ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི། དགོན་སྡེར་བཅའ་སྡོད་ལས་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། ས་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླ་དང་གྲོགས་པོ་ཚོ་བཅས་ལ།
བོད་ཤིང་རྟ་ལོའི་ལོ་གསར་འཆར་བའི་དུས་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་རྣམས་ལ་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
འདས་ཟིན་པའི་ལོ་གཅིག་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ཡང་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་བཅས་ལས་འགན་གྱི་མདུན་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་རྩ་དོན་མཐའ་འཁྱོངས་ཀྱིས་ཉམས་ཉེན་དང་འགྲན་སློང་ཁག་ལ་བབ་བརླིང་ངང་ཁ་གཏད་གཅོག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། “ཀྲུང་གོ་རྟགས་ཅན ”གྱི་གྲུ་གཟིངས་དེས་རླུང་བརྟེན་རླབས་གཤག་གིས་མདུན་སྐྱོད་བྱེད་ཀྱི་ཡོད་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི “ཀྲུང་གོའི་ཕུགས་འདུན ”གྱི་ཕྱོགས་སུ་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
འདས་ཟིན་པའི་ལོ་གཅིག་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བཞུན་བརྡར་ངང་འབད་འབུངས་མདུན་སྐྱོད་བྱེད་པའི་ལོ་ཞིག་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་བྱེད་པ། སྟོབས་ཤུགས་གང་ཡོད་ཀྱིས་དམངས་འཚོར་ཁེ་ཕན་སྐྲུན་པ་བཅས་བྱས་པས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་སྟེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་སྲིང་ངང་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་འགྲོ་བ། ཆོས་ལུགས་ཞི་མཐུན་དང་བསྟན་དོན་ལམ་ལྷོངས་བྱུང་བ། སྣོད་བཅུད་ཁོར་ཡུག་སྲུང་འཛིན་ཡག་པོ་བྱུང་བ། ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། བསམ་བློ་དང་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་དོན་དུ་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། རྒྱ་ཆེའི་གྲྭ་བཙུན་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་བཅས་རེད། དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན། 2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལེགས་སྒྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་གལ་ཆེའི་དགོངས་དོན་དང “འབད་བརྩོན་ཆེན་པོས་བོད་འདི་ཉིད་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་པའི ”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་བཅོས་སྐྱོང་དང་། ཡུན་རིང་བོད་འཛུགས་སྐུན། མི་སེམས་འགུགས་པ། རྨང་གཞི་བརྟན་པོ་འདིང་བ ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་བསམ་བློ་གཅིག་གྱུར་དང་། སྙིང་སྟོབས་ཆེར་སྐྱེད། གསར་འབྱེད་ཡར་བརྩོན། ལས་དོན་ནན་སྒྲུབ་བཅས་བྱས་ཏེ་བོད་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་ཧུར་ཐག་གཏོད་དགོས།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དུང་བརྡ་བཏང་ཡོད། ང་ཚོས་དུས་བསྟུན་འཕེལ་རྒྱས་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འཚོལ་ཞིབ་ཧུར་ཐག ལག་ལེན་བསྟར་ཕོད་པ་བཅས་ཀྱི་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་མཁན་དང་ལག་ལེན་ཧུར་ཐག་བསྟར་མཁན་ཞིག་ཏུ་འགྱུར་བ་བྱེད་པ་དང་རང་ཉིད་ཀྱི་ལག་གཉིས་དང་རྔུལ་ཆུར་བརྟེན་ནས་དེ་བས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས།
ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། ས་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླ་དང་གྲོགས་པོ་བཅས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།
2014ལོའི་ཟླ་3ཚེས་1ཉིན།