བོད་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་གི་དངོས་ཚན་དང་ཆེད་ཚན་མཐོ་སློབ་ཀྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་ཐབས་སྲིད་ཇུས།
“དམངས་འཚོའི་འདུ་འགོད ”དུ་གྱུར་པའི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་སློབ་མར་རོགས་སྐྱོར་བྱེད་པའི་ལས་ཀར་དུས་ཡུན་རིང་པོའི་ནང་ཏང་དང་རྒྱལ་ཁབ་ཀྱི་མཐོང་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་སློབ་མའི་འཚོ་བའི་ཁུར་པོ་ཡང་དུ་གཏོང་བ་དང་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་བུ་ཕྲུག་དུས་ཐོག་ཏུ་སློབ་གྲྭར་སློབ་སྦྱོང་ཐུབ་ནས་སྦྱངས་འབྲས་ཐོན་པ་བྱ་ཆེད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་བཟོས་ཤིང་། ད་བར “བྱ་དགའ་སྤྲོད་པ་དང་། དངུལ་བུན་ཚབ་སྤྲོད། སློབ་ཞོར་སློབ་ཡོན་སྒྲུབ་པ། སློབ་སྐྱོར་དངུལ་སྤྲོད་པ། ཁ་གསབ་བྱེད་པ། རྩ་ཆག་གཏོང་བ ”བཅས་གཙོ་བོའི་ཐོག་ནས་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པའི་མ་ལག་ཅིག་རང་ལྗོངས་སུ་རིམ་བཞིན་བཙུགས་ནས་འཐུས་ཚང་དུ་གཏོང་བཞིན་ཡོད། སྲིད་ཇུས་དེ་ལག་ལེན་བསྟར་བ་བརྒྱུད་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་བྱིངས་ཀྱི་སློབ་མའི་འཚོ་བའི་ཁུར་པོ་ཧ་ཅང་ཡང་དུ་སོང་བ་མ་ཟད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཐུབ་པ་བྱུང་ནས་སློབ་གསོ་འདྲ་མཉམ་ངང་ཐོབ་པ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད། སྤྱི་ཚོགས་ལས་རིགས་ཁག་དང་ལྷག་པར་དུ་ཞིང་འབྲོག་པ་བྱིངས་ཀྱིས་རང་ལྗོངས་ཀྱི་མཐོ་སློབ་སློབ་མའི་རོགས་སྐྱོར་གྱི་སྲིད་ཇུས་ལ་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། མཐོ་སློབ་ལ་རྒྱུགས་སྤྲོད་མཁན་གྱི་བློ་མོས་ཆ་འཕྲིན་འབྲི་བར་དཔྱད་གཞི་ཡོང་ཆེད་ད་ལྟ་སྤྱོད་མུས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་གསེད་བཀྲོལ་ཞུ་རྒྱུ་གཤམ་གསལ།
གཅིག མཐོ་སློབ་ཀྱི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་སློབ་གསར་གྱི་རོགས་སྐྱོར་སྲིད་ཇུས།
1.སློབ་མ་གང་ཞིག་ལ་སྲིད་ཇུས་དེ་ལོངས་སུ་སྤྱོད་རྒྱུ་ཡོད་དམ།
ལྗོངས་ཕྱི་ནང་གི་སྤྱིར་བཏང་དངོས་ཚན་གྱི་སློབ་ཆེན་དང་མཐོ་སློབ་ཀྱི་ཆེད་ལས་ཚན་ཁག་གི་སློབ་གྲྭར་རྒྱུགས་འཕྲོད་པའི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་ཞིང་འབྲོག་ཁྱིམ་ཚང་གི་བུ་ཕྲུག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཁྱིམ་ཚང་གི་བུ་ཕྲུག འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་ཁེ་ལས་ཁྱིམ་ཚང་གི་བཟོ་པའི་བུ་ཕྲུག་བཅས་ཡིན།
2.སྲིད་ཇུས་དེའི་རོགས་སྐྱོར་གྱི་ཚད་གཞི་གང་ཡིན་ནམ།
ལྗོངས་ཕྱིའི་གཙོ་གནད་མཐོ་སློབ་ཏུ་རྒྱུགས་འཕྲོད་པའི་དངོས་གཞིའི་ཚན་ཁག་གི་སློབ་མར་སྤྲོད་ཐེངས་གཅིག་ལ་སྒོར་5000དང་། ལྗོངས་ཕྱིའི་མཐོ་སློབ་ལ་རྒྱུགས་འཕྲོད་པའི་ཆེད་ལས་ཚན་ཁག་གི་སློབ་མར་སྤྲོད་ཐེངས་གཅིག་ལ་སྒོར་4000 ལྗོངས་ནང་ཁུལ་གྱི་མཐོ་སློབ་ལ་རྒྱུགས་འཕྲོད་པའི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མར་སྤྲོད་ཐེངས་གཅིག་ལ་སྒོར་1000བཅས་རོགས་པ་བྱ་རྒྱུ་རེད།
3.མཐོ་སློབ་ཀྱི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་སློབ་གསར་གྱིས་རོགས་རམ་གྱི་འདུན་ཞུ་ཇི་ལྟར་བྱེད་དགོས་སམ།
འཚོ་བར་དཀའ་ངལ་ཧ་ཅང་ཆེ་བའི་ཞིང་འབྲོག་པའི་ཁྱིམ་ཚང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་མ་ཡིན་རིགས་ཀྱིས།
①ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་ཞིང་འབྲོག་པའི་ཁྱིམ་ཚང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་ཐོན་སློབ་མས་རང་སྡོད་སའི་སློབ་གྲྭའམ་ཡང་ན་སློབ་གྲྭ་གནས་ཡུལ་གྱི་ས་ཁུལ་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཚན་ནས 《མཐོ་སློབ་ཀྱི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་སློབ་མའི་སྤྲོད་ཐེངས་གཅིག་གི་རོགས་དངུལ་འདུན་ཞུའི་རེའུ་མིག (དམངས་སྲིད )》བླངས་ནས་འབྲི་དགོས། ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་འཚོ་བར་དཀའ་ངལ་ཆེ་བའི་སློབ་མའི་ཞིང་འབྲོག་ཁྱིམ་ཚང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་ཐོན་སློབ་མས་རང་སྡོད་སའི་སློབ་གྲྭ་ནས 《ནང་སའི་བོད་ལྗོངས་མཐོ་འབྲིང་འཛིན་གྲྭའི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་སློབ་མར་སྤྲོད་ཐེངས་གཅིག་གི་རོགས་དངུལ་འདུན་ཞུའི་རེའུ་མིག (དམངས་སྲིད )》བླངས་ནས་འབྲི་དགོས།
②ཟླ་5ཚེས་1ཉིན་གོང་སློབ་མ་རང་གིས་བྲིས་པའི 《འདུན་ཞུའི་རེའུ་མིག 》དང་དེ་བཞིན་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་། ཁྱིམ་ཚང་ངམ་ཡང་ན་རང་སྒེར་གྱི་མ་མཐའི་འཚོ་བའི་འགན་ལེན་ངོ་སྤྲོད། ཐེམ་ཐོ་བཅས་པར་སློག་བྱས་ནས་ཁྱིམ་ཚང་གི་ཐེམ་ཐོ་གནས་ཡུལ་གྱི་གྲོང་ཚོ (གྲོང་ལྷན )ཨུ་ལྷན་ལ་ཞིབ་དཔྱད་བྱེད་པར་བསྐྱལ་ནས་དེས་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང (ཁྲོམ་གཞུང་དོན་གཅོད་ཁང )ལ་སྐྱེལ་དགོས།
འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་ཁེ་ལས་ཁྱིམ་ཚང་གི་བུ་ཕྲུག་ཡིན་རིགས།
①ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་ཁེ་ལས་ཁྱིམ་ཚང་གི་སློབ་ཐོན་སློབ་མས་རང་སྡོད་སའི་སློབ་གྲྭ་ནས 《མཐོ་སློབ་ཀྱི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་སློབ་མར་སྤྲོད་ཐེངས་གཅིག་གི་རོགས་དངུལ་འདུན་ཞུའི་རེའུ་མིག (བཟོ་ཚོགས )》བླངས་ནས་འབྲི་དགོས། ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་ཁེ་ལས་ཁྱིམ་ཚང་གི་སློབ་ཐོན་སློབ་མས་རང་སྡོད་སའི་སློབ་གྲྭ་ནས 《ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་འཚོ་བར་དམིགས་བསལ་དཀའ་ངལ་ཆེ་བའི་སློབ་མར་སྤྲོད་ཐེངས་གཅིག་གི་རོགས་དངུལ་འདུན་ཞུའི་རེའུ་མིག (བཟོ་ཚོགས )》བླངས་ནས་འབྲི་དགོས།
②ཟླ་5ཚེས་1གོང་སློབ་མ་རང་གིས་བྲིས་པའི 《འདུན་ཞུའི་རེའུ་མིག 》དང་དེ་བཞིན་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་། ཁྱིམ་ཚང་ངམ་ཡང་ན་རང་སྒེར་གྱི་མ་མཐའི་འཚོ་བ་འགན་ལེན་ངོ་སྤྲོད། ཐེམ་ཐོ་བཅས་པར་སློག་བྱས་ནས་ཁྱིམ་ཚང་གི་ཐེམ་ཐོ་གནས་ཡུལ་གྱི་གྲོང་ཚོ (གྲོང་ལྷན )ཨུ་ལྷན་ལ་ཞིབ་དཔྱད་བྱེད་པར་བསྐྱལ་ནས་དཔྱད་གཞི་དེ་དག་ཁྱིམ་བདག་གི་ལས་ཁུངས་ཀྱི་བཟོ་ཚོགས་ལ་སྐྱེལ་དགོས།
གཉིས། སློབ་མ་དབུལ་པོ་སློབ་ཞུགས་ཀྱི “ཐོགས་མེད་བགྲོད་ལམ ”སྲིད་ཇུས།
1.གང་འདྲ་ཞིག་ལ “ཐོགས་མེད་བགྲོད་ལམ ”སྲིད་ཇུས་ཟེར།
མཐོ་སློབ་ཀྱིས་གསར་དུ་བསྡུས་པའི་འཚོ་བར་དཀའ་ངལ་ཆེ་བའི་སློབ་གསར་ཚང་མར་སྔོན་ལ་སློབ་ཞུགས་ཀྱི་འགྲོ་ལུགས་གཉེར་དུ་བཅུག་རྗེས་བདེན་པ་ར་སྤྲོད་བྱས་པའི་གནས་ཚུལ་ལ་གཞིགས་ཏེ་ཕྱིས་འབྱུང་གི་སློབ་སྦྱོང་ནང་བྱ་ཐབས་མི་འདྲ་བའི་ཐོག་ནས་རོགས་སྐྱོར་བྱེད་པ་ལ་ཟེར།
2.སློབ་མ་གང་དག་གིས “ཐོགས་མེད་བགྲོད་ལམ ”ལོངས་སུ་སྤྱོད་ཆོག་གམ།
གསར་དུ་བསྡུས་པའི་འཚོ་བར་དཀའ་ངལ་ཆེ་བའི་སློབ་གསར་ཡིན།
3.“ཐོགས་མེད་བགྲོད་ལམ ”སྲིད་ཇུས་ལོངས་སྤྱོད་ཀྱི་འདུན་ཞུ་ཇི་ལྟར་བྱེད་དགོས་སམ།
གཅིག་ནས་གསར་དུ་བསྡུས་པའི་སློབ་མས 《སློབ་བསྡུའི་བརྡ་ཐོ 》དང 《མཐོ་སློབ་ཀྱི་སློབ་མ་དང་ཁྱིམ་ཚང་གི་གནས་ཚུལ་བརྟག་དཔྱད་རེའུ་མིག 》ཇི་བཞིན་འབྲི་དགོས་པ་དང་། གཉིས་ནས་སློབ་མས་བརྟག་དཔྱད་རེའུ་མིག་ཉིད་ཁྱིམ་ཚང་གནས་ཡུལ་གྱི་ས་ཁུལ་དང་། ཤང་། གྲོང་རྡལ་ལམ་ཁྲོམ་གཞུང་གི་དམངས་སྲིད་སྡེ་ཚན་ལ་ཞིབ་དཔྱད་ཡོང་བར་བསྐྱལ་ནས་ཐེལ་ཙེ་གཟེད་དགོས། གསུམ་ནས་སློབ་མས་སློབ་འབྱོར་གྱི་ཐོ་འགོད་སྐབས 《མཐོ་སློབ་ཀྱི་སློབ་མ་དང་ཁྱིམ་ཚང་གི་གནས་ཚུལ་བརྟག་དཔྱད་རེའུ་མིག 》སློབ་གྲྭར་བསྐྱལ་ན་སློབ་གྲྭའི་ཆེད་བཙུགས་ཀྱི “ཐོགས་མེད་བགྲོད་ལམ ”བརྒྱུད་སློབ་གྲྭར་འབྱོར་ནས་ཕྱིས་འབྱུང་སློབ་སྦྱོང་དཔྱད་འདེམས་བྱེད་རིང་རོགས་སྐྱོར་ཁག་བྱེད་པའི་གཞི་འཛིན་སར་བརྩི་རྒྱུ་ཡིན་པ་རེད།
གསུམ། རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་སྲིད་ཇུས།
1.གང་འདྲ་ཞིག་ལ་རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་ཟེར་རམ།
རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་ནི་ཏང་དང་སྲིད་གཞུང་གིས་མཐོ་སློབ་ཀྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་ཐུགས་ཁུར་མཚོན་ཐབས་ཤིག་ཡིན་པ་དེ་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་མཉམ་དུ་མ་དངུལ་བཏོན་ནས་བཙུགས་པ་ཞིག་ཡིན། དེའི་དམིགས་ཡུལ་ནི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་སློབ་གྲྭ། སློབ་རམས་པའི་མཚན་གནས་གཉིས་ལྡན་རིགས་ཚུད )གྱི་སློབ་སྦྱོང་བྱེད་བཞིན་པའི་སློབ་མའི་སློབ་སྐྱོར་མ་དངུལ་གཏོང་རྒྱུ་ཡིན།
2.རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་འདུན་ཞུ་བྱེད་པར་གཞི་རྩའི་ཆ་རྐྱེན་གང་འཛོམས་དགོས་སམ།
སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་། སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་། ཟོལ་མེད་དྲང་བདེན། ཀུན་སྤྱོད་བཟང་བ། སློབ་སྦྱོང་ལ་བརྩོན་པ། ཧུར་སེམས་ཆེ་བ། ཁྱིམ་ཚང་གི་འཁོས་ཀ་ཞན་ཞིང་གྲོན་ཆུང་བསྲི་ཚགས་བྱེད་པའི་ཆ་རྐྱེན་འཛོམས་དགོས།
3.རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་ག་ཚོད་ཡོད་དམ།
ལོར་སློབ་མ་རེར་སྒོར་3000ཡོད།
4.རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་འདུན་ཞུ་ཇི་ལྟར་བྱེད་དགོས་སམ།
རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་ལོ་རེར་ཐེངས་རེ་སྤྲོད་རྒྱུ། དེའང་ལོ་ལྟར་གྱི་ཟླ་9ཚེས་30ཉིན་གོང་རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་འདུན་ཞུའི་གཞི་རྩའི་ཆ་རྐྱེན་དང་དེ་མིན་གྱི་ཆ་རྐྱེན་ལ་གཞིགས་ནས་སློབ་མས་སློབ་གྲྭར 《སྤྱིར་བཏང་གི་དངོས་ཚན་མཐོ་སློབ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་སྐྱོར་མ་དངུལ་འདུན་ཞུའི་རེའུ་མིག 》བྲིས་ནས་བསྐྱལ་ནས་སློབ་གྲྭའི་དཔྱད་འདེམས་ཨུ་ལྷན་གྱིས་སློབ་མའི་འདུན་ཞུར་དཔྱད་འདེམས་བྱ་རྒྱུ་རེད།
བཞི། རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའི་སྲིད་ཇུས།
1.རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའ་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་རམ།
རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའ་ཞེས་པ་ནི་མཐོ་སློབ་ཀྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མས་དཀའ་སྤྱད་སློབ་བརྩོན་དང་འབད་འབུངས་ཡར་སྐྱེད་བྱས་ནས་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རིས་སོགས་ཕྱོགས་ཚང་མ་ཡར་རྒྱས་གཏོང་ཆེད། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་མཉམ་དུ་མ་རྩ་བཏང་ནས་བཙུགས་པའི་སྤྱོད་ཡོན་གཉིས་ལྡན་གྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པའི་བྱ་དགའ་ལ་ཟེར།
2.རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའི་གཞི་རྩའི་འདུན་ཞུ་ཆ་རྐྱེན་གང་དང་གང་ཡོད་དམ།
ལོ་རིམ་གཉིས་པ་དང་དེ་ཡན་གྱི་ཉིན་གང་ལམ་ལུགས་ཀྱི་དངོས་ཚན་དང་ཆེད་ཚན་དཀྱུས་མའི (མཐོ་རིམ་ལས་རིགས་དང་། སློབ་རམས་པའི་མཚན་གནས་གཉིས་ལྡན་རིགས་ཚུད )སློབ་སྡོད་སློབ་མ་ཡིན་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་། སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་། ཁ་དན་ཚིག་གནས་དང་ཀུན་སྤྱོད་ལེགས་པ། སློབ་གྲྭར་སྡོད་རིང་སྦྱངས་འབྲས་ཕུལ་དུ་བྱུང་བ། ཁྱིམ་ཚང་གི་འཁོས་ཀ་ཞན་ཞིང་གྲོན་ཆུང་བསྲི་ཚགས་བྱེད་པའི་ཆ་རྐྱེན་འཛོམས་དགོས།
3. རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའི་ཚད་གཞི་ག་ཚོད་ཡིན་ནམ།
སློབ་མ་རེར་ལོ་རེར་སྒོར་5000ཡིན།
4.རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའ་གང་འདྲ་བྱས་ནས་འདུན་ཞུ་བྱེད་དགོས་སམ།
རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའ་དེ་ལོ་རེར་དཔྱད་འདེམས་ཐེངས་རེ་བྱས་ཏེ་གྲངས་མཉམ་དཔྱད་ཞིབ་བྱེད་ཀྱི་ཡོད། ལོ་ལྟར་གྱི་ཟླ་9ཚེས་30ཉིན་གྱི་སྔོན་དུ་རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའི་གཞི་རྩའི་འདུན་ཞུ་ཆ་རྐྱེན་དང་འབྲེལ་ཡོད་གཏན་འབེབས་གཞན་ལ་གཞིགས་ཏེ་སློབ་མས་སློབ་གྲྭར་འདུན་ཞུ་ཕུལ་བ་དང་ཆབས་ཅིག 《སྤྱིར་བཏང་གི་དངོས་ཚན་མཐོ་སློབ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའི་འདུན་ཞུ་རེའུ་མིག 》གོང་འབུལ་བྱེད་དགོས། སློབ་གྲྭའི་དཔྱད་འདེམས་ཨུ་ལྷན་གྱིས་སློབ་མའི་འདུན་ཞུ་ཡིག་ཆར་དཔྱད་ཞིབ་བྱས་མཐར་མཐོ་སློབ་ཚོས་ལོ་ལྟར་གྱི་ཟླ་11ཚེས་30ཉིན་གྱི་སྔོན་དུ་རྒྱལ་ཁབ་ཀྱི་བརྩོན་སྐུལ་བྱ་དགའ་ཚང་མ་སློབ་མར་སྤྲོད་རྒྱུ་མ་ཟད་སློབ་མའི་སྐྱིད་སྡུག་ཡིག་ཚགས་སུ་འགོད་རྒྱུ།
ལྔ། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་སྲིད་ཇུས།
1.གང་ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཟེར་རམ།
རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ནི་མཐོ་སློབ་སློབ་མར་དཀའ་སྤྱད་སློབ་བརྩོན་དང་འབད་འབུངས་ཡར་སྐྱེད་ཐོག་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རིས་སོགས་ཐད་སྒོ་ཀུན་ནས་ཡར་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་ཆེད་ཀྲུང་དབྱང་སྲིད་གཞུང་གིས་མ་རྩ་བཏང་ནས་བཙུགས་པའི་ཧ་ཅང་ཕུལ་བྱུང་གི་སློབ་མར་སྐུལ་ལྕག་གཏོང་བར་སྤྱོད་པའི་བྱ་དགའ་ཞིག་ཡིན།
2.རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་འདུན་ཞུ་བྱེད་པར་གཞི་རྩའི་ཆ་རྐྱེན་གང་དང་གང་ཚང་དགོས་སམ།
ལོ་རིམ་གཉིས་པ་དང་དེ་ཡན་གྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་གི་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་དང་། སློབ་རམས་པའི་མཚན་གནས་གཉིས་ལྡན་རིགས་ཚུད )ཞག་སྡོད་སློབ་མ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་། སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་། ཁ་དན་ཚིག་གནས་དང་ཀུན་སྤྱོད་ལེགས་པ། སློབ་གྲྭར་སྡོད་རིང་སྦྱངས་འབྲས་ཕུལ་དུ་བྱུང་བ། སྤྱི་ཚོགས་ཀྱི་ལག་ལེན་དང་། གསར་གཏོད་བྱེད་ནུས་ལྡན་པ། ཕྱོགས་བསྡུས་བྱང་ཚད་མཐོ་བ་སོགས་ཀྱི་ཐད་བྱས་རྗེས་འབུར་དུ་ཐོན་པ་དགོས།
3.རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་ཚད་གཞི་ག་ཚོད་ཡིན་ནམ།
སློབ་མ་རེར་ལོ་རེར་སྒོར་8000ཡིན།
4.རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ལ་དཔྱད་ཞིབ་གང་འདྲ་བྱེད་དགོས་སམ།
རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་དེ་ལོ་རེར་དཔྱད་འདེམས་ཐེངས་རེ་བྱས་ཏེ་གྲངས་མཉམ་དཔྱད་ཞིབ་བྱེད་ཀྱི་ཡོད། མཐོ་སློབ་ཁག་གིས་ལོ་རེའི་སློབ་འགོ་ཚུགས་མ་ཐག་དཔྱད་ཞིབ་ཀྱི་ལས་ཀ (སློབ་མས་འདུན་ཞུ་ཕུལ་མི་དགོས )སྤེལ་འགོ་བཙུགས་ནས་ལོ་དེའི་ཟླ་10ཚེས་31ཉིན་གྱི་སྔོན་ལ་དཔྱད་ཞིབ་བྱེད་མཇུག་འགྲིལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་སྤྲོད་ཐེངས་གཅིག་ལ་སློབ་མར་སྤྲད་ནས་རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་བཟོས་པའི་བྱ་དགའི་ལག་ཁྱེར་སྤྲད་པ་དང་ཆབས་ཅིག་སློབ་མའི་སྐྱིད་སྡུག་ཡིག་ཚགས་སུ་ནང་འགོད་ཀྱི་ཡོད་པ་རེད།
དྲུག རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སྲིད་ཇུས།
1.གང་འདྲ་ཞིག་ལ་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཟེར་རམ།
རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ནི་སྲིད་གཞུང་གིས་འགན་གཙོ་བོ་ཁུར་བ་དང་། ནོར་སྲིད་ཀྱིས་སྐྱེད་འཇལ་བ། ནོར་སྲིད་དང་མཐོ་སློབ་ཐུན་མོང་ཐོག་དངུལ་ཁང་ལ་ཉེན་འགོག་ཁ་གསབ་དངུལ་ངེས་ཅན་ཞིག་སྤྲད་ནས་དངུལ་ཁང་དང་། སློབ་གསོ་སྲིད་འཛིན་སྡེ་ཚན། མཐོ་སློབ་བཅས་ཀྱིས་ཐུན་མོང་ཐོག་མཐོ་སློབ་ཀྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མ་སློབ་གྲྭར་སྡོད་རིང་གི་སློབ་ཡོན་དང་ཉལ་ཁང་གི་དངུལ་དངུལ་ཁང་ནས་གཡར་ཏེ་སྤྲོད་རོགས་བྱས་པར་ཟེར། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ནི་ཡིད་རྟོན་དངུལ་བུན་ཡིན་པས་སློབ་མས་དངུལ་བུན་ཁག་ཐེག་གམ་ཡང་ན་གཏའ་མ་འཇོག་མི་དགོས་མོད། འོན་ཀྱང་དུས་ཐོག་ཏུ་བུ་ལོན་འཇལ་རྒྱུའི་ཁས་ལེན་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་ཁྲིམས་འགན་ཁུར་དགོས། སློབ་མས་སློབ་ཞུགས་ཀྱི་འབྱོར་ཐོ་བཀོད་རྗེས་དངུལ་རྩ་ལས་ཁུངས་བརྒྱུད་དེ་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཡར་རྒྱུའི་འདུན་ཞུ་བྱེད་ཆོག
2. རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་འདུན་ཞུ་བྱེད་པའི་གཞི་རྩའི་ཆ་རྐྱེན་གང་དག་ཡོད་དམ།
སྤྱིར་བཏང་མཐོ་རིམ་སློབ་གྲྭར་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་མཁན་ཉིན་གང་ལམ་ལུགས་ཀྱི་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་རམས་པའི་སློབ་གནས་གཉིས་ལྡན་རིགས་ཚུད )གྱི་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་དང་ཞིབ་འཇུག་སློབ་མ་དང་། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས (ལོ་ཧྲིལ་པོ་16ཏུ་སོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཡོད་པ )ཡིན་པ། དམངས་དོན་བྱ་སྤྱོད་སྒྲུབ་ནུས (ན་སོ་དར་ལ་མ་བབས་པའི་མིས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་འདུན་ཞུ་བྱས་ཚེ་ངེས་པར་དུ་དེའི་ཁྲིམས་བཀོད་ལྟ་སྲུང་བས་ཡིག་ཐོག་ནས་མོས་མཐུན་བྱེད་དགོས )རྦད་དེ་ཡོད་པ། ཟོལ་མེད་ཡིད་རྟོན་དང་སྒྲིག་བརྩི་ཁྲིམས་སྲུང་བྱེད་པ་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་མེད་པ། སློབ་སྦྱོང་ལ་འབད་བརྩོན་གྱིས་སྦྱོང་ཚན་རྒྱུན་གཏན་ངང་ལེགས་གྲུབ་བྱེད་པ་བཅས་ཡིན།
3. རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚད་གཞི་ཅི་ཙམ་ཡིན་ནམ།
རྩ་དོན་ཐོག་སློབ་མ་རེར་ལོ་རེར་མཐོ་ཤོས་སུ་སྒོར་6000ལས་བརྒལ་གྱི་མེད།
4. རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་འདུན་ཞུ་བྱེད་པའི་ཐད་དཔྱད་ཡིག་གང་དག་འདོན་དགོས་སམ།
རྒྱལ་ཁབ་སློབ་རོགས་དངུལ་བུན་གྱི་འདུན་ཞུ་ཡི་གེ་དང་། རང་ཉིད་ཀྱི་སློབ་མའི་ལག་ཁྱེར་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་པར་སློག (ན་སོ་དར་ལ་མ་བབས་པའི་མིས་མཁོ་འདོན་བྱས་པའི་ཁྲིམས་བཀོད་ལྟ་སྲུང་བའི་གོ་ཆོད་ཐོབ་ཐང་ལག་ཁྱེར་དང་ཡིག་ཐོག་ནས་དངུལ་བུན་འདུན་ཞུའི་ཐད་མོས་མཐུན་བྱེད་པའི་དཔང་ཡིག )རང་ཉིད་ཀྱི་ཁྱིམ་ཚང་དཔལ་འབྱོར་ཐད་དཀའ་ངལ་ཡོད་ཚུལ་གྱི་གསལ་བཤད། སློབ་མའི་ཁྱིམ་ཚང་གནས་ཡུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བྲིས་པའི་ཁྱིམ་ཚང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དཔང་ཡིག དངུལ་ཁང་ངམ་ཡང་ན་སློབ་གྲྭས་འདོན་རྒྱུའི་རེ་བ་བཏོན་པའི་དཔང་ཡིག་ཡིག་ཆའམ་དཔྱད་ཡིག་བཅས་རེད།
5. སློབ་གྲྭར་སྡོད་རིང་གི་དངུལ་བུན་སྐྱེད་ཀ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།
རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཚད་དེ་ཀྲུང་གོ་མི་དམངས་དངུལ་ཁང་གིས་དུས་མཉམ་དུ་ཡོངས་བསྒྲགས་བྱས་པའི་རིམ་པ་གཅིག་མཚུངས་ཀྱི་རྩ་བའི་ཚད་གཞིའི་སྐྱེད་ཚད་ལག་ལེན་བསྟར་རྒྱུ་རེད། དངུལ་བུན་གཡར་བའི་སློབ་མས་སློབ་གྲྭར་སློབ་སྦྱོང་བྱེད་རིང་གི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཀ་ཡོངས་ནོར་སྲིད་ཀྱིས་ཁ་གསབ་བྱེད་པ་དང་སློབ་གྲྭ་ཐོན་རྗེས་ཀྱི་སྐྱེད་ཀ་དེ་དངུལ་བུན་གཡར་མཁན་སློབ་མ་རང་ཉིད་ཀྱིས་ཚང་མ་སྤྲོད་དགོས།
6. རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཕྱིར་སྤྲོད་ཀྱི་དུས་བཀག་གཏན་འབེབས་ཇི་ལྟར་བྱས་ཡོད་དམ།
སློབ་མས་རང་ཉིད་སློབ་གྲྭ་ཐོན་རྗེས་ཀྱི་ལས་ཞུགས་དང་ཡོང་འབབ་ཀྱི་གནས་ཚུལ་གཞིར་བཟུང་སློབ་གྲྭ་ཐོན་རྗེས་ཀྱི་ལོ་1ནས་2ཀྱི་ནང་མ་གནས་དངུལ་འཇལ་བ་དང་ལོ་དྲུག་གི་ནང་ཚུན་མ་སྐྱེད་འཇལ་དགོས།
བདུན། རྒྱལ་ཁབ་ཀྱི་དགེ་འོས་སློབ་མའི་རིན་མེད་སློབ་གསོ་སྲིད་ཇུས།
རྒྱལ་ཁབ་ཀྱིས་པེ་ཅིང་དགེ་འོས་སློབ་ཆེན་དང་། ཧྭ་ཏུང་དགེ་འོས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན། ཧྭ་ཀྲུང་དགེ་འོས་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ལྷོ་ནུབ་སློབ་ཆེན་བཅས་སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་དྲུག་ཏུ་དགེ་འོས་སློབ་མར་རིན་མེད་སློབ་གསོ་ལག་བསྟར་བྱས་པ་དང་། རིན་མེད་དགེ་འོས་སློབ་མ་སློབ་གྲྭར་སྡོད་རིང་སློབ་ཡོན་དང་ཞག་སྡོད་གྲོན་དངུལ་སྤྲོད་མི་དགོས་པ་མ་ཟད་འཚོ་བའི་གྲོན་དངུལ་ཡང་གསབ་རོགས་བྱེད་ཀྱི་ཡོད།
མཆན། རྒྱལ་ཁབ་དགེ་འོས་སློབ་མའི་རིན་མེད་སློབ་གསོ་ལོངས་སུ་སྤྱོད་མཁན་སློབ་མས་དུས་མཉམ་དུ་རང་ལྗོངས་ཀྱི་རིན་མེད་སློབ་གསོ་སྲིད་ཇུས་ལོངས་སུ་སྤྱོད་མི་ཆོག
བརྒྱད། བོད་རང་སྐྱོང་ལྗོངས་ཀྱི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་རིགས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་དངོས་ཚན་དང་ཆེད་ཚན་སློབ་མའི་རིན་མེད་སློབ་གསོ་སྲིད་ཇུས།
1 སློབ་མ་གང་དག་གིས་རིན་མེད་སློབ་གསོའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གམ།
རང་ལྗོངས་ཀྱི་འཆར་གཞིའི་ནང་ལྗོངས་ཕྱི་ནང་གི་མཐོ་སློབ་ཏུ་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ས་ཆུ་གཏེར་རིགས་ཀྱི་འབྲེལ་ཡོད་ཆེད་ལས་སུ་རྒྱུགས་འཕྲོད་ནས་སློབ་སྦྱོང་བྱེད་མཁན (ཞིབ་ཕྲའི་ཆེད་ལས་ནི་ལོ་དེར་ཡོངས་བསྒྲགས་བྱས་པའི་སློབ་མ་བསྡུ་བའི་འཆར་གཞི་གཞིར་བཟུང་བ་ཡིན )ཉིན་གང་ལམ་ལུགས་ཀྱི་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་སློབ་གྲྭ་ཚུད )སློབ་གྲྭའི་སློབ་མ་དག་ཡིན།
2. རིན་མེད་སློབ་གསོའི་ཁ་གསབ་ཚད་གཞི་ཅི་ཙམ་ཡིན་ནམ།
སློབ་མ་རེར་ལོ་རེར་སྒོར་5600ཡིན། དེའི་ནང་སློབ་ཡོན་སྒོར་2800དང་ཞག་སྡོད་གྲོན་དངུལ་སྒོར་800 འཚོ་བའི་གྲོན་དངུལ་ཁ་གསབ་སྒོར་2000བཅས་ཚུད་ཡོད།
3. རིན་མེད་སློབ་གསོ་འདུན་ཞུ་ཇི་ལྟར་བྱེད་དགོས་སམ།
ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་རིན་མེད་སློབ་གསོའི་ཆེད་ལས་སུ་རྒྱུགས་འཕྲོད་པའི་སློབ་མའི་འདུན་ཞུའི་དོན་གནད་ནི་སློབ་གྲྭས་འགན་འཁུར་གྱི་ཡོད། ལྗོངས་ཕྱིའི་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་པའི་རིན་མེད་སློབ་གསོའི་སློབ་མ་སློབ་གྲྭར་མ་ཞུགས་གོང་དུ་ཐེམ་ཐོ་གནས་ཡུལ་གྱི་སློབ་གསོ་སྲིད་འཛིན་སྡེ་ཚན་ནས 《རིན་མེད་སློབ་མའི་མིང་འགོད་འབྱོར་འཛིན 》བླངས་ཏེ་སློབ་གྲྭར་ཞུགས་རྗེས་ཀྱི་ཟླ་གཅིག་ནང་དུ་རེའུ་མིག་ཡག་པོ་འབྲི་བ་མ་ཟད་སློབ་གྲྭའི་ཐམ་ག་བརྒྱབ་པའི 《རིན་མེད་སློབ་མའི་མིང་འགོད་འབྱོར་འཛིན 》དེ་རང་སྐྱོང་ལྗོངས་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་སུ་བསྐུར་དགོས། དཔྱད་ཞིབ་བྱུང་རྗེས་དེའི་མ་དངུལ་དེ་སློབ་མ་གནས་ཡུལ་མཐོ་སློབ་ཏུ་སྤྲད་ནས་སློབ་གྲྭའི་སློབ་མ་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས་འགན་ཁུར་ཏེ་སློབ་མ་རང་ཉིད་ལ་སྤྲོད་རྒྱུ།
མཆན། རྒྱལ་ཁབ་དགེ་འོས་སློབ་མའི་རིན་མེད་སློབ་གསོ་ལོངས་སུ་སྤྱོད་པའི་སློབ་མས་དུས་མཉམ་དུ་རང་ལྗོངས་ཀྱི་རིན་མེད་སློབ་གསོའི་སྲིད་ཇུས་ལོངས་སུ་སྤྱོད་མི་ཆོག་པ་དང་། སྐྱེ་ཁུངས་རང་ལྗོངས་སུ་ཡིན་པའི་ལྗོངས་ཕྱིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་སློབ་མས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ས་གནས་རིགས་མཚུངས་ཀྱི་རིན་མེད་སྲིད་ཇུས་ལོངས་སུ་སྤྱོད་རིགས་ལ་རང་ལྗོངས་ཀྱི་རིན་མེད་སྲིད་ཇུས་ལོངས་སུ་སྤྱོད་དབང་མེད།
དགུ སློབ་ཆེན་ཐོན་པའི་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་སྲིད་ཇུས།
(གཅིག )ཀྲུང་དབྱང་སྡེ་ཚན་གྱི་ཁོངས་གཏོགས་མཐོ་སློབ།
2009ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ཀྲུང་དབྱང་སྡེ་ཚན་ཁོངས་གཏོགས་ཀྱི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ལོ་འདིའི་སློབ་ཐོན་སློབ་མས་རང་འགུལ་ངང་དབུས་ནུབ་ས་ཁུལ་དང་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་གཞི་རིམ་ཚན་པར་ལས་ཞུགས་དང་ཞབས་འདེགས་ཞུ་ཚད་ལོ་གསུམ་དང་དེ་བཞིན་དེ་ཡན་ཟིན་པར་དེ་མཚུངས་ཀྱི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་བྱེད་རྒྱུ། སློབ་མ་སློབ་གྲྭ་ཐོན་རྗེས་ལོ་ལྟར་གྱི་སློབ་ཡོན་ཁ་གསབ་བམ་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་བྱེད་ཚད་མཐོ་ཤོས་སྒོར་6000ལས་མི་བརྒལ་བ་དེ་ལོ་གསུམ་ལ་བགོས་ནས་ཚབ་སྤྲོད་ལེགས་སྒྲུབ་བྱ་རྒྱུ་རེད།
སྲིད་ཇུས་དེ་ཞིབ་ཕྲའི་དོན་འཁྱོལ་བྱེད་མཁན་ནི་པུའུ་ཁོངས་གཏོགས་ཀྱི་མཐོ་སློབ་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས་འགན་འཁུར་རྒྱུ་དང་ཆ་རྐྱེན་དང་འཚམ་པའི་སློབ་མས་སློབ་སྦྱོང་བྱེད་སའི་མཐོ་སློབ་ལ་འདུན་ཞུ་འབུལ་ཆོག
(གཉིས )ཀྲུང་དབྱང་སྡེ་ཚན་གྱི་ཁོངས་གཏོགས་མིན་པའི་མཐོ་སློབ (ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་མཐོ་སློབ་ཚུད )
1.སློབ་མ་གང་དག་གིས་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག་གམ།
ཀྲུང་དབྱང་སྡེ་ཚན་གྱི་ཁོངས་གཏོགས་མིན་པའི་རང་ལྗོངས་ཀྱི་མཐོ་སློབ་དང་དེ་བཞིན་སྐྱེ་ཁུངས་རང་ལྗོངས་ནས་ཡིན་པའི་ལྗོངས་ཕྱིའི་མཐོ་སློབ་ཀྱི་ཉིན་གང་ལམ་ལུགས་ཀྱི་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་སློབ་གྲྭ་དང་བསླབ་རམས་པའི་སློབ་གནས་གཉིས་ལྡན་རིགས་ཚུད )དང་ཞིབ་འཇུག་སློབ་མའི་ལོ་འདིའི་སློབ་ཐོན་སློབ་མ་རང་ལྗོངས་ཀྱི་གཞི་རིམ (ཤང་གྲོང )ཚན་པར་ལས་ཞུགས་དང་ཞབས་འདེགས་ཞུ་ཡུན་ལོ་5དང་དེ་ཡན་ཟིན་པར་དེའི་སློབ་ཡོན་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་དེ་རང་སྐྱོང་ལྗོངས་ཀྱིས་ཁ་གསབ་བྱེད་པའམ་ཡང་ན་ཚབ་སྤྲོད་བྱ་རྒྱུ་རེད།
2.སྲིད་ཇུས་དེས་སློབ་ཐོན་དུས་ཚོད་ཐད་བླང་བྱ་གང་ཡོད་དམ།
སྲིད་ཇུས་དེ་2006ལོ་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་2006ལོའི་གོང་སློབ་ཆེན་ཐོན་པའི་སློབ་མ་རོགས་རམ་བྱེད་ཁོངས་སུ་གཏོགས་མེད། 2006ལོ་ནས་2008ལོ་བར་གྱི་སློབ་ཆེན་ཐོན་པའི་སློབ་མར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཁོ་ན་ཚབ་སྤྲོད་བྱ་རྒྱུ་རེད། 2009ལོའི་སློབ་ཆེན་ཐོན་པའི་སློབ་མར་སློབ་ཡོན་ཁ་གསབ་དང་དངུལ་བུན་ཚབ་སྤྲོད་བྱ་རྒྱུ་རེད།
3.སྲིད་ཇུས་དེ་འདུན་ཞུ་བྱེད་པའི་གཞི་རྩའི་ཆ་རྐྱེན་གང་ཡིན་ནམ།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་། མེས་རྒྱལ་ལ་དགའ་ཞེན། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བཅས་དང་། སློབ་གྲྭར་སྡོད་རིང་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་ལ་བརྩི་སྲུང་ཞུ་བ་དང་། ཟོལ་མེད་ཡིད་རྟོན། གཤིས་སྤྱོད་ལེགས་པ། སློབ་སྦྱོང་གྲུབ་འབྲས་ཚད་ལོན་བཅས་ཡིན་པ། སློབ་ཐོན་སློབ་མ་གཞུང་ཞབས་པའི་རྒྱུགས་འཕྲོད་དེ་རང་ལྗོངས་ཀྱི་གཞི་རིམ་ཚན་པར་ལས་བགོས་བརྒྱབ་ནས་ལས་ཀ་བྱེད་པ་དང་ཞབས་འདེགས་ཞུ་ཚད་ལོ་5དང་དེ་ཡན་ཟིན་པ་དག་རེད།
4.ཁ་གསབ་བམ་ཡང་ན་ཚབ་སྤྲོད་ཀྱི་ཚད་གཞི་ཇི་ཙམ་ཡིན་ནམ།
སློབ་མ་རེར་སློབ་དུས་རེར་ཁ་གསབ་བམ་ཡང་ན་ཚབ་སྤྲོད་བྱེད་པའི་དངུལ་གྲངས་མཐོ་ཤོས་སྒོར་6000ལས་མི་བརྒལ་རྒྱུ་དེ་རེད།
5.སློབ་ཡོན་ཁ་གསབ་བམ་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་ཇི་ལྟར་འདུན་ཞུ་བྱེད་དགོས་སམ།
ལྗོངས་ནང་ཁུལ་གྱི་སློབ་ཆེན་ཐོན་པའི་སློབ་མ་སློབ་གྲྭ་ནས་ཁ་མ་བྲལ་གོང་སློབ་གྲྭར 《སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་སྤྲོད་རེ་ཞུའི་རེའུ་མིག 》འབུལ་བ་དང་སློབ་ཐོན་སློབ་མ་རང་ཉིད་དང་། མི་དོན་སྡེ་ཚན། སློབ་གྲྭ་བཅས་ཕྱོགས་གསུམ་དབར་རང་ལྗོངས་ཀྱི་གཞི་རིམ་ཚན་པར་ཞབས་འདེགས་ཞུ་ཡུན་ལོ་5དང་དེ་ཡན་གྱི་ལས་ཞུགས་གྲོས་མོལ་བཞག་ཡོད་པ་དང་། ལྗོངས་ཕྱིའི་སློབ་ཆེན་ཐོན་པའི་སློབ་མ་དང་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་སློབ་གྲྭ་ནས་ཁ་མ་བྲལ་གོང་འདུན་ཞུའི་དཔྱད་གཞི་མཁོ་འདོན་བྱེད་ཐབས་བྲལ་བའི་ལྗོངས་ནང་ཁུལ་གྱི་སློབ་ཆེན་ཐོན་པའི་སློབ་མ་ལས་ཀར་ཞུགས་རྗེས་ས་གནས་སློབ་གསོ་སྲིད་འཛིན་སྡེ་ཚན་ནས་འབྲེལ་ཡོད་རེའུ་མིག་བླངས་ན་ཆོག ལྗོངས་ནང་ཁུལ་གྱི་སློབ་ཆེན་ཐོན་པའི་སློབ་མའི་འདུན་ཞུའི་དཔྱད་གཞི་དེ་སློབ་སྦྱོང་བྱེད་སའི་མཐོ་སློབ་ཀྱི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་སུ་འབུལ་དགོས་པ་དང་། ལྗོངས་ཕྱིའི་སློབ་ཆེན་ཐོན་པའི་སློབ་མའི་འདུན་ཞུའི་དཔྱད་གཞི་དེ་ས་གནས་དང་གྲོང་ཁྱེར་ཁག་གི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་སུ་འབུལ་དགོས།
(མིག་སྔར་སྲིད་ཇུས་དེ་ལེགས་སྒྲིག་བྱེད་བཞིན་པའི་སྒང་ཡིན་པས་སྲིད་ཇུས་གསར་པ་བཏོན་རྗེས་འབྲེལ་ཡོད་བླང་བྱ་དེ་སྲིད་ཇུས་གསར་པར་གཞིགས་རྒྱུ་ཡིན། ཁྱིམ་བདག་དང་སློབ་མ་རྣམ་པས་སྲིད་ཇུས་གསར་པ་འདོན་ཚུལ་ལ་དོ་སྣང་ཡོད་པ་ཞུ )
བཅུ། མཐོ་རིམ་སློབ་གྲྭའི་སློབ་མས་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་ནས་འོས་འགན་དམག་སྐུལ་དང་ལེན་བྱེད་པའི་ཐད་ཀྱི་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས།
1.གང་ཞིག་ལ་མཐོ་རིམ་སློབ་གྲྭའི་སློབ་མས་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་ནས་འོས་འགན་དམག་སྐུལ་དང་ལེན་བྱེད་པའི་ཐད་ཀྱི་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ཟེར་རམ།
2013ལོ་ནས་བཟུང་རྒྱལ་ཁབ་ཀྱིས་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་ནས་འོས་འགན་དམག་སྐུལ་དང་ལེན་བྱེད་པའི་མཐོ་སློབ་སློབ་མར་དམག་དཔུང་ནང་ཞུགས་སྐབས་སློབ་གྲྭར་སློབ་སྦྱོང་བྱེད་རིང་སློབ་ཡོན་སྤྲད་པ་རྣམས་ཐེངས་གཅིག་ལ་ཁ་གསབ་སྤྲོད་པའམ་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཐོབ་པར (སློབ་གྲྭ་ནས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་དང་སྐྱེ་ཡུལ་གྱི་ཡིད་རྟོན་སློབ་རོགས་དངུལ་བུན་ཚུད་ཡོད། གཤམ་འོག་ཏུ་གཅིག་མཚུངས་ཡིན )ཚབ་སྤྲོད་བྱ་རྒྱུ་རེད། འོས་འགན་དམག་སྐུལ་དང་ལེན་མ་བྱས་གོང་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མར (རྒྱལ་ཁབ་ཀྱི་གཏན་འབེབས་བཞིན་བསྡུས་པའི་མཐོ་སློབ་ཀྱི་སློབ་མ་གསར་པ་ཚུད་ཡོད )དམག་སྐུལ་དང་ལེན་བྱེད་རིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སློབ་གྲྭའི་སྐྱིད་སྡུག་གམ་ཡང་ན་སློབ་ཞུགས་ཐོབ་ཐང་རང་སོར་འཇོག་པ་དང་དམག་ཁོངས་ནས་ཕྱིར་འཐེན་རྗེས་རང་འགུལ་ངང་སློབ་གྲྭར་བསྐྱར་ཞུགས་སམ་ཡང་ན་སློབ་གྲྭར་བསྐྱོད་ཚེ་རྒྱལ་ཁབ་ཀྱིས་སློབ་ཡོན་ཆག་ཡང་གཏོང་རྒྱུ་རེད།
2.སློབ་མ་གང་དག་གིས་དམག་སྐུལ་དང་ལེན་བྱེད་པའི་ཐད་ཀྱི་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གམ།
རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འཛུགས་རྒྱུའི་ཆོག་མཆན་བཀོད་པ་དང་། མཐོ་རིམ་སློབ་རྒྱུས་ཀྱི་སློབ་གསོ་ལག་ལེན་བསྟར་བའི་ཉིན་གང་ལམ་ལུགས་ཀྱི་གཞུང་བཙུགས་དང་དམངས་བཙུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭ་དང་ཐད་གཏོགས་སློབ་གླིང (གཤམ་འོག་ཏུ་བསྡུས་མིང་ལ་མཐོ་སློབ་ཞེས་བརྗོད་རྒྱུ )གི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་གི་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་སློབ་གྲྭ་དང་བསླབ་རམས་པའི་སློབ་གནས་གཉིས་ལྡན་རིགས་ཚུད )དང་དེ་བཞིན་ཞིབ་འཇུག་སློབ་མའི་ལོ་འདིའི (སྔ་ལོའི )སློབ་ཐོན་སློབ་མ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ། སློབ་གྲྭར་གསར་ཞུགས་སློབ་མ། དེ་བཞིན་དར་མའི་མཐོ་སློབ་ཏུ་བསྡུས་པའི་སྤྱིར་བཏང་གི་དངོས་ཚན་དང་ཆེད་ཚན་གྱི (མཐོ་རིམ་ལས་རིགས་སློབ་གྲྭ་ཚུད )ལོ་འདིའི (སྔ་ལོའི )སློབ་ཐོན་སློབ་མ་དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ། སློབ་གྲྭར་གསར་ཞུགས་སློབ་མ་བཅས་རེད།
སློབ་གྲྭར་སློབ་སྦྱོང་བྱེད་རིང་སློབ་ཡོན་ཡོངས་རྫོགས་རྩ་ཆག་བཏང་བའི་སློབ་མ་དང་། གནས་གཏན་འཁེལ་གྱི་སློབ་མ་དང་། མངགས་བཅོལ་གསོ་སྐྱོང་སློབ་མ། རྒྱལ་སྲུང་སློབ་མ། དམག་སྐུལ་དང་ལེན་གྱིས་དམག་ཞུགས་ཁོངས་སུ་མི་གཏོགས་པའི་སློབ་མ་གཞན་བཅས་ལ་རོགས་སྐྱོར་དེ་ལོངས་སུ་སྤྱོད་དབང་མེད།
3. སློབ་ཡོན་ཁ་གསབ་དང་། དངུལ་བུན་ཚབ་སྤྲོད། སློབ་ཡོན་ཆག་ཡང་བཅས་ཀྱི་ཚད་གཞི་ཇི་ཙམ་ཡིན་ནམ།
དངོས་ཚན་དང་ཆེད་ཚན་གྱི་སློབ་མ་རེར་སློབ་ལོ་རེར་མཐོ་ཤོས་སྒོར་6000ལས་མི་བརྒལ་བ་དང་། རབ་འབྱམས་ཞིབ་འཇུག་སློབ་མ་རེར་སློབ་ལོ་རེར་མཐོ་ཤོས་སུ་སྒོར་8000ལས་མི་བརྒལ་བ། འབུམ་རམས་པའི་ཞིབ་འཇུག་སློབ་མ་རེར་སློབ་ལོ་རེར་མཐོ་ཤོས་སུ་སྒོར་10000ལས་མི་བརྒལ་བ་བཅས་རེད།
4. སློབ་ཡོན་ཁ་གསབ་དང་། དངུལ་བུན་ཚབ་སྤྲོད། སློབ་ཡོན་ཆག་ཡང་བཅས་ཀྱི་ལོ་ཚད་ཇི་ལྟར་བརྩི་དགོས།
སློབ་ཡོན་ཁ་གསབ་དང་། དངུལ་བུན་ཚབ་སྤྲོད། དེ་བཞིན་སློབ་ཡོན་ཆག་ཡང་བཅས་ཀྱི་ལོ་ཚད་ནི་རྒྱལ་ཁབ་ཀྱིས་དངོས་ཚན་དང་ཆེད་ཚན (མཐོ་རིམ་ལས་རིགས་སློབ་གྲྭ་དང་བསླབ་རམས་པའི་སློབ་གནས་གཉིས་ལྡན་རིགས་ཚུད )དང་ཞིབ་འཇུག་སློབ་མར་གཏན་འབེབས་བྱས་པ་ལྟར་གྱི་འོས་འཚམས་ཀྱི་སློབ་སྦྱོང་ལོ་ཚད་དེ་གཞིར་བཟུང་ནས་བརྩི་བ་ཡིན།
5.དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་པའི་མཐོ་སློབ་སློབ་མས་ཇི་ལྟར་བྱས་ཏེ་སློབ་ཡོན་ཁ་གསབ་དང་དངུལ་བུན་ཚབ་འཇལ་འདུན་ཞུ་བྱེད་དགོས་སམ།
སློབ་ཆེན་སློབ་མའི་དམག་བསྡུའི་ཐོ་འགོད་མ་ལག་དྲ་བར་ཞུགས་ནས 《མཐོ་སློབ་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་པའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་འདུན་ཞུའི་རེའུ་མིག 》(ངོ་གཅིག་འདྲ་གཉིས )འགོད་པ་དང་པར་རྒྱག་དགོས་པ་མ་ཟད། སློབ་གྲྭའི་སློབ་མའི་སློབ་ཡོན་རོགས་སྐྱོར་དོ་དམ་སྡེ་ཚན (རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་རག་པའི་སློབ་མས 《རྒྱལ་ཁབ་སློབ་རོགས་དངུལ་བུན་གཡར་བའི་གན་རྒྱའི 》བསྐྱར་པར་དང་དེ་བཞིན་དོ་བདག་གིས་མིང་རྟགས་བཀོད་པའི་དུས་ཐེངས་གཅིག་ལ་དངུལ་བུན་འཇལ་བའི་འཆར་གཞིའི་ཡི་གེ་དུས་མཉམ་དུ་མཁོ་འདོན་བྱེད་དགོས )ལ་སྤྲོད་དགོས་པ་དང་། སློབ་གྲྭས་ཞིབ་དཔྱད་བྱས་ནས་ནོར་འཁྲུལ་མེད་ཚེ་གཞུང་ཐམ་བརྒྱབ་སྟེ་འདྲ་གཅིག་ཉར་ཚགས་བྱེད་པ་དང་འདྲ་གཅིག་སློབ་མར་སྤྲོད་དགོས་པ། སློབ་མས 《འདུན་ཞུའི་རེའུ་མིག 》དམག་ཞུགས་བྱེད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་དོན་ཁང་དུ་ཕུལ་ནས་འདུན་ཞུར་ཆོག་མཆན་ཐོབ་རྗེས་རྫོང་རིམ་པའི་དམག་བསྡུ་གཞུང་དོན་ཁང་གིས་གཞུང་ཐམ་བརྒྱབ་པའི 《འདུན་ཞུའི་རེའུ་མིག 》སློབ་མར་སྤྲོད་དགོས་པ། སློབ་མས 《འདུན་ཞུའི་རེའུ་མིག 》གི་ངོ་དང་དམག་ཞུགས་བརྡ་ཐོ་བསྐྱར་པར་བརྒྱབ་པ་དེ་དེ་སྔ་སློབ་གྲྭ་འགྲིམ་སའི་མཐོ་སློབ་ཀྱི་སློབ་མའི་སློབ་ཡོན་རོགས་སྐྱོར་དོ་དམ་ལྟེ་གནས་ལ་བསྐུར་དགོས་པ་བཅས་རེད།
6.དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་པའི་མཐོ་སློབ་སློབ་མ་དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་ཇི་ལྟར་བྱས་ཏེ་སློབ་ཡོན་ཆག་ཡང་དང་རྩ་ཆག་གི་འདུན་ཞུ་བྱེད་དགོས་སམ།
དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་པའི་མཐོ་སློབ་སློབ་མ་དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་རང་མོས་ངང་སློབ་གྲྭར་བསྐྱར་ཞུགས་སམ་ཡང་ན་སློབ་ཞུགས་བྱེད་དགོས་ཚེ་སློབ་གྲྭར་འབྱོར་ཐོ་བཀོད་རྗེས 《མཐོ་སློབ་སློབ་མ་དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་སློབ་གྲྭར་བསྐྱར་ཞུགས་ཀྱི་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་འདུན་ཞུའི་རེའུ་མིག 》འགོད་པ་དང་དེ་བཞིན་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་ལག་ཁྱེར་གྱི་བསྐྱར་པར་སྤྲོད་དགོས།
བཅུ་གཅིག སློབ་ཡོན་ཆག་ཡང་དང་རྩ་ཆག་གི་སྲིད་ཇུས།
1.གང་འདྲ་ཞིག་ལ་སློབ་ཡོན་ཆག་ཡང་དང་རྩ་ཆག་གི་སྲིད་ཇུས་ཟེར་རམ།
མཐོ་རིམ་སློབ་གླིང་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞི་འཛིན་ནས་བསྡུར་གྲངས་ངེས་ཅན་ཞིག་གི་ཐོག་ནས་ལོ་ལྟར་བྱ་གཞག་ཡོང་འབབ་ཁྲོད་ནས་མ་དངུལ་ངེས་ཅན་ཞིག་བཏོན་ཏེ་དཔལ་འབྱོར་ཆ་རྐྱེན་ལ་ཚད་གཞི་ཡོད་པའི་དབང་གིས་སློབ་ཡོན་འཇལ་བའི་ཐད་དངོས་འབྲེལ་དཀའ་ངལ་ཡོད་པའི་སློབ་མ་དང་ལྷག་དོན་དུ་དེའི་ཁྲོད་ཀྱི་དྭ་ཕྲུག་དང་། གྲངས་ཉུང་མི་རིགས་ཀྱི་སློབ་མ། སྔོན་གཤེགས་དཔའ་བོའི་བུ་ཕྲུག གཟིགས་སྐྱོང་ཁྱིམ་ཚང་གི་བུ་ཕྲུག་སོགས་ལ་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པར་ཟེར།
2.ཇི་ལྟར་བྱས་ཏེ་སློབ་ཡོན་ཆག་ཡང་དང་རྩ་ཆག་གི་འདུན་ཞུ་བྱེད་དགོས་སམ།
སློབ་མས་སློབ་སྦྱོང་བྱེད་སའི་སློབ་གླིང་དང་སློབ་གྲྭར་སློབ་ཡོན་ཆག་ཡང་དང་རྩ་ཆག་གི་འདུན་ཞུ་བྱེད་པ་དང་སློབ་གྲྭས་འདུན་ཞུ་དེར་གཞི་འཛིན་ནས་སློབ་མའི་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སློབ་མར་ཕྱོགས་བསྡུས་རྟོག་ཞིབ་བྱེད་པ་དང་ཆ་རྐྱེན་དང་མཐུན་རིགས་ལ་སློབ་ཡོན་ཆག་ཡང་དང་རྩ་ཆག་བཏང་བར་ཟེར།
བཅུ་གཉིས། སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་པ།
1.གང་འདྲ་ཞིག་ལ་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་པ་ཟེར་རམ།
སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་པ་ཞེས་པ་ནི་སློབ་གྲྭའི་སྒྲིག་འཛུགས་འོག་སློབ་མས་སློབ་གསེང་གི་དུས་ཚོད་སྤྱད་དེ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་རག་པའི་ཁྲིམས་མཐུན་གླ་ཆ་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྤྱོད་པའི་ལག་ལེན་དངོས་ཀྱི་བྱེད་སྒོར་ཟེར་ཞིང་། སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་པ་ནི་སློབ་གྲྭས་སློབ་མའི་སློབ་ཡོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་སློབ་ཡོན་རོགས་སྐྱོར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན།
2.ཇི་ལྟར་བྱས་ཏེ་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་ཀྱི་འདུན་ཞུ་བྱེད་དགོས་སམ།
སློབ་མས་སློབ་སྦྱོང་གི་ཁོམ་སེང་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སློབ་གྲྭར་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་བའི་འདུན་ཞུ་བྱེད་དགོས། སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་ཀྱི་ལས་གནས་ཐོག་མ་ཞུགས་གོང་དགོས་ངེས་ཀྱི་གསོ་སྦྱོང་དང་བདེ་འཇགས་སློབ་གསོ་དང་ལེན་བྱས་རྗེས་སློབ་གྲྭས་གཅིག་གྱུར་ཐོག་སློབ་གྲྭའི་ནང་ངམ་ཡང་ན་སློབ་གྲྭའི་ཕྱིའི་ལས་གནས་ཐོག་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་པའི་ལས་ཀ་བཀོད་སྒྲིག་བྱེད་དགོས།
3.སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་སྐབས་དུས་ཚོད་ཐད་རེ་བ་གང་ཡོད་དམ།
སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་བྱེད་སྐབས་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་། རྩ་དོན་ཐོག་གཟའ་འཁོར་རེར་ཆུ་ཚོད་8ལས་བརྒལ་མི་རུང་བ་དང་། ཟླ་བ་རེར་ཆུ་ཚོད་40ལས་བརྒལ་མི་རུང་།
4.སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་ཀྱི་ངལ་རྩོལ་གླ་ཆ་ཇི་ལྟར་བྱས་ནས་རྩིས་རྒྱག་དགོས་སམ།
སློབ་མས་སློབ་གྲྭའི་ནང་གི་གཏན་འཇགས་ལས་གནས་ཐོག་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་འཚོལ་ཐབས་ཀྱི་ལས་ཀར་ཞུགས་སྐབས་དེའི་ངལ་རྩོལ་གླ་ཆ་དེ་སློབ་གྲྭས་ཟླ་བ་གཞིར་བཟུང་རྩིས་རྒྱག་དགོས། ཆུ་ཚོད་རེའི་གླ་ཆ་དེ་རྩ་དོན་ཐོག་མི་དམངས་ཤོག་སྒོར་8ལས་མི་ཉུང་བ་སྤྲོད་དགོས།
གནད་དོན་གཞན་དག་བློ་འདྲི་བྱེད་དགོས་ཚེ་བོད་རང་སྐྱོང་ལྗོངས་སློབ་མའི་སློབ་ཡོན་རོགས་སྐྱོར་དོ་དམ་ལྟེ་གནས་ལ་ཞལ་པར་བསྐྱོན་རོགས།
བློ་འདྲིའི་ཁ་པར་ཨང་གྲངས། 0891—6326018
(ཞིབ་ཕྲ་དྲ་ཚུགས་http://tb.chinatibetnews.comའདིར་གཟིགས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣