གོང་བུ་གཅིག་ཏུ་བསྒྲིལ་ནས་ཏང་གི་རྗེས་སུ་འབྲངས་པ་དང་བྱས་རྗེས་བཞག་ནས་འཆར་གཞི་བཀོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་དྲང་ནུས་གཅིག་ཏུ་སྒྲིལ་དགོས།
(2014ལོའི་ཟླ་4ཚེས་29ཉིན )
ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བཟོ་བློ་མཐུན་རྣམས་ལ།
“ལྔ་གཅིག ”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུགས་རེ་ཟབ་མོ་དང་མངགས་བཅོལ་ཟབ་མོ་བློ་ལ་བཅངས་ནས་ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ཤིང་། ཏང་དང་སྲིད་གཞུང་གིས་ང་ཚོར་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་གནང་བས་གཟི་བརྗིད་ཀྱི་ཚོར་སྣང་བྱུང་བ་མ་ཟད། སྐུལ་ལྕག་ཀྱང་ཟབ་མོ་ཐེབས་བྱུང་། འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཚུགས་ཀྱི་ལོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་རྩའི་ལོ་ཡང་རེད། 2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འབད་འཐབ་དམིགས་ཚད་ཡིན་ལ། དུས་རབས་ཀྱིས་བཟོ་པའི་གྲལ་རིམ་ལ་སྤྲད་པའི་གཟི་བརྗིད་དང་བླ་ན་མེད་པའི་འོས་འགན་ཡང་རེད། དེར་བརྟེན། ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ངལ་རྩོལ་པར་གཤམ་གསལ་གྱི་གྲོས་འགོ་འདོན་རྒྱུ་སྟེ།
གཅིག དད་སེམས་བརྟན་པོ་དང་བློ་ཁོག་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱང་རིང་གི་ཕུགས་བསམ་དང་ཐུན་མོང་གི་ཕུགས་བསམ་ལྡན་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་ཞིག་བྱེད་དགོས། ཕུགས་བསམ་གྱིས་མི་ཚེའི་ཁ་ཕྱོགས་ཁྲིད་སྟོན་བྱེད་ཅིང་། དད་སེམས་ཀྱིས་བྱ་གཞག་འགྲུབ་མིན་གཏན་འཁེལ་བྱེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་མཁན་གྱི་གཙོ་ཤུགས་དམག་གི་ངོས་ནས། ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དད་སེམས་བརྟན་པོ་འཛུགས་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུའི་ཆོད་སེམས་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། སྒྱུར་བཅོས་སྒོ་དབྱེར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས་ཀྱི་རྨང་རྡོ་ཞིག་བྱེད་པ། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པའི་བློ་བརྟན་གྱི་དད་མོས་པ་དང་བློ་དཀར་གྱི་ལག་ལེན་པ་ཞིག་བྱེད་པ། མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ནང་དུ་འཇོག་པ། དུས་དང་རྣམ་པ་གང་རུང་འོག་ཆབ་སྲིད་ཀྱི་དད་སེམས་ལ་འགྱུར་ལྡོག་མི་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཛོལ་བ་བཅས་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་པ། རྒྱབ་ཁབ་ཀྱི་བདག་པོའི་རྣམ་འགྱུར་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།
གཉིས། ཐུན་མོང་གི་ངོས་འཛིན་གཅིག་འགྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་མཁན་གྱི་ལྷག་བསམ་བརྩི་བཀུར་པ་ཞིག་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཡིན་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བོད་ཕྱུག་བོད་དར་གྱི་ལམ་བུ་ཡང་རེད། ང་ཚོས་ངེས་པར་དུ་ཡར་བརྩོན་གྱི་འདུ་ཤེས་དང་། གོ་སྐབས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་འཆང་བ་དང་། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པར་ཤུགས་སྣོན་རྒྱག་པ། ལས་གནས་ལ་གཞི་ཚུགས་པ་དང་སྤྱི་ཡོངས་བློ་ལ་འཆང་བ། སྙིང་རུས་ཆེན་པོས་སློབ་སྦྱོང་དང་བརྩོན་ཞིབ་བྱེད་པ། ཤེས་བྱ་གསར་པ་ཁོང་དུ་ཆུད་པ་དང་། རྩལ་ནུས་གསར་པ་ཆེ་རུ་གཏོང་བ། འཇོན་ཐང་གསར་པ་ཤེས་པ། བཟོ་པའི་གྲལ་རིམ་གྱི་རླབས་ཆེན་གཤིས་རྒྱུད་དང་དུས་རབས་གསར་པའི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ཤུགས་ཆེན་སྤེལ་བ། རང་ངོས་ཀྱི་གསར་གཏོད་ནུས་པ་དང་གསར་གཏོད་གསོན་ཤུགས་སྤེལ་བ། ངལ་རྩོལ་གྱི་སྤྲོ་སེམས་སྔར་བས་སྤེལ་བ། དཀའ་སྤྱད་ངལ་རྩོལ་དང་ལས་ལ་བརྩོན་པ། ངལ་རྩོལ་གསར་གཏོད་བཅས་བྱས་ཏེ་ཐོན་སྐྱེད་ཀྱི་འཇོན་ཐང་ཅན་དང་ལག་རྩལ་གྱི་དཔེ་དམག་ཏུ་དངོས་འབྲེལ་འགྱུར་བ་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་བོད་ཀྱི་ངལ་རྩོལ་པའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་དགོས།
གསུམ། ལས་གནས་ལ་གཞི་ཚུགས་པ་དང་ལེགས་སྐྱེས་ཕུལ་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་མཁན་ཞིག་བྱེད་དགོས། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་རིགས་ཀྱི་ཕུགས་འདུན་ཞིག་ཀྱང་ཡིན་ལ། ཀྲུང་གོ་བ་ཚང་མའི་ཕུགས་འདུན་ཞིག་ཀྱང་རེད། ཕུགས་འདུན་འདིའི་ནང་མི་རབས་ཁ་ཤས་ཀྱི་ཀྲུང་གོ་བའི་འདུན་པ་གཅིག་ཏུ་བསྡུས་ཡོད་ལ། ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ཀྱི་ཁྱོན་ཡོངས་ཀྱི་ཁེ་ཕན་ཡང་མངོན་ཁར། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པའི་ཐུན་མོང་བསམ་འདུན་དང་རྩ་བའི་ཁེ་ཕན་མཚོན་ཡོད་པ་མ་ཟད། རང་ཉིད་ཀྱི་ཤེས་བྱ་སྐྱེས་སུ་འབུལ་བ་དང་འཇོན་ཐང་འདོན་པར་གར་སྟེགས་ཡངས་པོ་མཁོ་འདོན་བྱས་ཡོད། ང་ཚོས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ། 2020ལོར་སླེབས་སྐབས་བོད་དང་རྒྱལ་ཡོངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་ལ་ཕྱོགས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་དང་། གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས། “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་སྤེལ་བ། ངལ་རྩོལ་ལ་དགའ་ཞེན། ལས་གནས་ལ་གཅེས་སྤྲས་བཅས་བྱས་ནས་སྒེར་གྱི་ཕུགས་འདུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དམ་པོར་སྦྲེལ་ཏེ་ལས་རིགས་གཅིག་བྱས་ན་དེར་དགའ་ཞེན་དང་། ལས་རིགས་གཅིག་ལ་བརྩོན་ན་དེ་བྱང་ཆུབ་པ་བཅས་བྱས་ཐོག སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཏོད་དེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མཁན་གྱི་སྣེ་ཁྲིད་དམག་ཏུ་ཧུར་ཐག་འགྱུར་བར་བྱེད་པ་དང་ངལ་རྩོལ་གསར་གཏོད་ཀྱིས “ཀྲུང་གོའི་ཕུགས་འདུན ·བོད་ཀྱི་གཏམ་རྒྱུད ”ཡག་པོ་བརྗོད་དགོས།
བཞི། མཐུན་སྒྲིལ་ལ་ཤུགས་སྣོན་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྐང་བྱེད་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྔོན་འགྲོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་རེད། ང་ཚོས་ངེས་པར་དུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན། དགོན་སྡེའི་དོ་དམ་དང་གསར་གཏོད་ལ་ཤུགས་སྣོན། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གསར་གཏོད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གསར་གཏོད་སོགས་ཀྱི་བྱེད་སྒོ་དང་ལས་དོན་ལ་ཧུར་ཐག་ཞུགས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ། ཡིན་མིན་གྱི་དབྱེ་འབྱེད་གསལ་རྟོགས་དང་ལངས་ཕྱོགས་བརྟན་པོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་མཁན་གྱི་སྟོབས་ལྡན་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས།
ལྔ། སྤྱོད་བཟང་དར་སྤེལ་དང་ཀུན་སྤྱོད་ལེགས་སུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ལག་ལེན་པ་ཞིག་བྱེད་དགོས། ང་ཚོས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཅངས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་བཅས་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དུས་རབས་སྲོལ་བཟང་གི་མིག་དཔེའི་ལག་ལེན་པ་ཞིག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ནས “ལས་གཅེས་ལས་བཀུར་དང་། རྩེར་སོན་གཏོད་པ། དཀའ་སྤྱད་འབད་འཐབ། གསར་གཏོད་བྱེད་ཕོད་པ། ཁེ་གྲགས་སྤོང་བ། ལེགས་སྐྱེས་འབུལ་འདོད་པ ”བཅས་ཀྱི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ཧུར་ཐག་སྤེལ་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཚན་པ་དེ་རང་དང་། ལས་རིགས་དེ་རང་། དེ་བཞིན་སྤྱི་ཚོགས་ཡོངས་སུ་དར་སྲོལ་བཟང་པོ་སྔར་བས་ཆགས་རྒྱུར་མིག་དཔེ་འདོན་པ་དང་སྣེ་ཁྲིད་བྱེད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད། བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
རླབས་ཆེན་དུས་རབས་ལ་རླབས་ཆེན་གྱི་སྙིང་སྟོབས་དགོས་པ་དང་རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་བཏོད་ཡོད། ཕུགས་འདུན་མདུན་ཕྱོགས་སུ་ཡོད་པ་དང་ལམ་རྐང་འོག་ཏུ་ཡོད།
ལས་བཟོ་བློ་མཐུན་ཚོ། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་དགོངས་པ་དང་། “བོད་ལྗོངས་མུ་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང ”བཅས་མངོན་འགྱུར་ཧུར་ཐག་བྱེད་པ། “བོད་ལྗོངས་ཡུན་རིང་བདེ་འཁོད་ལ་འགན་ལེན་དང་མཐའ་མཚམས་ས་ཁུལ་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བྱེད་པའི ”གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་བརྩོན་ལེན། རྨང་གཞི་བརྟན་གཏོང ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་གསར་འབྱེད་གསར་གཏོད་དང་། འབད་འབུངས་ཡར་བརྩོན། བརྩོན་ལེན་ཧུར་ཐག ལས་དོན་ཏན་ཏིག་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣