བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། བསོད་དར་ནས།
འཐུས་མི་རྣམ་པ།
ད་ལྟ་ངས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་གྱིས་དགོངས་འཆར་འདོན་རོགས་གནང་།
2013ལོའི་ལས་དོན་གཙོ་བོ།
2013ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ནུས་ལྡན་ལྟ་སྐུལ། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་བཅས་ཀྱི་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས ”པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས ”པའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི “དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་བཞག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛིན་བྱེད་པའི་གྱོད་གཞི་ཚང་མ་དྲང་བཞག་དྲང་བདེན་ཡིན་པ་མི་དམངས་མང་ཚོགས་ཀྱིས་ཚོར་གང་ཐུབ་བྱེད་པའི ”དམིགས་ཡུལ་དེ་དམ་འཛིན་ཐོག ཧྲུའུ་ཅི་ཁྲེན་ཆོན་གོའི “ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་དང་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་འགལ་ཟླ་སེལ་བ་དང་ཞི་མཐུན་ཡོང་བ་བྱེད་པའི ”ལས་ཀའི་བླང་བྱ་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་བསྒྲུབས་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་ཁག་སྤེལ་ཞིང་། ལོ་ཧྲིལ་པོར་ཁྱོན་བསྡོམས་གྱོད་གཞི་རིགས་འདྲ་མིན་25186བདག་སྤྲོད་བྱས་ཁོངས་ནས་འདྲི་གཅོད་དང་ལག་བསྟར་མཐའ་འདོམས་བྱས་པའི་གྱོད་གཞི་ཁག་24088ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་2.5%དང་1.06%འཕར་ཞིང་། ཕྱོགས་བསྡུས་གྱོད་གཞི་མཐའ་འདོམས་བྱེད་ཚད་95.64%ཟིན་ཡོད། དེའི་ནང་རིམ་ཁག་ཁྲིམས་ཁང་གིས་ཐད་ཀར་བདག་སྤྲོད་བྱས་པའི་དམངས་དོན་དང་། སྲིད་འཛིན། ལག་བསྟར་སོགས་ཀྱི་གྱོད་གཞི་ཁག་22207ཡོད་པ་དེས་གྱོ ད་གཞི་ཡོངས་ཀྱི་88.17%ཟིན་ཡོད།
གཅིག དར་ཆ་གསལ་སྟོན་དང་། རྡུང་རྡེག་ཚ་ནན། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱས་པ།
ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་ནང་གི་ཨང་དང་པོར་བཞག་ཡོད་པ་དང་། དྲག་རྡུང་བཅོས་སྐྱོང་གི་ཆེད་དམིགས་བྱ་སྤྱོད་དང་། ཁྲིམས་མཐུན་མིན་པའི་སྒྲིག་འཛུགས་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་སྤྱོད། གཅིག་སྡུད་གཙང་བཤེར་གྱི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་བཅས་དམ་འཛིན་བྱས་ཏེ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་རྒྱལ་མཚམས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ངན་སྐུལ་བྱས་པའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་རིགས་ལ་དར་ཆ་གསལ་སྟོན་གྱིས་རྡུང་རྡེག་ཚ་ནན་དང་མྱུ་གུ་འབུར་འཇོམས་ཐུབ་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྩ་དོན་གྱི་གནད་དོན་འདིའི་ཐོག་འདྲི་གཅོད་ལས་ཁུངས་ཀྱི་རྩ་བའི་ལངས་ཕྱོགས་དང་རྣམ་འགྱུར་གསལ་པོ་མངོན་པར་བྱས་ཡོད།
སྤྱི་ཚོགས་ཀྱི་བདེ་འཇགས་དུས་བབ་དང་ཁྲིམས་འགལ་ཉེས་གསོག་གི་ཁྱད་ཆོས་བཏང་འཛིན་གནད་འཁེལ་བྱས་ནས་མི་གསོད་དང་། འཕྲོག་བཅོམ། བཙན་ཁྲིད། བཙན་གཡེམ་སོགས་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་དང་དེ་བཞིན་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་། ནག་ཚོགས་ངན་རེངས་ཕྱོགས་གཏོགས་ཀྱི་ཉེས་གསོག ཐོན་རྟག་པའི་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག་བཅས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་ཚ་ནན་བཏང་ཞིང་། ཁྱོན་བསྡོམས་ཉེས་དོན་གྱོད་གཞི་ཁག་1104འདྲི་གཅོད་མཐའ་འདོམས་བྱས་པ་དང་། ཉེས་གསོག་པ་མི་གྲངས་1320ལ་ཁྲིམས་ཆད་བཅད་པ། ཁྲིམས་གཞིགས་ཉེས་གཅོད་དང་ཉེས་འགན་ཆད་གསུམ་མཐུན་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས 《ཉེས་ཆད་གཅོད་ཚད་སྐོར་གྱི་མི་དམངས་ཁྲིམས་ཁང་གི་མཛུབ་ཁྲིད་བསམ་འཆར 》ལག་བསྟར་ནན་པོ་བྱས་ཐོག་དམ་ལྷུག་ཟུང་སྦྲེལ་གྱི་ཉེས་དོན་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་འགལ་ཉེས་ཚབས་ཆུང་བ་དང་གནོད་འཚེ་ཆེན་པོ་མིན་པའི་ཞུ་སྦྱོར་ཕྱི་མའི་མི་གྲངས་340ལ་ཁྲིམས་ལུགས་ལྟར་ཁྲིམས་ཆད་འགྱངས་གཅོད་དང་། བཙན་བཅུག་ངལ་བསྒྱུར་དོ་དམ་སོགས་ཅུང་ཡང་བའི་ཉེས་ཆད་བཅད་ཡོད། ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གྱི་གྱོ ད་གཞིའི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཙུགས་ཏེ་ཞིབ་བཤེར་གཏན་འཁེལ་ནན་པོ་བྱས་ནས་རང་ཉེས་གྱོ ད་བཤགས་བྱེད་པའི་བསམ་བློ་ཡོད་པ་དང་སྤྱི་ཚོགས་ལ་སླར་ཡང་གནོད་འཚེ་མི་བཟོ་བའི་ཉེས་ཅན་མི་གྲངས་1685ལ་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་བཏང་ཡོད། ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་གྱོད་གཞི་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཉེས་དོན་གྱི་གནོད་འཚེ་ཕོག་མཁན་དང་དེའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་གང་ལེགས་བྱས་ཡོད།
ཚོར་སྣང་ཆེ་བའི་གྱོད་གཞི་གལ་ཆེ་རིགས་དང་། ཁྲིམས་ལུགས་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཞིབ་བཤེར་འདུམ་འགྲིག་བྱེད་པའི་ལས་དོན་དེ་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བའི་ཁྱོན་ཡོངས་ཀྱི་གནས་བབ་ཐོག་བཞག་ནས་ངོས་འཛིན་དང་ཞིབ་དཔྱད་བྱས་ཏེ་ཆེད་མངག་མི་སྣས་འགན་འཁུར་བ་དང་། ཆེད་མངག་ཚན་པས་གཉེར་སྒྲུབ་བྱེད་པ། ཆེད་དམིགས་ཇུས་གཞི་འདིང་བ་བཅས་ཀྱི་བྱ་ཐབས་སྤྱད་ཅིང་། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་ཁྲིམས་ཐག་གཅོད་རྒྱུར་ལུས་པའི་གྱོ ད་ཪྙིང་ལ་ཆེད་དམིགས་གཙང་བཤེར་གྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཁྲིམས་ལུགས་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གྱོད་གཞི་དུས་ཐོག་ཏུ་འདུམ་འགྲིག་བྱས་པ་དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག (ཐེངས )1175ཐག་གཅོད་འོས་འཚམ་བྱས་ཡོད། ཁྲིམས་འཛིན་འདྲི་གཅོད་ཀྱི་ཁྱབ་ཁོངས་ནང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་བཅུ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་བྱས་ཏེ “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གསར་གཏོད་བྱེད་སྒོ་དང་། སྐོར་གཡེང་ལམ་སྲུང་། མཐའ་མཚམས་འགོག་སྲུང་ཚོད་འཛིན། དགོན་སྡེའི་སློབ་གསོ། གཙོ་གནད་མི་སྣར་སློབ་གསོ་གཏོང་རོགས། སྤྱི་ཚོགས་དོ་དམ་བྱེད་ཐབས་གསར་གཏོད་སོགས་ཀྱི་ལས་དོན་ཁག་ནང་རང་འགུལ་ངང་ཞུགས་ཡོད།
གཉིས། དགེ་མཚན་འདོན་སྤེལ་དང་། འབྲེལ་བ་སྙོམས་སྒྲིག ཞི་མཐུན་ཡོང་བ་བཅས་བྱས་ནས་གོང་འཕེལ་ལ་སྐུལ་འདེད་བཏང་བ།
དཔལ་འབྱོར་གོང་འཕེལ་གཏོང་ཐབས་ལ་འགྱུར་བ་གང་མགྱོགས་གཏོང་རྒྱུ་དང་ཐོན་ལས་གྲུབ་ཆའི་ཁ་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་དྲང་བཞག་དྲང་བདེན་སྲུང་སྐྱོང་སོགས་བྱེད་རྒྱུའི་ཐད་དམངས་དོན་དང་ཚོང་དོན་གྱི་འདྲི་གཅོད་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་དོན་དང་ཚོང་དོན་གྱི་གྱོ ད་གཞི་ཁག་15766འདྲི་ཞིབ་མཐའ་འདོམས་བྱས་ནས་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་9.74ཟིན་ཡོད། ཁྲོམ་རའི་གཙོ་རྐང་གི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལུགས་ལྟར་འདྲ་མཉམ་ཐོག་སྲུང་སྐྱོབ་བྱས་ནས་གན་རྒྱའི་རྩོད་གཞི་རིགས་འདྲ་མིན་ཁག་4204འདྲི་ཞིབ་མཐའ་འདོམས་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྱོང་ལ་ཞབས་ཞུ་བསྒྲུབས་ནས་ཁྲིམས་ལུགས་ལྟར་ས་ཆ་བསྡུ་ལེན་གྱི་རིན་གསབ་དང་། ཞིང་ཁའི་ཆུ་བེད་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་འཁོར་རྒྱུག ས་ཞིང་འགན་གཙང་བརྒྱུད་བཤུག་སོགས་ཞིང་ལས་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཁག་351ལ་འདྲི་ཞིབ་དང་འདུམ་འགྲིག་བྱས་པ། དངུལ་རྩ་ཁ་བསླུས་རྒྱག་པ་དང་། རྫུན་བཟོ་རྫུན་ཚོང་། ཁྲིམས་མཐུན་མིན་པའི་མ་རྩ་བསྡུ་རུབ། ལྐོག་ཚོང་རྒྱག་པ་སོགས་སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བཤིག་གཏོང་མཁན་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་བཏང་ནས་གྱོད་གཞི་ཁག་46འདྲི་ཞིབ་མཐའ་འདོམས་བྱས་པ། གཏེར་རྫས་ཐོན་ཁུངས་དང་། ཡུལ་སྐོར་ཁྲོམ་ར། དམངས་ཁྲོད་དངུལ་བུན། འཛད་སྤྱོད་ཐོན་རྫས་འཁོར་རྒྱུག་སོགས་ཁྱབ་ཁོངས་ནང་བྱུང་བའི་རྩོད་གཞི་ཁག་730འདུམ་འགྲིག་ཐག་གཅོད་བྱས་པ། ཕྱོགས་ཡོངས་ནས་ཤེས་རིག་བདག་དབང་ལ་ཁྲིམས་འཛིན་གྱི་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁེ་བེད་བདག་ཐོབ་དང་། ཚོང་རྟགས། བརྩམས་ཆོས་བདག་དབང་། ལུགས་མཐུན་མིན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པ་སོགས་ཤེས་རིག་བདག་དབང་གི་གྱོད་གཞི་ཁག་12འདྲི་ཞིབ་མཐའ་འདོམས་བྱས་ཡོད།
ཁྲིམས་འཛིན་གྱི་འདྲི་ཞིབ་ཞབས་ཞུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་ནུས་དེ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒོ་མོ་རྒྱ་ཆེར་དབྱེ་བ། བྱ་ཐབས་ལ་འགྱུར་བ་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐོན་ལས་ཡར་རྒྱས་གཏོང་བ། གསོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ལྷུ་ཚིགས་དང་ཁྱབ་ཁོངས་ཁག་ནང་ཁྱབ་འགྱེད་བྱས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དང་། བཟོ་གཏེར་ཁུལ། ཡུལ་སྐོར་ཁུལ། གསར་སྤེལ་ཁུལ་བཅས་ཀྱི་གྱོད་གཞི་དང་། འགལ་ཟླ། རྩོད་གཞི་བཅས་བལྟོས་བཅས་གཅིག་སྡུད་ཡིན་པ་དང་ཐོན་སླ་བ་དང་ཐོན་མང་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ཐད་སྦྲེལ་ཁ་པར་བཙུགས་པ་དང་། དམིགས་འཛུགས་འབྲེལ་གཏུག་ཁྲིམས་དཔོན་གཏན་འཁེལ་བྱས་པ། ཁྲིམས་ལུགས་ཀྱི་ཞབས་ཞུའི་ལག་དེབ་དཔར་འདེབས་བྱས་པ། ཁྲིམས་འཛིན་གྱི་གྲོས་འཆར་འཕྲིན་ཡིག་འགྲེམས་གཏོང་བྱས་པ། སྒོ་རྩར་བསྐྱོད་ནས་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་བྱས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་དྲང་བཞག་འགྲན་རྩོད་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དང་གོ་རིམ་ལྡན་པའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱས་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་བཅའ་ཁྲིམས་ཐོག་གི་ཞབས་ཞུ་དང་སྲུང་སྐྱོབ་བྱེད་རྒྱུར་དོ་སྣང་ཆེན་པོ་བྱས་ཤིང་། ཁྲོམ་རའི་གཙོ་རྐང་རིགས་འདྲ་མིན་གྱིས་ནོར་ཁྲལ་དང་། དངུལ་རྩ། ས་ཞིང་། ཤེས་ལྡན་པ་སོགས་འདྲ་མཉམ་ཐོག་སྤྱོད་རྒྱུའི་གཟིགས་སྐྱོང་སྲིད་ཇུས་དང་ཐོན་སྐྱེད་ཀྱི་རྒྱུ་གཙོ་ཁྲིམས་ལུགས་ལྟར་འགན་ལེན་བྱས་ཏེ་ཁྲོམ་རའི་འགྲན་རྩོད་ནང་འདྲ་མཉམ་ཐོག་ཐེ་ཞུགས་བྱས་པ་དེས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
སྲིད་འཛིན་གྱི་འདྲི་གཅོད་དང་རྒྱལ་ཁབ་ཀྱི་གུན་གསབ་སྤྲོད་པའི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་སྲིད་འཛིན་བྱེད་པར་ལྟ་སྐུལ་རྒྱབ་སྐྱོར་བྱས་ཐོག་སྲིད་འཛིན་བལྟོས་བཅས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ་ཁྱོན་བསྡོམས་སྲིད་འཛིན་དང་རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཁག་36འདྲི་ཞིབ་བྱས་ཡོད། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁ་ཕྱོགས་གནད་འཁེལ་ཡོང་བ་བྱས་ནས་ཁྲིམས་འཛིན་གྱི་ཁ་གཏད་གཅོག་ཤུགས་ཆེ་རུ་བཏང་ཐོག་གྲོས་གཞི་དང་ཇུས་གཞི་བཟང་པོ་ཧུར་ཐག་བཏོན་ནས་འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་འཛིན་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ཁག་48བཏོན་ཡོད་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནང་གི་སྡིང་རྩའི་གནད་དོན་རྣམས་ཁྲིམས་ལུགས་ལྟར་ཐག་གཅོད་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
གསུམ། བྱ་ཐབས་སྣ་མང་མཉམ་སྤྱོད་དང་། རང་འགུལ་ཞབས་ཞུ་བསྒྲུབས་པ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བཅས་བྱས་ནས་དམིགས་ཡུལ་བསྒྲུབ་ཐབས་བྱས་པ།
མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་བྱ་ཐབས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འཁོར་ཐོག་སྐོར་སྐྱོད་ཁྲིམས་ས་དེའི་ཁྱབ་རྒྱ་ཆེ་བ་དང་། ཞབས་ཞུ་བྱེད་རྒྱ་ཆེ་བ། བབ་བསྟུན་མྱུར་མགྱོགས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། ལོ་ཧྲིལ་པོར་ཁྱོན་བསྡོམས་ལམ་ཐག་སྤྱི་ལེ་ཁྲི་26ལྷག་ཙམ་བསྐྱོད་པ་དང་། སྐོར་སྐྱོད་གྱོད་ཞིབ་ཐེངས་གྲངས་4000ལྷག་ཙམ་བྱས་པ། ཁྲིམས་ལུགས་དྲིལ་བསྒྲགས་ཐེངས་གྲངས་1500ལྷག་ཙམ་སྤེལ་བ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་ཁྲི་11ལྷག་ཙམ་འགྲེམས་སྤེལ་བྱས་པ། མང་ཚོགས་མི་གྲངས་ཁྲི་19ལྷག་ཙམ་ལ་སློབ་གསོ་བཏང་བ་བཅས་བྱས་པར་ལྗོངས་ཏང་ཨུད་དང་། ཆེས་མཐོའི་ཁྲིམས་ཁང་། མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་ཡོད།
སྔོན་དུ་གྱོད་ཁོངས་སུ་འཇུག་པ་དང་། སྔོན་དུ་འདྲི་ཞིབ་བྱེད་པ། སྔོན་དུ་ཁྲིམས་ཆད་ལག་བསྟར་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་ནས་འཚོ་སྐྱོང་དང་། ལྟ་སྐྱོང་། རྒྱུན་འཛིན་སོགས་གཉེན་སྒྲིག་ཁྱིམ་ཚང་གི་གྱོད་གཞི་ཁག་2310འདྲི་ཞིབ་མཐའ་འདོམས་བྱས་པ་དང་། ཞིང་པ་ལས་མིའི་གླ་ཕོགས་དང་། ལས་རྨས་གུན་གསབ། ངལ་རྩོལ་རྩོད་གཞི། རྒྱ་ལམ་འགྲིམ་འགྲུལ། མི་ལུས་གནོད་འཚེའི་གུན་གསབ་སོགས་ཀྱི་གྱོད་གཞི་ཁག་1030འདྲི་ཞིབ་མཐའ་འདོམས་བྱས་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོ་དང་འབྲེལ་བའི་གྱོ ད་གཞི་ཁག་830འདྲི་ཞིབ་མཐའ་འདོམས་བྱས་པ། འདུམ་འགྲིག་བྱེད་རྒྱུ་དེ་གྱོད་ཁོངས་སུ་འཇུག་རྒྱུ་དང་། འདྲི་ཞིབ། ལག་བསྟར། ཞུ་རེ། ཡིག་འབུལ་ཞུ་བཅར་བཅས་ཀྱི་བརྒྱུད་རིམ་ཚང་མའི་ནང་ཁྱབ་པ་བྱས་ཐོག “འདུམ་འགྲིག་སྔོན་དུ་བྱེད་པ་དང་། འདུམ་འགྲིག་དང་འདྲི་གཅོད་ཟུང་འབྲེལ། གྱོད་ཐག་བཅད་རྗེས་དོན་དག་ཐག་ཆོད་པ ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་རྩོད་གཞི་སེལ་རྒྱུ་དང་ཞི་མཐུན་སྤྱི་ཚོགས་ཀྱི་འབྲེལ་བ་འཛུགས་རྒྱུ་དེ “ཧྥུང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ནུས་ལྡན་གྱི་ཐབས་ལམ་དུ་བཟུང་ནས་གཞན་དབང་གི་འདུམ་འགྲིག་བྱེད་པ་དེ་རང་དབང་གི་འདུམ་འགྲིག་བྱེད་པར་སྒྱུར་བ་དང་། གནད་དོན་བྱུང་རྗེས་ཀྱི་འདུམ་འགྲིག་ཐག་གཅོད་བྱེད་པ་དེ་གནད་དོན་མ་བྱུང་གོང་གི་སྔོན་འགོག་བྱེད་པར་སྒྱུར་ཐོག ལྗོངས་ཡོངས་ཁྲིམས་ཁང་གིས་དམངས་དོན་ཚོང་དོན་གྱོ ད་གཞི་འདུམ་འགྲིག་ཕྱིར་འཐེན་བྱེད་ཚད་70%ཟིན་པ་དང་། ཞུ་གཏུག་མ་བྱས་གོང་གི་འགལ་ཟླ་དང་རྩོད་གཞི་ཁག་8922འདུམ་འགྲིག་ཐག་གཅོད་བྱས་པ། དམངས་ཁྲོད་ཀྱི་གྱོ ད་གཞི་ཁག་2992ལ་འདུམ་འགྲིག་ཐག་གཅོད་བྱེད་རྒྱུར་མཛུབ་ཁྲིད་བྱས་པ་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་འབོར་ཆེན་ཞིག་ཞུ་གཏུག་མ་བྱས་གོང་དང་ཁྲིམས་སའི་ཕྱི་རོལ་དུ་འདུམ་སེལ་བྱས་ཡོད། འཚོ་བར་དཀའ་ངལ་དངོས་ཡོད་པའི་དོ་བདག་མི་གྲངས་1307ལ་ཞུ་གཏུག་གྲོན་དངུལ་སྒོར་ཁྲི་2675དུས་འགྱངས་དང་། ཆག་ཡང་། རྩ་ཆག་བཅས་བཏང་བ་དང་། དོ་བདག་མི་གྲངས་145ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་316.47དོན་འཁྱོལ་བྱས་ཡོད། གཞན་ཡང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་མཉམ་གྲོས་ཁྲིམས་ས་དང་ལོ་ཆུང་ཁྲིམས་ས་འཛུགས་པ་སོགས་མི་གཤིས་ཀྱི་ཐུགས་འཁུར་ཞབས་ཞུ་བསྒྲུབས་པར་བརྟེན་ནས་བཙན་རྩུབ་སྣང་མེད་དང་སྙིང་རྗེ་བྲལ་བ་ལྟ་བུར་སྣང་བའི་ཁྲིམས་ལུགས་དེ་བརྩེ་སེམས་དྲོ་སྐྱིད་ལྡན་པའི་མི་ཡུལ་གྱི་བྱམས་སྐྱོང་ཆེན་པོར་སྒྱུར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་འགྲན་ཟླ་མེད་པའི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད།
ལག་བསྟར་མཉམ་འགུལ་གྱི་ཟིལ་ཤུགས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་ཆད་གཏོང་ཡུལ་མི་སྣས་ནུས་པ་ཐོན་པའི་ཁྲིམས་ཀྱི་དཔྱད་ཁྲ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ “ཁྲིམས་ཀྱི་དཔྱད་ཁྲ་སྟོང་ལུས ”སུ་མི་འགྲོ་བ་གང་ཐུབ་བྱས་ཤིང་། ལག་བསྟར་གྱོད་གཞི་ཁག་3295བདག་སྤྲོད་བྱས་ཁོངས་ནས་ལག་བསྟར་མཐའ་འདོམས་བྱས་པ་ཁག་2505ཡིན་པ་དང་། ལག་བསྟར་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་3.9ཟིན་ཡོད་པས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་26ལ་ཆེས་མཐོའི་ཁྲིམས་ཁང་གི “ལག་བསྟར་གསོག་ཐེབས་ཀྱི་གྱོད་གཞི་མེད་པའི་སྔོན་ཐོན་ཁྲིམས་ཁང་”གི་མཚན་སྙན་ཐོབ་ཡོད། སྤྱི་ཚོགས་ཀྱི་ཡིད་རྟོན་འཕེར་བའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡིད་རྟོན་མི་རུང་བའི་ཁྲིམས་ཆད་ཕོག་མི་མི་གྲངས་37ཡོངས་བསྒྲགས་ཐེངས་དང་པོ་བྱས་ནས་ཁྲིམས་ཆད་གཏོང་ཡུལ་མི་སྣས་ཀུང་སི་ཐོ་འགོད་དང་། མ་དངུལ་བསྡུ་རྒྱུག མ་དངུལ་འཇོག་པ། ཐོན་ལས་ཉོ་སྒྲུབ། འཛད་སྤྱོད་ཚོད་མེད་བྱེད་པ་བཅས་ལ་ཁྲིམས་ལུགས་ལྟར་བཀག་འཛིན་བྱས་ཡོད། ཏང་སྲིད་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་གི་ནུས་ཐོན་གྱི་དཔྱད་མཚམས་དང་ཁྲུན་གཅོད་ལག་བསྟར་བྱེད་པར་ཆེད་དམིགས་གཙང་བཤེར་གྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ལྗོངས་ཡོངས་སུ་ཏང་སྲིད་ལས་ཁུངས་དང་འབྲེལ་བ་ཡོད་པའི་ལག་བསྟར་གྱོད་གཞི་ཁག་4ཚང་མ་ལག་བསྟར་མཐའ་འདོམས་བྱས་ཡོད་པ་དང་དམིགས་རྟེན་དངུལ་འབོར་སྒོར་ཁྲི་397.86ཟིན་ཡོད།
བཞི། སྤྱོད་ཚུལ་ལེགས་བཅོས་དང་། བྱང་ཚད་མཐོར་གཏོང་། རྨང་རྩ་གཉིས་བརྟན་བཅས་བྱས་ནས་དཔུང་ཁག་དམ་འཛིན་བྱས་པ།
ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ནས “མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུན་འཁྱོངས ”བྱེད་པའི་ཆེད་དོན་གྲོས་བསྡུར་དང་། “ཁྲིམས་འཛིན་གྱི་སྤྱོད་ཚུལ་ལེགས་བཅོས་དང་ཁྲིམས་འཛིན་གྱི་བྱེད་སྤྱོད་ཚད་ལྡན ”བཟོ་བའི་ཆེད་དམིགས་བཅོས་སྐྱོང་། “ཁྲིམས་འཛིན་གྱི་སྤྱོད་ཚུལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི ”ཆེད་དམིགས་ཞིབ་བཤེར་བཅས་བྱེད་པའི་སྒྲིག་འཛུགས་བྱས་ཐོག “སྤྱོད་ཚུལ་བཞི ”དང་“གནད་དོན་གཉིས ”ཀྱི་ཞིབ་ཕྲའི་མངོན་ཚུལ་དང་དེ་དག་གནས་ས་རྩད་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་བཅོས་སྒྲིག་བྱ་ཐབས་ཁག་27ཞིབ་འཇུག་གིས་བཟོས་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་23བཟོ་བཅོས་ཀྱིས་འཐུས་ཚང་དུ་བཏང་ཡོད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུ་དང་། མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་བྱེད་རྒྱུ། ལས་བྱེད་པར་སྦྱོང་བརྡར་དང་གསོ་སྐྱོང་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པའི་གལ་ཆེའི་དམ་འཛིན་བྱེད་ས་དང་ལས་སྟེགས་སུ་བརྩིས་ཤིང་། “གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཤུགས་ཆེ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་སྤེལ་བ། བྱ་བ་དངོས་བསྒྲུབས་པ་དང་བྱ་བ་བཟང་པོ་བསྒྲུབས་པ ”བཅས་ཀྱི་ལས་འགན་ཁག་ལྔ་དོན་འཁྱོལ་ནན་ཏན་བྱས་ཐོག “སྤུན་གྲོགས་སྒྲིག་པའི ”བྱེད་སྒོ་ཏན་ཏིག་སྤེལ་ཏེ་ལས་བྱེད་པ་དང་ཉེན་རྟོག་པ་མི་གྲངས་439སྲིད་འཛིན་གྲོང་ཚོ་168ལ་བཅའ་སྡོད་བྱེད་པར་བཏང་བ་དང་། ཉུང་ཐུང་མགྱོགས་གསུམ་གྱི་རྣམ་གྲངས་145མཐུན་སྦྱོར་དོན་འཁྱོལ་བྱས་པ། མ་དངུལ་སྒོར་ཁྲི་2713.32བཏང་བ། རང་གྲབས་དང་འབྲེལ་ཡོད་ཚན་པ་དང་མཐུན་འགྲིག་བྱས་ནས་མ་དངུལ་སྒོར་ཁྲི་5030.34དོན་འཁྱོལ་བྱས་པ། བྱ་བ་དངོས་ཁག་2035བསྒྲུབས་པ། མང་ཚོཌ་མི་གྲངས་ཁྲི་7.75ལ་ཕན་པ་ཐོབ་པ་བཅས་བྱུང་ཡོད།
དཔུང་ཁག་གི་བྱང་ཚད་མཐོར་གཏོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། 《ལྗོངས་ཡོངས་ཀྱི་ཁྲིམས་ཁང་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》ཞིབ་འཇུག་གིས་བཟོས་ཏེ་ལས་བྱ་ཡོངས་ལ་རེས་སྐོར་སྦྱོང་བརྡར་དང་། ལས་ཐོག་ཏུ་མ་བསྐྱོད་གོང་གི་སྦྱོང་བརྡར། སྤེལ་རེས་སྦྱོང་བརྡར། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་སྦྱོང་བརྡར། རྐང་འཛིན་ཤེས་ལྡན་པ་ལེགས་གྲས་སྦྱོང་བརྡར། ཆེད་དམིགས་ལས་སྒོའི་སྦྱོང་བརྡར། རིག་སྟོབས་བོད་སྐྱོར་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་སྤྱད་དེ་རང་གི་འཇོན་ཐང་ཆེ་རུ་གཏོང་བ་དང་། བྱང་ཚད་མཐོ་རུ་གཏོང་བ། མཚན་སྙན་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ་དང་། དྲང་བདེན་སྲུང་སྐྱོང་བྱེད་པ། འགལ་ཟླ་འདུམ་འགྲིག་བྱེད་པ། གླེང་ཕྱོགས་ཁྲིད་སྟོན་བྱེད་པ། ཚན་རྩལ་དངོས་སྤྱོད་བྱེད་པ། སློབ་སྦྱོང་གོང་མཐོར་གཏོང་བ། རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པ། གློ་བུར་དོན་རྐྱེན་འཕྲལ་སྡོམ་བྱེད་པ་སོགས་ཀྱི་ནུས་པ་ཆེ་རུ་བཏང་ཡོད། “མི་གཅིག་སྦྱོང་བརྡར་ནང་ཞུགས་པ་དེས་ལས་བྱ་ཡོངས་ལ་ཕན་པ་ཐོབ་པའི ”ཕན་ལྡན་བྱ་ཐབས་འཚོལ་ཞིབ་བྱས་ནས་ལོ་ཧྲིལ་པོར་ཁྱོན་བསྡོམས་སྦྱོང་བརྡར་འདྲ་མིན་ཐེངས་གྲངས་137སྤྲས་པར་སྦྱོང་བརྡར་ནང་ཞུགས་མཁན་ལས་བྱེད་པ་དང་ཉེན་རྟོག་པ་མི་གྲངས་3183ཟིན་ཡོད། ཁྲིམས་དཔོན་དང་། འདྲི་གཅོད་ལས་རོགས་པ། ཁྲིམས་འཛིན་སྲིད་འཛིན་མི་སྣ་བཅས་ཀྱི་ཤེས་ལྡན་པའི་ཡོང་ཁུངས་བཟོས་ཏེ་རང་ལྗོངས་ཀྱི་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་གོང་འཕེལ་གཏོང་བར་ཤེས་ལྡན་པའི་རྨང་གཞི་བཏིང་ཡོད།
“མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་གདོང་སྐྱོད་བྱ་སྤྱོད ”བྱེད་སྒོ་གཏིང་ཟབ་སྤེལ་ནས་ལས་བྱེད་པ་དང་ཉེན་རྟོག་པས་ཕྱོགས་བཞི་མཚམས་བརྒྱད་དང་“ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུའི་སློབ་གསོ་བཏང་ཡོད། དམངས་ཀྱི་དོན་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱེད་པའི་བརྗོད་བྱ་གཙོ་བོའི་རྩོམ་ཡིག་བསྡུ་བ་དང་། གཏམ་བཤད་འགྲན་བསྡུར། ཡིག་རིས་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བའི་ཐོག དཔེ་དེབ་དཔྱད་གཞི་ཁང་དང་གློག་རྡུལ་བལྟ་དེབ་ཁང་སྐྲུན་ནས་སློབ་སྦྱོང་རྣམ་པའི་ཁྲིམས་ཁང་གསར་འཛུགས་དང་སློབ་སྦྱོང་རྣམ་པའི་ཁྲིམས་དཔོན་གསོ་སྐྱོང་བྱེད་ཕྱིར་ཁོར་ཡུག་བཟང་པོ་བསྐྲུན་པ་དེས་སྔོན་ཐོན་རིག་གནས་ཀྱི་འབོད་སྐུལ་བྱེད་ཤུགས་དང་། བློ་ཁ་ཕྱོགས་ཤུགས། བག་ཆགས་འཇོག་ཤུགས་བཅས་ཆེ་རུ་སོང་ཡོད།
གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གི་འདྲི་གཅོད་ལས་སྒོའི་ཁང་པ་དང་ཤང་དང་གྲོང་རྡལ་གྱི་མི་དམངས་ཁྲིམས་ས་སྐྲུན་རྒྱུའི་རྣམ་གྲངས་དོན་འཁྱོལ་བྱས་ཡོད། ནོར་སྲིད་ལ་གཞོགས་འདེགས་ཀྱིས་ཀྲུང་དབྱང་གི་མ་དངུལ་སྒྱུར་སྤྲོད་ཀྱི་གྱོད་གཞི་ཞིབ་གཅོད་དང་གོ་ཆས་གསབ་དངུལ་སྒོར་དུང་ཕྱུར་2.1གཅིག་གྱུར་འཆར་འགོད་ཀྱིས་དོན་འཁྱོལ་བྱས་ཏེ་འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་གི་གྲོན་དངུལ་འགན་སྲུང་བྱེད་ཚད་དང་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་སྔར་བས་ཤུགས་ཆེར་བཏང་ཡོད། རོགས་སྐྱོར་ཐོབ་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་སྙན་སེང་སྦྲེལ་མཐུད་བྱས་པས་བོད་སྐྱོར་མ་དངུལ་སྒོར་ཁྲི་1000ཙམ་ལག་འབྱོར་བྱུང་ཡོད།
ལྔ། ཁ་ཕྱོགས་བརྟན་བཟུང་དང་། ལྟ་སྐུལ་དང་ལེན་ཞུ་བ། ཁྲིམས་འཛིན་ཡོངས་བསྒྲགས་བཅས་བྱས་ནས་ཀུན་མོས་ཡོང་ཚད་ཆེ་རུ་བཏང་བ།
ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་སྲུང་བྱེད་པའི་རྩ་བའི་འགན་ལེན་དུ་བརྩིས་ཐོག་གལ་ཆེའི་དོན་གནད་དང་། གལ་ཆེའི་བཀོད་སྒྲིག ཚོར་སྣང་ཆེ་བའི་གྱོ ད་གཞི་གལ་ཆེ་རིགས་བཅས་དུས་ཐོག་ཏུ་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུས་ནས་རང་འགུལ་ངང་ཁྲིམས་ཁང་གི་ལས་དོན་དེ་ཏང་གི་འགོ་ཁྲིད་འོག་ཚུད་ཐུབ་པ་བྱས་ཏེ་ཁྲིམས་ཁང་ཁོངས་གཏོགས་ནང་ཏང་གི་ཇུས་ཆེན་མཛད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་རྣམས་ལག་བསྟར་ཆད་ལུས་མེད་པ་བྱེད་རྒྱུའི་འགན་ལེན་བྱས་ཡོད།
རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུས་ཐོག་ཁ་ཕྱོགས་གཏན་འཁེལ་གྱི་འབྲེལ་གཏུག་དང་། གྲོས་གཞི་གཉེར་སྒྲུབ། ཁྲིམས་སའི་འདྲི་གཅོད་ཟུར་ཉན། གྱོད་གཞི་ཞིབ་དཔྱད། ལས་དོན་བརྡ་ཁྱབ། ཆ་འཕྲིན་འབུལ་སྐྱེལ་སོགས་ཀྱི་ལམ་ལུགས་འཐུས་ཚང་དང་ཚགས་ཚུད་དུ་བཏང་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་མི་གྲངས་200(ཐེངས )ལྷག་ཙམ་ཁྲིམས་ཁང་ལ་གཟིགས་ཞིབ་གནང་བར་གདན་འདྲེན་ཞུས་པ་དང་། མི་གྲངས་500(ཐེངས )ལྷག་ཙམ་གྱིས་གྱོད་གཞི་འདྲི་ཞིབ་བྱེད་པར་ཟུར་ཉན་བྱས་པ། བསམ་འཆར་དང་གྲོས་འཆར་ཁག་20(ཐེངས )ལྷག་ཙམ་སྒྲུབ་གཉེར་བྱས་པ། རང་འགུལ་ངང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་སེང་ཐེངས་100ལྷག་ཙམ་ཞུས་པ་བཅས་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལ་ཁྲིམས་བཞིན་དང་ལེན་ཞུས་ནས་བསྐྱར་གཅོད་ཞུ་གཏུག་གྱོད་གཞི་ཁག་8ལ་འདྲི་ཞིབ་འཚམ་པོ་དང་ཁྲིམས་ལུགས་ལྟར་ཁྲིམས་ཆད་སྒྱུར་བ་ཁག་3བྱས་ཡོད། ཁྲིམས་འཛིན་ཡོངས་བསྒྲགས་དྲུག་སྐོར་གྱི་ཆེས་མཐོའི་ཁྲིམས་ཁང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་འདྲི་གཅོད་ཀྱི་བརྒྱུད་རིམ་ཡོངས་བསྒྲགས་དང་། ཁྲུན་གཅོད་དཔྱད་ཁྲ་ཡོངས་བསྒྲགས། ལག་བསྟར་ཆ་འཕྲིན་ཡོངས་བསྒྲགས་བཅས་ལས་སྟེགས་ཆེན་པོ་གསུམ་བཟོས་ཏེ་འདྲི་གཅོད་དབང་ཆ་སྤྱོད་རྒྱུ་དེ་རང་འགུལ་ངང་སྤྱི་ཚོགས་དམངས་ཡོངས་ཀྱི་ལྟ་སྐུལ་འོག་ཏུ་བཅུག་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བླང་བྱ་གཞིར་བཟུང་མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་ལམ་ལུགས་དོན་འཁྱོལ་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ 《མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར 》བཟོ་འདོན་བྱས་ཤིང་། མི་དམངས་མཉམ་ཞུགས་གྱོད་ཞིབ་པ་གྱོད་གཞིའི་འདྲི་ཞིབ་ནང་ཞུགས་མཁན་མི་གྲངས་826(ཐེངས )བྱུང་བ་དང་མི་དམངས་མཉམ་ཞུགས་གྱོད་ཞིབ་པ་མི་གྲངས་288གསར་དུ་བདམས་ཐོན་བྱུང་ནས་ཁྲིམས་འཛིན་འདྲི་གཅོད་ལས་དོན་ལ་མི་རིགས་ཁག་གི་མི་དམངས་ཀྱིས་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། ལྟ་སྐུལ་བྱེད་དབང་། བསམ་ཚུལ་ཤོད་དབང་བཅས་འགན་ལེན་གང་ལེགས་བྱས་ཡོད།
འཐུས་མི་རྣམ་པ། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཚང་མ་ཏང་ཨུད་ཀྱི་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ་མི་དམངས་འཐུས་ཚོགས་ཀྱི་ནུས་ལྡན་ལྟ་སྐུལ་དང་། སྲིད་གཞུང་། སྲིད་གྲོས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་ཀྱང་མེད། མཚམས་འདིར། ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
གྲུབ་འབྲས་མཐོང་བ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱེད་དགོས་པ་ཞིག་ནི། རང་ལྗོངས་ཁྲིམས་ཁང་གི་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་སྤྱིའི་སྤུས་ཚད་དང་། ལས་ཕྱོད། ཕན་འབྲས་བཅས་ད་དུང་གོང་མཐོར་གཏོང་དགོས་པ་དང་། དཔུང་ཁག་ཧྲིལ་པོའི་ནུས་པ་ཆེ་རུ་གཏོང་བ་དང་བྱང་ཚད་མཐོ་རུ་གཏོང་དགོས་པ། གོང་རིམ་ཁྲིམས་ཁང་གིས་གཤམ་འོག་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་ད་དུང་གནད་ལ་མི་འཁེལ་བ། ས་བབ་མཐོ་བ་དང་། ཁོར་ཡུག་དཀའ་ཚེགས་ཆེ་བ། གནམ་གཤིས་ཧ་ཅང་ཞན་པ་བཅས་ཀྱི་ས་ཁུལ་གྱི་ཁྲིམས་ཁང་འགའ་ཞིག་གི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ད་དུང་ལེགས་བཅོས་བྱེད་དགོས་པ། ཁྲིམས་ཁང་རེ་འགའི་དོ་དམ་ཡག་པོ་མེད་པ། ལས་བྱེད་པ་དང་ཉེན་རྟོག་པ་ཉུས་ཤས་ཤིག་གི་མང་ཚོགས་ལྟ་བ་གསལ་པོ་མེད་པ། དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཞན་པ་བཅས་ཀྱི་གནད་དོན་ཡོད་པས་ལྷག་བསྡད་པའི་གནད་དོན་དེ་དག་ང་ཚོས་བྱ་ཐབས་ནུས་ལྡན་སྤྱད་ནས་ཐག་གཅོད་ནན་ཏན་བྱེད་རྒྱུ་ཡིན།
2014ལོའི་ལས་ཀའི་བསམ་གཞི།
འཐུས་མི་རྣམ་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་བརྗིད་ཆེའི་དཔེ་རིས་བཀོད་ཡོད། མི་དམངས་ཁྲིམས་ཁང་གི་ལས་དོན་ལ་གལ་ཆེའི་གོ་སྐབས་བཟང་པོ་འཕྲད་བཞིན་ཡོད་ལ་ཛ་དྲག་ཆེ་བའི་འགྲན་སློང་ཡང་འཕྲད་བཞིན་ཡོད། 2014ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཆེས་མཐོའི་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད་འོག “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་སྲུང་བཞི ”བཅས་ལ་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས ”པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས ”པའི་མཛུབ་སྟོན་གྱི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཡོན་ཀྲང་ཀྲའུ་ཆང་གིས་བཏོན་པའི “བརྟན་ལྷིང་སྲུང་སྐྱོང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནང་ཞུགས་རྒྱུའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་ཚང་བཟོ་བ་དང་ཚགས་ཚུད་དུ་བཏང་ནས་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པ་བྱེད་རྒྱུ ”དང་ཧྲུའུ་ཅི་ཁྲེན་ཆོན་གོའི “ལས་ཀའི་རྣམ་པ་གསར་པ་ཞིག་གཏོད་ནས་བོད་ལྗོངས་ཡུན་རིང་བརྟན་ལྷིང་དང་། རྒྱུན་མཐུད་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས ”པའི་མཛུབ་སྟོན་བཀའ་མཆན་གཞིར་བཟུང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གཡུལ་ས་གཙོ་བོའི་དངོས་ཡོད་ལ་དམིགས་ཐོག་ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཞུམ་མེད་སྟོབས་ཆེའི་ཁྲིམས་འཛིན་གྱི་འགན་སྲུང་བྱེད་རྒྱུ།
གཅིག་ནི་བསམ་བློ་གཅིག་གྱུར་བྱེད་རྒྱུ་སྔོན་དུ་དམ་འཛིན་གྱིས་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་བསྒྱུར་བཅོས་དམ་འཛིན་བྱེད་རྒྱུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་གལ་ཆེའི་དོན་སྙིང་དང་། སྤྱིའི་དམིགས་ཚད། གཙོ་གནད་ཁྱབ་ཁོངས། འགག་སྒྲོལ་ཁ་ཕྱོགས་བཅས་དང་། དེ་བཞིན་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཁྲོད་དུ་མི་དམངས་ཁྲིམས་ཁང་གིས་འཁུར་བའི་གལ་ཆེའི་འགན་འཁྲི་བཅས་ལ་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་བྱས་ཏེ། རང་འགུལ་དང་། ནུས་ཕྱོད་ཆེ་བ། བང་རིམ་མང་བ། ཕྱོགས་ཡོངས་བཅས་ནས་ཞབས་ཞུ་དང་འགན་སྲུང་བྱེད་ཐབས་ལ་བརྟེན་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་བྱ་ཐབས་ཁག་ལམ་ལྷོངས་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཏེ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་བྱེད་མཁན་དང་ཧུར་ཐག་ཞུགས་མཁན་ཞིག་བྱེད་ཕོད་པ་བྱེད་རྒྱུ། དྲང་བཞག་དྲང་བདེན་དང་ནུས་ཕྱོད་ཆེ་བ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུ་དང་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བསྒྱུར་བཅོས་བཀོད་སྒྲིག་ལ་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་བྱས་ཐོག མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་རང་ཚུགས་ངང་དྲང་བདེན་གྱིས་འདྲི་གཅོད་དབང་ཆ་སྤྱོད་རྒྱུ་དང་། འདྲི་གཅོད་དབང་ཆ་སྤྱོད་རྒྱུའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་བཅས་ལ་དམིགས་པ་དང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གོང་ནས་འོག་བར་དང་། ལས་སླ་བ་ནས་དཀའ་བའི་བར། བང་རིམ་བཞིན་རིམ་སྐྱོད་བཅས་བྱེད་པའི་རྩ་དོན་གཞིར་བཟུང་ཆེས་མཐོའི་ཁྲིམས་ཁང་ནས “ཚངས་ཐིག་ལས་གཞི ”ལག་བསྟར་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་ཁྲིམས་འཛིན་ཡོངས་བསྒྲགས་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛིན་དམངས་གཙོ་བྱེད་རྒྱུར་སྐུལ་འདེད་གཏོང་བ། རང་འགུལ་ངང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་ཞུ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཁྲིམས་འཛིན་འདྲི་གཅོད་ཀྱི་ཆུ་ཚད་དང་ཁྲིམས་འཛིན་ཐད་ཀྱི་ཀུན་མོས་ཡོང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།
གཉིས་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་ཐོག་སྟོབས་ཤུགས་ཡོད་རྒུས་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང་ཡུན་རིང་དམག་འཐབ་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་ཁྱབ་ཁོངས་སུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་། བསྒྱུར་བཅོས་གོང་འཕེལ་གྱི་འགག་སྒྲོལ་དུས་སྐབས་ཀྱི་ཁྲིམས་འགལ་ཉེས་གསོག་དང་། འགལ་ཟླ་རྩོད་གཞི། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་བཅས་ཀྱི་ཐོན་ཕྱོགས་དང་། གྲུབ་རྐྱེན། ཁྱད་ཆོས་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཐོག དུས་སྐབས་དང་དུས་མཚམས་སོ་སོའི་ནང་རྒྱལ་མཚམས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་པའི་བྱེད་སྒོའི་ཆོས་ཉིད་དང་བྱེད་ཐབས་ལ་དམིགས་ཏེ་སྲིད་ཇུས་དང་ཁྲིམས་ལུགས་འཛིན་སྤྱོད་བྱེད་པ་དང་། འདྲི་གཅོད་བྱེད་ཤུགས་བཀོད་སྒྲིག་བྱེད་པ། ལས་ཀའི་སྔོན་ཇུས་བཟོ་བ་སོགས་ཀྱི་ཐད་དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་ཀྱི་གྲ་སྒྲིག་ཨང་བསར་བྱེད་དགོས་ཤིང་། རུས་རྒྱུད་ཕྱོགས་གཏོགས་དང་། ཪྙིང་གསོའི་ཕྱོགས་གཏོགས། ནག་ཚོགས་ཕྱོགས་གཏོགས་བཅས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་སྤེལ་མཁན་གསང་བའི་ཁྲིམས་འགལ་རྩ་འཛུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་དང་། གཙོ་གནད་ས་ཁུལ་དང་། གཙོ་གནད་ཆེ་ས། གཙོ་གནད་ཁྱབ་ཁོངས་བཅས་གཙང་སེལ་བཅོས་སྒྲིག་བྱས་ནས་རྒྱལ་མཚམས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་པའི་སྨྱོ་ཧམ་ཆེ་བའི་ཧམ་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་ཉེས་དོན་ཁྲིམས་འཛིན་གྱི་འདུ་ཤེས་འཛུགས་པ་དང་། ཉེས་དོན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དང་། ནག་ཚོགས་ཕྱོགས་གཏོགས་ཀྱི་ཉེས་གསོག སྒྲིག་འཛུགས་ཡོད་པའི་ཉེས་གསོག ཐོན་རྟག་པའི་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག་བཅས་ཀྱི་བྱེད་སྤྱོད་དམ་བསྒྲགས་ཀྱིས་མགོ་འབུར་དུ་མི་འཇུག་པ་དང་། ཁྲིམས་ལུགས་ལྟར་ཉེས་གསོག་ལ་ཁྲིམས་གཅོད་དང་། མི་དམངས་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་ཡོང་བ་བཅས་བྱེད་རྒྱུ། གལ་ཆེའི་དུས་ཆེན་དང་། གལ་ཆེའི་ཚོགས་འདུ། འཚུབ་ཆ་ཆེ་བའི་དུས་མཚམས་བཅས་ཀྱི་བདེ་འཇགས་བརྟན་ལྷིང་ཡག་པོ་ཡོང་བ་བྱེད་དགོས་ཤིང་། མི་རྒྱུ་དངོས་གསུམ་གྱི་གཟིགས་སྐྱོང་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ཐོག་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་དང་བརྟན་ལྷིང་སྲུང་སྐྱོང་གི་ལྟེ་བའི་ལས་ཀའི་ནང་ཧུར་ཐག་ཞུགས་ནས་ཁ་ཕྲལ་པར་གོ་སྐབས་གང་ཡང་མི་སྤྲོད་པར་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བ་བཅས་བྱེད་རྒྱུ།
གསུམ་ནི་གོང་འཕེལ་ཡོང་བར་ཞབས་འདེགས་ཞུ་རྒྱུ་གལ་ཆེར་བཟུང་ནས་འགན་ནུས་གསར་གཏོད་ཀྱིས་ཁོར་ཡུག་ལེགས་སུ་གཏོང་རྒྱུ། རང་འགུལ་གྱིས་རང་ལྗོངས་སུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་དུས་བབ་གསར་པ་དང་ལས་འགན་གསར་པར་རང་འགུལ་ངང་འཚམ་ཐུབ་པ་བྱེད་དགོས་ཤིང་། བསྒྱུར་བཅོས་གཏིང་ཟབ་དང་། སྒོ་དབྱེའི་བརྒྱུད་རིམ་ཁྲོད་ནས་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་དང་བརྡར་ཤ་བཅད་ནས་དེ་དང་འཚམ་ཞིང་ལེ་ལག་གི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་བྱེད་ཐབས་ཞིབ་འཇུག་བཟོ་འབེབས་ནན་ཏན་བྱས་ཐོག ཧུར་བརྩོན་དེ་བས་ཆེ་བའི་རྣམ་འགྱུར་དང་། ཚན་རིག་དང་དེ་བས་མཐུན་པའི་ལམ་སྲོལ། ལས་ཕྱོད་དེ་བས་ཆེ་བའི་ཞབས་ཞུ། ནུས་སྟོབས་དེ་བས་ཆེ་བའི་བྱེད་ཐབས། སྣ་རིགས་དེ་བས་མང་བའི་ཐབས་ལམ་བཅས་ལ་བརྟེན་ནས་དུས་ཐོག་ཏུ་ཁེ་ཕན་གནས་སྟངས་ལེགས་སྒྲིག་བྱེད་པའི་ཁྲོད་ནས་ཐོན་པའི་འགལ་བ་དང་རྩོད་གཞི་འདྲ་མིན་སེལ་ཞིང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པའི་གྱོ ད་གཞི་འདྲ་མིན་ལ་འདྲི་ཞིབ་འཚམ་པོ་བྱས་ནས་ཁྲིམས་ལུགས་ལྟར་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འགན་ལེན་བྱེད་རྒྱུ་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་འཕར་ཡོང་བ་བྱས་ནས་ཁེ་ལས་ཀྱིས་རང་བདག་ངང་གཉེར་སྐྱོང་བྱེད་རྒྱུ་དང་། དྲང་བཞག་འགྲན་རྩོད་བྱེད་རྒྱུ། འཛད་སྤྱོད་པས་རང་མོས་གདམ་ག་བྱེད་པ། རང་བདག་འཛད་སྤྱོད་བྱེད་པ། ཚོང་ཟོག་གི་རྒྱུ་གཙོ་རང་མོས་འཁོར་སྐྱོད་ཐུབ་པ། དྲང་བཞག་བརྗེ་རེས་བྱེད་པ་བཅས་ཀྱི་དེང་རབས་ཁྲོམ་རའི་མ་ལག་དང་རྒྱུ་གཙོ་འདྲ་མཉམ་བརྗེ་རེས་བྱེད་པ་དང་། ཐོན་ཁུངས་སྙོམས་མཚུངས་ངང་བཀོད་སྒྲིག་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་གཏོང་བ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཆེད་དུ་ཁྲིམས་འཛིན་གྱི་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་རྒྱུ།
བཞི་ནི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་རྒྱུ་རྩ་བར་བཟུང་ནས་བློ་གཅིག་སེམས་གཅིག་གིས་དམངས་འཚོར་ཕན་འདོགས་རྒྱུ། སྤྱི་ཚོགས་དྲང་བཞག་དྲང་བདེན་ཡོང་བ་དང་། མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བྱས་ནས་དམངས་འཚོའི་ཁྱབ་ཁོངས་ནང་གི་འདྲི་གཅོད་བྱེད་ཐབས་གསར་གཏོད་ཟམ་མི་ཆད་པ་བྱེད་རྒྱུ། ཞིང་འབྲོག་པའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོབ་བྱས་ཏེ་འགྲོ་ལམ་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྨོ་ཞིང་། རྩྭ་ར་འགན་གཙང་དང་བརྒྱུད་བཤུག་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་རྩོད་གཞི་རིགས་འདྲ་མིན་སེལ་རྒྱུ། གྲོང་ཁྱེར་ནང་དུ་གླ་པ་རྒྱུགས་པར་ཡོང་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་རྐང་བཙུགས་ནས་གླ་ཕོགས་ཆད་འགྱངས་བྱེད་རིགས་ལ་ཉེས་ཆད་གཅོད་ཤུགས་ཆེ་རུ་གཏོང་རྒྱུ། བཟའ་བཅའ་དང་། སྨན་རྫས། འགྲིམ་འགྲུལ། ཉེན་མེད་ཐོན་སྐྱེད་སོགས་ཁྱབ་ཁོངས་ཁྲོད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། གཞན་ཡང་ལས་ཞུགས་དང་། སློབ་གསོ། སྨན་བཅོས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དང་འབྲེལ་བའི་དམངས་འཚོའི་གྱོད་གཞི་སྔོན་དུ་གྱོད་ཁོངས་སུ་བཅུག་སྟེ་འདྲི་ཞིབ་གང་མགྱོགས་བྱེད་པ་དང་ལག་བསྟར་ཤུགས་ཆེ་བྱེད་རྒྱུ། ཞུ་རེ་མཚོན་པ་བྱེད་རྒྱུ་དང་། ཁེ་ཕན་མཐུན་སྦྱོར་བྱེད་རྒྱུ། དབང་ཆ་འགན་སྲུང་བྱེད་རྒྱུ་བཅས་ཀྱི་ཐབས་ལམ་བཤངས་ཐོག དམངས་ལ་སྟབས་བདེ་དང་ཕན་པ་སྒྲུབ་ཐབས་ཡག་ཏུ་གཏོང་བ་དང་། ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་ཀྱི་ཁྲིམས་ས་དང་སྐོར་སྐྱོད་ཁྲིམས་སས་ཉེ་སར་འདྲི་ཞིབ་དང་སྐོར་སྐྱོད་འདྲི་གཅོད་བྱེད་པའི་ཁེབས་རྒྱ་དང་ཞབས་ཞུའི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཐོག་ཞུ་རེ་ཡོད་ཕྱིན་ངེས་པར་དུ་བདག་སྤྲོད་བྱེད་པ་དང་། འདྲི་གཅོད་བྱས་ཕྱིན་ངེས་པར་དུ་དྲང་བཞག་ཡོད་པ། ཞུ་བཅར་ལ་ཡོང་ཕྱིན་ངེས་པར་དུ་སྣེ་ལེན་བྱེད་པ། ལག་བསྟར་བྱས་ཕྱིན་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་གནས་ལུགས་ཡོད་ཀྱང་དངུལ་མེད་མཁན་ཞུ་གཏུག་རྒྱག་ཐུབ་པ་དང་། བདེན་པ་དང་དཔང་རྟགས་ཡོད་མཁན་གྱིས་ཞུ་གཏུག་ལས་རྒྱལ་ཐུབ་པ། ཞུ་གཏུག་ལས་རྒྱལ་བའི་དོ་བདག་ལ་དུས་ཐོག་ཏུ་ཁེ་དབང་ཐོབ་པ། ཁྲུན་གཅོད་ནོར་སྐྱོན་དངོས་གནས་ཡོད་པར་ཁྲིམས་ལུགས་ལྟར་ཡོ་བསྲང་ཐུབ་པ་བཅས་བྱས་ནས་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་བཞག་གི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་རྒྱུ།
ལྔ་ནི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་ལྟེ་བར་བཟུང་ནས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་གོང་མཐོར་གཏོང་རྒྱུ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། བཅོས་སྒྲིག་དོན་འཁྱོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུའི་ལས་ཀ་ཡག་པོ་སྒྲུབ་དགོས་ཤིང་། བྱེད་སྒོ་སྤེལ་ནས་ཐོབ་པའི་སློབ་གསོའི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་སྲ་བརྟན་དུ་བཏང་ནས་གཤམ་འོག་ཏུ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི་དང་སྨྲ་བ་གཉིས ”ཀྱི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་བཅས་གཏོང་ཤུགས་ཆེ་རུ་བཏང་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ལ་བློ་དཀར་སེམས་དཀར་དང་། མེས་རྒྱལ་ལ་བློ་དཀར་སེམས་དཀར། མི་དམངས་ལ་བློ་དཀར་སེམས་དཀར། བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བཅས་བྱེད་པའི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུ། ཆེས་མཐོའི་ཁྲིམས་ཁང་གི་དངོས་གཞི་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུའི་སྐོར་གྱི་བླང་བྱ་གཞིར་བཟུང་ལས་སྒོའི་རྩལ་ནུས་སྦྱོང་བརྡར་དང་། ནང་ཁུལ་གྱི་ལས་གནས་དང་སྦྱོང་བརྡར་རེས་སྐོར་བྱེད་ཤུགས་ཆེ་རུ་བཏང་ཐོག ལས་བྱེད་པ་དང་ཉེན་རྟོག་པར་ལས་རིགས་དང་། ཁྱབ་ཁོངས། སྡེ་ཚན་བཅས་ལས་བརྒལ་ནས་སྤེལ་རེས་སྦྱོང་བརྡར་དང་གོང་མངག་གཤམ་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྒྲིག་ལམ་དང་སྤྱོད་ཚུལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ཁྲིམས་ཁང་གི་ཉེས་གཅོད་འགོག་ཟོན་མ་ལག་འཛུགས་རྒྱུ་འཐུས་ཚང་དུ་གཏོང་དགོས་ཤིང་། འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆར་སྐབས་ཐོག་ཏུ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག “བཟོད་བསྲན་བྱེད་ཐབས་མེད་པའི ”རྣམ་འགྱུར་གྱི་ཐོག་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་བྱང་ཚད་མཐོ་བའི་ཁྲིམས་ཁང་གི་དཔུང་ཁག་ཅིག་གཏོད་གང་ཐུབ་བྱེད་རྒྱུ།
འཐུས་མི་རྣམ་པ། ལོ་གསར་པའི་ནང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རིམ་ཁག་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ནུས་ལྡན་ལྟ་སྐུལ། ཆེས་མཐོའི་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད་བཅས་ཀྱི་འོག ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་དམ་པ་དོན་གཉེར་དང་། ཞུམ་མེད་འབད་འབུངས། བློ་རྩ་བརྟན་པོས་བསྒྱུར་བཅོས། ཞུན་བརྡར་མདུན་སྐྱོད་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་སེམས་ཤུགས་ཡོད།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣