། སྐུད་མེད་གློག་འཕྲིན་གཏོང་ཆས་ཞིབ་འཇུག་བཟོ་སྒྲིག་བྱེད་པར་མཁོ་བའི་ལས་ཀའི་སྒྲ་རླབས་དང་། འགུལ་མཚམས། ནུས་ཚད་སོགས་ལག་རྩལ་གྱི་ཚད་གྲངས་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་མ་ཟད། རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་རེ་འདུན་ཞུ་ཡིག་འབུལ་དགོས་པ་དང་། རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་རྒྱལ་ཁབ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་ཕུལ་ནས་ཞིབ་དཔྱད་ཆོག་མཆན་ཞུ་དགོས།
སྐུད་མེད་གློག་འཕྲིན་གཏོང་ཆས་ཐོན་སྐྱེད་དང་ཉམས་གསོ་བྱེད་སྐབས་དེའི་སྒྲ་རླབས་དང་། འགུལ་མཚམས། ནུས་ཚད་སོགས་ལག་རྩལ་གྱི་ཚད་གྲངས་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་མ་ཟད། རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་ཐོ་ཡང་དཔོད་དགོས། སྐུད་མེད་གློག་འཕྲིན་གཏོང་ཆས་ཞིབ་འཇུག་བཟོ་སྒྲིག་དང་། ཐོན་སྐྱེད། ཉམས་གསོ་བཅས་བྱེད་སྐབས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་སྒྲ་རླབས་འཕེན་གཏོང་བྱ་རྒྱུ་ཚོད་འཛིན་བྱེད་དགོས། ཕན་འབྲས་དངོས་ཐོན་པའི་འཕེན་གཏོང་ཚོད་ལྟ་བྱེད་སྐབས་ངེས་པར་དུ་ཁྲིམས་བཞིན་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།
སྐུད་མེད་གློག་འཕྲིན་གཏོང་ཆས་བེད་སྤྱོད་དང་ཉམས་གསོ་བྱེད་སྐབས་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་ནུས་པ་དང་ལག་རྩལ་གྱི་དཔྱད་གྲངས་གཙོ་བོ་རང་དགར་འགྱུར་བ་གཏོང་མི་ཆོག
དོན་ཚན་ཉེར་དྲུག་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ནང་ཁུལ་དུ་ཐོན་སྐྱེད་དང་། ཕྱིར་འཚོང་། ནང་འདྲེན། བེད་སྤྱོད་བཅས་བྱེད་རྒྱུའི་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་ལས་ཀའི་སྒྲ་རླབས་དང་ནུས་ཚད་སོགས་ལག་རྩལ་གྱི་དཔྱད་གྲངས་ལ་ཟུར་འཐེན་ཞིབ་དཔྱད་ཚད་ལེན་བྱས་ན་འགྲིག
ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་འབྲེལ་ཡོད་ཀྱི་ཚད་གཞི་དང་མཐུན་མེད་ན་སྐུད་མེད་གློག་འཕྲིན་གཏོང་ཆས་ཐོན་སྐྱེད་བྱེད་མཁན་དང་། ཕྱིར་འཚོང་བྱེད་མཁན། ནང་འདྲེན་བྱེད་མཁན། བེད་སྤྱོད་གཏོང་མཁན་བཅས་ཀྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་བླང་བྱ་གཞིར་བཟུང་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས།
དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་གློག་ངར་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེ་ཐེབས་སྲིད་པ་བཅས་ཀྱི་སྐུད་མེད་གློག་འཕྲིན་གཏོང་ཆས་ཕྱིར་འཚོང་བྱེད་དགོས་རིགས། ཕྱིར་འཚོང་བྱེད་མཁན་གྱིས་ངེས་པར་དུ་ཐོན་རྫས་ཀྱི་གྲངས་འབོར་དང་། ཐོན་རྟགས། ཉོ་མཁན་བཅས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས་པ་མ་ཟད། རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོད་དགོས།
གོང་འཁོད་ནང་གསེས་དོན་ཚན་ནང་སྙན་ཐོ་དཔོ་དགོས་པའི་གཏན་འབེབས་བྱས་པའི་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་དཀར་ཆག་དེ་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་བཟོ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རྒྱལ་ནང་གི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་གཞན་དུ་སྐུད་མེད་གློག་འཕྲིན་ཁང་འཛུགས་རྒྱུའི་འགྲོ་ལུགས་གཉེར་ཟིན་པའི་ཐོག་སྐུད་མེད་གློག་འཕྲིན་གཏོང་ཆས་འཁྱེར་བ་དང་དབོར་འདྲེན་བྱས་ནས་རང་སྐྱོང་ལྗོངས་སུ་བེད་སྤྱོད་བྱེད་དགོས་ཚེ་ངེས་པར་དུ་བེད་སྤྱོད་མ་བྱས་གོང་གི་ཉིན་10ནང་ཚུན་དུ་རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོད་དགོས།
དོན་ཚན་ཉེར་དགུ་པ། ནང་འདྲེན་བྱེད་པའི་སྐུད་མེད་གློག་འཕྲིན་གཏོང་ཆས (ལྷུ་ཆས་དང་སྒྲིག་ཆས་ཚུད )དེ་ངེས་པར་དུ་འགག་སྒོ་ནས་འགག་ཐོན་འགྲོ་ལུགས་མ་གཉེར་གོང་ཁྲིམས་བཞིན་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་ཞིབ་དཔྱད་བརྒྱུད་དགོས། རྒྱལ་ཁབ་ཀྱི་གཏན་འབེབས་ལོགས་སུ་ཡོད་ན་དེ་གཞིར་བཟུང་བྱེད་དགོས།
ལེའུ་ལྔ་པ། ཕྱི་ཕྱོགས་དང་འབྲེལ་བའི་སྐུད་མེད་གློག་འཕྲིན་གྱི་དོ་དམ།
དོན་ཚན་སུམ་ཅུ་པ། ཕྱི་ཕྱོགས་དང་འབྲེལ་བའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་ཚད་བེད་སྤྱོད་གཏོང་མཁན་གྱིས་ངེས་པར་དུ་རྒྱལ་སྤྱིའི་སྐུད་མེད་གློག་འཕྲིན་གྱི་སྒྲིག་སྲོལ་དང་རྒྱལ་ཁབ་དབར་སྐུད་མེད་གློག་འཕྲིན་ཐད་ཕྱོགས་གཉིས་པོས་བཞག་པའི་གྲོས་དོན་གྱི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ་ཁྲིམས་བཞིན་སྐུད་མེད་གློག་འཕྲིན་གྱི་ལས་སྒོ་སྤེལ་དགོས།
དོན་ཚན་སོ་གཅིག་པ། རྒྱལ་ཁོངས་ཕྱིའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་དང་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་དབར་ཕན་ཚུན་འགོག་རྐྱེན་བྱུང་ཚེ། དེ་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་དེའི་དམིགས་བསལ་ཁྱད་ཆོས་དང་ཕྱོགས་མཚམས་ལ་ཚད་ལེན་གཏན་འཁེལ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་མཐུན་སྦྱོར་ཇུས་གཞི་འདོན་རྒྱུ་མ་ཟད་རྒྱལ་ཁབ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
དོན་ཚན་སོ་གཉིས་པ། རྒྱལ་ཁོངས་ཕྱིའི་ལས་ཁུངས་དང་། ཚོགས་པ། མི་སྒེར་བཅས་ཀྱིས་སྐུད་མེད་གློག་འཕྲིན་གྱི་སྒྲིག་ཆས་འཁྱེར་བ་དང་དབོར་འདྲེན་བྱས་ནས་རྒྱལ་ཁོངས་སུ་འཛུལ་བའམ་ཡང་ན་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་སྔོན་ལ་དེའི་ལས་སྒོའི་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་སྣེ་ལེན་བྱེད་མཁན་ཚན་པས་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་ཆོག་མཆན་ཞུ་དགོས་པ་དང་འབྲེལ་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས།
ལེའུ་དྲུག་པ། སྐུད་མེད་གློག་འཕྲིན་ལྟ་ཞིབ་ཚད་ལེན་དང་བདེ་འཇཌ་ཐད་ཀྱི་དོ་དམ།
དོན་ཚན་སོ་གསུམ་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་སུ་གཏོགས་པའི་སྐུད་མེད་གློག་འཕྲིན་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་སྲིད་འཛིན་ས་ཁོངས་དེའི་ནང་གི་སྐུད་མེད་གློག་འཕྲིན་གྱི་བརྡ་རྟགས་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུའི་འགན་འཁུར་དགོས་ཤིང་། སྒྲིག་སྦྱོར་དང་བེད་སྤྱོད་བྱེད་པའི་སྐུད་མེད་གློག་འཕྲིན་གཏོང་ཆས་ལ་ཚད་ལེན་གཏན་འཁེལ་བྱེད་རྒྱུ་དང་གློག་ངར་གྱི་ཁོར་ཡུག་ལ་ཚོད་ལེན་བྱེད་རྒྱུའི་འགན་འཁུར་དགོས་པ་དང་། སྲིད་འཛིན་ཁྲིམས་སྒྱུར་བྱེད་པའི་ཁྲོད་ལག་རྩལ་གྱི་དཔང་འདོན་དང་དེ་བཞིན་དགོས་ངེས་ཀྱི་ལག་རྩལ་བྱ་ཐབས་སྤྱོད་རྒྱུའི་འགན་འཁུར་དགོས།
སྐུད་མེད་གློག་འཕྲིན་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་དེ་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་དང་། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས ) སྐུད་མེད་གློག་འཕྲིན་གྱི་སྒྲིག་ཆས་བཅས་ལ་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུའི་ལག་རྩལ་གྱི་གཞི་འཛིན་ས་བྱེད་དགོས།
རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་ཁང་(ས་ཚིགས )གིས་རང་ཁོངས་གཏོགས་ཀྱི་སྐུད་མེད་གློག་འཕྲིན་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུའི་འགན་འཁུར་དགོས། དེ་མིན་གྱི་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་རང་དགར་སྐུད་མེད་གློག་འཕྲིན་བརྡ་རྟགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་སྒོ་སྤེལ་མི་ཆོག
དོན་ཚན་སོ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཡོངས་ལ་སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྤྱི་དམངས་ཀྱི་སྐུད་མེད་གློག་འཕྲིན་བདེ་འཇགས་ཡོང་བའི་འདུ་ཤེས་ཟབ་ཏུ་གཏོང་དགོས།
འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་བྱ་གཞག་ཚན་པས་ངེས་པར་དུ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་སོ་ལྔ་པ། ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་མི་ཆོག
དོན་ཚན་སོ་དྲུག་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་བཞིན་གསར་འཛུགས་དང་བེད་སྤྱོད་བྱེད་པའི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )ལ་སྲུང་སྐྱོབ་བྱས་ནས་དེར་གནོད་ལྡན་འགོག་རྐྱེན་མི་ཕོག་པ་བྱེད་དགོས།
ཁྲིམས་བཞིན་གསར་འཛུགས་དང་བེད་སྤྱོད་བྱེད་པའི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )ལ་གནོད་ལྡན་འགོག་རྐྱེན་འཕྲད་ཚེ་དེ་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་ཞུ་སྦྱོར་བྱེད་ཆོག
སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ཞུ་སྦྱོར་བདག་སྤྲོད་བྱས་རྗེས་ངེས་པར་དུ་འཕྲལ་མར་བྱ་ཐབས་སྤྱད་དེ་གནོད་ལྡན་འགོག་རྐྱེན་ཡོང་ཁུངས་རྩད་ཞིབ་བྱས་ཐོག་འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་འགོག་རྐྱེན་མེད་པ་བཟོ་རྒྱུའི་བཀའ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་དང་འབྲེལ་བའི་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་ལ་སྐུད་མེད་གློག་འཕྲིན་ལས་ཁུངས་ཀྱིས་ངེས་པར་དུ་གཙོ་གནད་དུ་བཞག་ནས་སྲུང་སྐྱོབ་བྱེད་དགོས།
དོན་ཚན་སོ་བདུན་པ། བཟོ་ལས་དང་། ཚན་རིག སྨན་བཅོས་སྒྲིག་ཆས། གློག་རླངས་ཅན་གྱི་སྐྱེལ་འདྲེན་མ་ལག མཐོ་གནོན་གློག་སྐུད། ཆ་འཕྲིན་ལག་རྩལ་སྒྲིག་ཆས་སོགས་སྐུད་མེད་གློག་མིན་པའི་སྒྲིག་ཆས་ལས་ཐོན་པའི་སྐུད་མེད་སྒྲ་རླབས་ཟེར་འགྱེད་ཀྱིས་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )ལ་གནོད་ལྡན་འགོག་རྐྱེན་བཟོས་ཚེ་སྒྲིག་ཆས་ཀྱི་དོ་བདག་གམ་ཡང་ན་བེད་སྤྱོད་གཏོང་མཁན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་འགོག་རྐྱེན་རྣམས་མེད་པ་བཟོ་དགོས། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཁོར་སྐྱོད་མ་ལག་གི་བདེ་འཇགས་ལ་གནོད་འཚེ་བཟོ་སྐབས་ངེས་པར་དུ་ལམ་སེང་བེད་སྤྱོད་གཏོང་མཚམས་འཇོག་དགོས།
དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་གལ་ཆེའི་ལས་འགན་འགན་སྲུང་། གློ་བུར་དུ་ཐོན་པའི་ཚབས་ཆེའི་དོན་རྐྱེན་ཐག་གཅོད་སོགས་བྱེད་རྒྱུའི་དགོས་མཁོ་ཡོད་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྐུད་མེད་གློག་འཕྲིན་ལ་ལྟ་སྡོམ་ཚོད་འཛིན་བྱེད་ཆོག་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྐུད་མེད་གློག་འཕྲིན་ལ་ལྟ་སྡོམ་ཚོད་འཛིན་བྱེད་རྒྱུའི་ཉིན་10གོང་ལ་ངེས་པར་དུ་སྐུད་མེད་གློག་འཕྲིན་ལྟ་སྡོམ་ཚོད་འཛིན་བྱེད་རྒྱུའི་བཀའ་རྒྱ་བཏང་ནས་སྐུད་མེད་གློག་འཕྲིན་ལྟ་སྡོམ་ཚོད་འཛིན་བྱེད་རྒྱུའི་ས་ཁོངས་དང་། བྱ་ཡུལ། འགོ་ཚུགས་དང་མཇུག་སྒྲིལ་གྱི་དུས་ཚོད། སྒྲ་རླབས་ཀྱི་ཁྱབ་ཁོངས། དེ་བཞིན་འབྲེལ་ཡོད་བླང་བྱ་གཞན་དག་བཅས་ཁ་གསལ་བཟོ་དགོས། གནས་ཚུལ་ཛ་དྲག་པའི་སྐབས་སུ་འཕྲལ་མར་སྐུད་མེད་གློག་འཕྲིན་ལ་ལྟ་སྡོམ་ཚོད་འཛིན་བྱེད་དགོས་རིགས་ཕུད།
དོན་ཚན་སོ་དགུ་པ། རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་སྐུད་མེད་གློག་འཕྲིན་ལྟ་སྡོམ་ཚོད་འཛིན་གྱི་བཀའ་རྒྱ་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྐུད་མེད་གློག་འཕྲིན་ལ་ལྟ་སྡོམ་ཚོད་འཛིན་བྱེད་རྒྱུའི་སྒྲིག་འཛུགས་དང་། མཐུན་སྦྱོར། ལག་བསྟར་བཅས་ཀྱི་བྱེད་འགན་འཁུར་དགོས་ཤིང་། གཤམ་གསལ་གྱི་ལྟ་སྡོམ་ཚོད་འཛིན་བྱ་ཐབས་སྤྱོད་ཆོག་པ་སྟེ།
(གཅིག )སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )དང་། སྐུད་མེད་གློག་འཕྲིན་གཏོང་ཆས། ཟེར་འགྱེད་སྐུད་མེད་སྒྲ་རླབས་ཀྱི་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་བཅས་ལ་གཙང་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་པ་དང་།
(གཉིས )གློག་ངར་གྱི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དང་། སྐུད་མེད་གློག་འཕྲིན་ཁང (ས་ཚིཌ )དང་། སྐུད་མེད་གློག་འཕྲིན་གཏོང་ཆས། ཟེར་འགྱེད་སྐུད་མེད་སྒྲ་རླབས་ཀྱི་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་བཅས་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ།
(གསུམ )གློག་ངར་འགོག་རྐྱེན་སོགས་ཀྱི་ལག་རྩལ་སྤྱད་ནས་བཀག་ཐབས་བྱེད་པ།
(བཞི )སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )དང་། སྐུད་མེད་གློག་འཕྲིན་གཏོང་ཆས། ཟེར་འགྱེད་སྐུད་མེད་སྒྲ་རླབས་ཀྱི་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་བཅས་བེད་སྤྱོད་བྱེད་རྒྱུ་ཚད་བཀག་བཟོ་བའམ་ཡང་ན་བཀག་འགོག་བྱེད་པ་བཅས་སོ།
སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་སྐུད་མེད་གློག་འཕྲིན་ལྟ་སྡོམ་ཚོད་འཛིན་བྱེད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཞོགས་འདེགས་ཧུར་ཐག་བྱེད་དགོས།
དོན་ཚན་བཞི་བཅུ་པ། སྐུད་མེད་གློག་འཕྲིན་ལ་ལྟ་སྡོམ་ཚོད་འཛིན་བྱེད་རིང་། སྐུད་མེད་གློག་འཕྲིན་ལྟ་སྡོམ་ཚོད་འཛིན་བྱེད་ཁོངས་ནང་གི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )དང་། སྐུད་མེད་གློག་འཕྲིན་གཏོང་ཆས། ཟེར་འགྱེད་སྐུད་མེད་སྒྲ་རླབས་ཀྱི་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་བཅས་ཀྱི་བདག་པོ་དང་། བེད་སྤྱོད་གཏོང་མཁན། དོ་དམ་བྱེད་མཁན་བཅས་ཀྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་ལྟ་སྡོམ་ཚོད་འཛིན་གྱི་བཀའ་རྒྱ་དང་ལེན་ཞུ་དགོས་པ་ལས་རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་ལྟ་སྡོམ་ཚོད་འཛིན་གྱི་བཀའ་རྒྱ་ལག་བསྟར་བྱེད་རྒྱུ་ནར་འགྱངས་གཏོང་བ་དང་དང་ལེན་མི་བྱེད་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་ལྟ་སྡོམ་ཚོད་འཛིན་གྱི་བྱ་ཐབས་སྤྱོད་པར་བཀག་འགོག་དང་འགོག་རྐྱེན་བཟོ་བ་བཅས་བྱེད་མི་ཆོག
དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་འཕྲལ་བསྟུན་འགན་སྲུང་ལམ་སྲོལ་དང་བཀོད་འདོམས་འཕྲིན་གཏོང་དྲ་རྒྱ་བཟོ་རྒྱུའི་སྒྲིག་འཛུགས་བྱེད་དགོས།
སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་མཐུན་སྦྱོར་བྱས་ཏེ་ཚབས་ཆེའི་རང་བྱུང་གནོད་འཚེ་དང་། ཉེན་སེལ་གེཌ་སྐྱོབ། གློ་བུར་དུ་ཐོན་པའི་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད། གལ་གནད་ཆེ་བའི་དུས་སྐབས་དང་བྱེད་སྒོ་ཆེ་རིགས་སྤེལ་བ་བཅས་སྐབས་ཀྱི་སྐུད་མེད་གློག་འཕྲིན་སྐྱོན་མེད་འགན་སྲུང་ཐུབ་པ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།
ལས་ཞོར་སྐུད་མེད་གློག་འཕྲིན་ལ་དགའ་པོ་བྱེད་མཁན་གྱིས་ཚབས་ཆེའི་རང་བྱུང་གནོད་འཚེ་ཐོན་སྐབས་ལས་ཞོར་གྱི་སྐུད་མེད་གློག་འཕྲིན་གཏོང་ཆས་སྤྱད་དེ་འཕྲལ་བསྟུན་འཕྲིན་གཏོང་ཞབས་ཞུ་སྒྲུབ་ཆོག
དོན་ཚན་ཞེ་གཉིས་པ། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་གློག་ངར་ཟེར་འགྱེར་གྱི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་གློག་ངར་ཟེར་འགྱེད་ཀྱི་འཛུགས་སྐྲུན་རྣམ་གྲངས་དང་སྒྲིག་ཆས་མིང་གཞུང་ནང་བཅུག་པའི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )ཡིན་ན་དེ་གསར་འཛུགས་དང་བེད་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དོ་དམ་གྱི་གཏན་འབེབས་གཞིར་བཟུང་གློག་ངར་ཟེར་འགྱེད་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོད་དཔྱད་གདེང་བྱེད་དགོས་པ་མ་ཟད། ཁྲིམས་བཞིན་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
དོན་ཚན་ཞེ་གསུམ་པ། འཆར་འགོད་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཨར་སྐྲུན་མཐོ་པོའི་རིགས་འཆར་འགོད་བྱེད་སྐབས་གལ་ཆེའི་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གི་སྒྲ་རླབས་གཏོང་སྤེལ་བྱེད་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རིགས་ཡིན་ཚེ་དེའི་གནས་ཡུལ་འདེམས་རྒྱུ་དང་དམིགས་འཛུགས་ཇུས་གཞི་བཟོ་སྐབས་ངེས་པར་དུ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
གློག་ངར་གྱི་ཁོར་ཡུག་སྲུང་སྐྱོབ་དང་གློག་ངར་གྱི་ཟེར་འགྱེད་དང་འབྲེལ་བ་ཡོད་པའི་གཙོ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཡུལ་འདེམས་རྒྱུའི་ཇུས་གཞིར་རིགས་པས་ཁུངས་སྐྱེལ་བྱེད་པ་དང་ཆོག་མཆན་ཞུ་སྐབས་ངེས་པར་དུ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཉེ་འཁོར་དུ་སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་རྐྱེན་བཟོ་བའི་ཨར་སྐྲུན་དངོས་རིགས་སམ་ཡང་ན་ཟེར་འགྱེད་སྐུད་མེད་སྒྲ་རླབས་ཀྱི་སྐུད་མེད་གློག་འཕྲིན་མིན་པའི་སྒྲིག་ཆས་འཛུགས་རིགས་བཀག་འགོག་བྱེད་དགོས།
དོན་ཚན་ཞེ་བཞི་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་དུས་བཀག་ཐོག་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གྲོང་མིའི་སྡོད་ཁུལ་དང་། སློབ་གྲྭ སྨན་ཁང་། འཁོར་རིགས་འབབ་ཚུགས་སོགས་མི་ཚོགས་ཆེ་བའི་ཁུལ་གྱི་གློག་ངར་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་འབྲས་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཞེ་ལྔ་པ། སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་གཏོང་མཁན་གྱིས་ངེས་པར་དུ་སྐུད་མེད་གློག་འཕྲིན་གྱི་ལས་ཀའི་ཁོར་ཡུག་ཁྲོད་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་བྱར་གློག་ངར་སྒྲ་རླབས་མྱུར་བའི་ཟེར་འགྱེད་མི་ཕོག་སྔོན་འགོག་དང་ཕོག་ཤུགས་ཆུང་དུ་འགྲོ་བ་བྱེད་དགོས།
དོན་ཚན་ཞེ་དྲུག་པ། སྒུལ་འཁྱེར་འཕྲིན་གཏོང་གི་འགོག་རྐྱེན་སྒྲིག་ཆས་རང་དགར་ཉོ་སྒྲུབ་དང་། སྒྲིག་སྦྱོར། བེད་སྤྱོད་བཅས་བྱེད་མི་ཆོག བེད་སྤྱོད་གཏོང་དགོས་ངེས་ཡིན་ཚེ་ངེས་པར་དུ་རང་གནས་སའི་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ལ་རེ་འདུན་ཞུ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་ཀྱི་འཕེན་གཏོང་སྒྲ་རླབས་དང་། ནུས་ཚད། དུས་ཚོད། ས་གནས། བཅད་བཀག་བཅས་ཀྱི་ཁྱབ་ཁོངས་གཞིར་བཟུང་བེད་སྤྱོད་གཏོང་དགོས་པ་མ་ཟད། མི་སྣ་ཆེད་བསྐོས་ཀྱིས་དོ་དམ་བྱེད་དུ་འཇུག་པ་དང་བེད་སྤྱོད་བཏང་ཚར་རྗེས་ངེས་པར་དུ་འཕྲལ་མར་བཀག་དགོས།
སྒུལ་འཁྱེར་འཕྲིན་གཏོང་གི་འགོག་རྐྱེན་སྒྲིག་ཆས་བེད་སྤྱོད་གཏོང་སྐབས་གསང་བ་དང་འབྲེལ་བའི་གནས་ཡུལ་ཕུད་པའི་སྤྱི་དམངས་ཀྱི་འཕྲིན་གཏོང་སོཌ་ལ་ཤུཌ་རྐྱེན་བཟོ་མི་ཆོག རྒྱལ་ཁབ་ནས་ལོཌ་སུ་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་ལྟར་ལག་བསྟར་བྱེད་དགོས།
ལེའུ་བདུན་པ། སྐུད་མེད་གློག་འཕྲིན་ལྟ་སྐུལ་ཞིབ་བཤེར།
དོན་ཚན་ཞེ་བདུན་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་གྱི་དབང་ཆ་སྤྱོད་དགོས་པ་དང་། ཞིབ་བཤེར་བྱ་ཡུལ་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་དེར་གཞོགས་འདེགས་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་། འགོག་རྐྱེན་བཟོ་བའམ་ཡང་ན་བཀག་འགོག་བཅས་བྱེད་མི་ཆོག
དོན་ཚན་ཞེ་བརྒྱད་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གཤམ་གསལ་གྱི་བྱ་ཐབས་ཁག་སྤྱོད་ཆོག་པ་སྟེ། (གཅིག )ལས་ཡུལ་དངོས་ལ་ཞིབ་བཤེར་དང་། རྩད་ཞིབ། དཔང་རྟགས་ལེན་པ་བཅས་བྱེད་པ་དང་། (གཉིས )ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་ནས་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་རྒྱུའི་རེ་བ་འདོན་པ། (གསུམ )དོ་བདག་དང་དཔང་མིར་འདྲི་རྩད་བྱེད་པ་དང་འདྲི་རྩད་ཀྱི་ཟིན་ཐོ་འགོད་པ། (བཞི )བེད་སྤྱོད་གཏོང་མཚམས་འཇོག་ཏུ་འཇུག་པ། (ལྔ )དུས་བཀག་ལྟར་བཅོས་སྒྲིག་བྱེད་དུ་འཇུག་པ། (དྲུག )ཁྲིམས་དང་མི་མཐུན་པའི་སྐུད་མེད་གློག་འཕྲིན་འཕེན་གཏོང་བྱེད་རིགས་ལ་དགོས་ངེས་ཀྱི་ལག་རྩལ་རང་བཞིན་གྱི་བྱ་ཐབས་སྤྱད་དེ་བཀག་འགོག་གམ་ཡང་ན་མཚམས་གཅོད་བྱེད་པ་བཅས་སོ།
དོན་ཚན་ཞེ་དགུ་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཞུ་སྦྱོར་དང་ཐེར་འདོན་གྱི་བདག་སྤྲོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞུ་སྦྱོར་དང་ཐེར་འདོན་གྱི་ཁ་པར་དང་ཡིག་སྒམ་མམ་ཡང་ན་གློག་རྡུལ་སྦྲག་སྒམ་ཡོངས་བསྒྲཌ་བྱས་ནས་ཞུ་སྦྱོར་དང་ཐེར་འདོན་བྱས་རིཌ་དུས་ཐོག་ཏུ་བརྟག་དཔྱད་བྱས་ཏེ་ཐག་གཅོད་བྱེད་དགོས།
དོན་ཚན་ལྔ་བཅུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མར་ཁྲིམས་དང་མ་མཐུན་པར་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་ཐོན་ཁུངས་བཟུང་སྤྱོད་བྱེད་པ་དང་། ཁྲིམས་དང་མ་མཐུན་པར་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་གཏོང་བ། ཁྲིམས་དང་མ་མཐུན་པར་སྐུད་མེད་གློག་འཕྲིན་གཏོང་ཆས་ཞིབ་འཇུག་བཟོ་སྒྲིག་དང་། ཐོན་སྐྱེད། ནང་འདྲེན། ཕྱིར་འཚོང་བཅས་བྱེད་པ། གློག་ངར་གྱི་ཁོར་ཡུག་གཏོར་སྐྱོན་གཏོང་བ། སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་སྒྲིག་ལམ་དཀྲུག་པ་བཅས་ཀྱི་བྱེད་སྤྱོད་རིགས་ཞུ་སྦྱོར་དང་ཐེར་འདོན་བྱེད་དབང་ཡོད།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ང་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་རིགས་ལ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད། སྒོར་1000ཡན་ནས་སྒོར་5000མན་གྱི་དངུལ་ཆད་འགེལ་རྒྱུ་སྟེ། (གཅིག )རང་དགར་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱོད་གཏོང་ཁོངས་རྒྱ་ཆེར་བཏང་བའམ་ཡང་ན་སྤྱོད་སྒོ་འགྱུར་ལྡོག་བཏང་རིགས་དང་། (གཉིས )སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་དཔྱད་སྤྲོད་ཀྱི་ནང་དོན་བཞིན་བེད་སྤྱོད་མི་གཏོང་བ་དང་སྒྲ་རླབས་དང་། འཕེན་གཏོང་ནུས་ཚད། གནམ་སྐུད་ཀྱི་མཐོ་ཚད། གློག་འཕྲིན་གཏོང་ཆས (ས་ཚིགས )གི་གནས་ཡུལ་སོགས་རང་དགར་འགྱུར་ལྡོག་བཏང་རིགས། (གསུམ )སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གི་ལས་གཉེར་ལག་ཁྱེར་མེད་པ་བཟོས་རྗེས་གཏན་འབེབས་དུས་བཀག་ནང་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གི་གནམ་སྐུད་དང་། གློག་སྐུད། དེའི་ཞོར་གཏོགས་སྒྲིག་བཀོད་བཅས་བཤིག་བཀྲོལ་མ་བྱས་པའི་རིགས། (བཞི )སྐུད་མེད་གློག་འཕྲིན་གཏོང་ཆས་ཞིབ་འཇུག་བཟོ་སྒྲིག་དང་། ཐོན་སྐྱེད། ཉམས་གསོ་བཅས་བྱེད་པའི་བརྒྱུད་རིམ་ནང་སྒྲ་རླབས་འཕེན་གཏོང་འགོག་ཐབས་ནུས་ལྡན་མ་སྤྱད་པའམ་ཡང་ན་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་དངོས་ཕན་གྱི་འཕེན་གཏོང་ཚོད་ལྟ་བྱས་རིགས། (ལྔ )སྐུད་མེད་གློག་འཕྲིན་གཏོང་ཆས་བེད་སྤྱོད་དང་ཉམས་གསོ་བྱེད་སྐབས་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་ནུས་ཕྱོད་དང་ལག་རྩལ་གྱི་དཔྱད་གྲངས་གཙོ་བོ་རང་དགར་འགྱུར་ལྡོག་བཏང་རིགས། (དྲུག )སྐུད་མེད་གློག་འཕྲིན་གཏོང་ཆས་ཕྱིར་འཚོང་བྱེད་སྐབས་སྙན་ཐོ་དཔོད་དགོས་ཀྱང་སྙན་ཐོ་མ་དཔོད་པའི་རིགས་བཅས་སོ།
དོན་ཚན་ང་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་རིགས་ལ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་5000ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ཁྲིམས་ལུགས་ལྟར་སྒོ་ཐེལ་རྒྱག་པའམ་ཡང་ན་ཁྲིམས་འགལ་གྱི་སྒྲིག་ཆས་རྣམས་གཞུང་བཞེས་གཏོང་རྒྱུ་དང་། སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ། སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་སྤྱོད་དབང་མེད་པ་བཟོ་རྒྱུ་བཅས་ཏེ། (གཅིག )ཆོག་མཆན་མ་ཐོབ་པར་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བེད་སྤྱད་པའམ་ཡང་ན་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )གསར་འཛུགས་དང་བེད་སྤྱོད་བྱས་རིགས་དང་། (གཉིས )རྒྱལ་ཁབ་ཀྱི 《སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་དབྱིབས་ཨང་དཔྱད་འཐུས་ལག་ཁྱེར 》མེད་པར་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད། ནང་འདྲེན་བཅས་བྱས་པའམ་ཡང་ན་དབྱིབས་ཨང་དཔྱད་འཐུས་ཀྱི་ཚབ་རྟགས་གསལ་འགོད་མ་བྱས་པའི་རིགས། (གསུམ )སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་ནང་བཤུག་དང་། བོགས་གཏོང་། གཡར་སྤྱོད་བཅས་བྱས་པའམ་ཡང་ན་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་རྫུན་བཟོ་དང་། སྒྱུར་བཟོ། ནང་བཤུག བོགས་གཏོང་། གཡར་སྤྱོད། གཏའ་འཇོག་བཅས་བྱས་པའི་རིགས། (བཞི )སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་སྒུལ་འཁྱེར་གློག་འཕྲིན་གྱི་འགོག་རྐྱེན་སྒྲིག་ཆས་བེད་སྤྱོད་བཏང་བའམ་ཡང་ན་རང་དགར་འགོག་རྐྱེན་བཟོ་ཁོངས་རྒྱ་ཆེར་བཏང་རིགས་བཅས་སོ།
དོན་ཚན་ང་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་བཟུང་སྤྱོད་འགྲོ་གྲོན་དུས་བཀག་ལྟར་འཇལ་སྤྲོད་མ་བྱས་པའི་རིགས་ལ་སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་དུས་བཀག་ནང་འཇལ་སྤྲོད་བྱེད་དུ་འཇུག་རྒྱུ་དང་། དུས་ཚད་ནས་ཟླ་3ཡོལ་ཡང་ད་དུང་འཇལ་སྤྲོད་མ་བྱས་ན། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ།
དོན་ཚན་ང་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་སྐུད་མེད་གློག་འཕྲིན་གཏོང་ཆས (ས་ཚིགས )བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་སྤེལ་མཁན་རིཌ་ལ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་སྒོ་ཐེལ་རྒྱག་པའམ་ཡང་ན་སྒྲིག་ཆས་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་དང་། སྐུད་མེད་གློག་འཕྲིན་ཁང་གི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་བཏང་ནས་སྐུད་མེད་གློག་འཕྲིན་གྱི་སྒྲ་རླབས་སྤྱོད་དབང་བསྡུ་རྒྱུ། དེ་བཞིན་ཉེས་གསོག་གི་དོགས་པ་ཡོད་རིཌ། ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ།
དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་སྐུད་མེད་གློག་འཕྲིན་གྱི་ལྟ་སྡོམ་ཚོད་འཛིན་བཀའ་རྒྱ་ལག་བསྟར་ཕྱིར་འགྱངས་དང་དང་ལེན་མ་བྱས་པའི་རིགས་ལ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ། ཡོ་བསྲང་གཏན་ནས་མ་བྱས་ན་སྒོ་རྒྱག་པ་དང་། སྒོ་ཐེལ་རྒྱག་པ། འབྲེལ་ཡོད་སྒྲིག་ཆས་གནས་སྐབས་བཀག་ཉར་རམ་ཡང་ན་བཤིག་བཀྲོལ་བཅས་བྱེད་རྒྱུ། གནས་ཚུལ་ཚབས་ཆེ་ཡོད་རིགས་ལ་སྐུད་མེད་གློག་འཕྲིན་གྱི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ། བདེ་འཇགས་དོ་དམ་གྱི་གཏན་འབེབས་ལས་འགལ་རིགས་ལ། སྤྱི་བདེ་ལས་ཁུངས་ནས་ཁྲིམས་བཞིན་ཉེས་ཆད་གཅོད་རྒྱུ།
དོན་ཚན་ང་དྲུག་པ། སྐུད་མེད་གློག་འཕྲིན་དོ་དམ་ལས་ཁུངས་ཀྱི་ལས་བྱས་སྐུད་མེད་གློག་འཕྲིན་དོ་དམ་ལས་དོན་སྤེལ་བའི་ནང་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་རིགས་ལ། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས། ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ།
དོན་ཚན་ང་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བར་བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་ཆད་གཅོད་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་ལྟར་ལག་བསྟར་བྱེད་རྒྱུ།
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདི་2014ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།
(ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁང་ནས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣