དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

            (2014ལོའི་ཟླ་1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ )

        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན 》དང་བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱས་པ་དང་། འབྲེལ་ཡོད་རིགས་གཅིག་མཁས་དབང་དང་སྡེ་ཚན་གྱི་བསམ་འཆར་ཉན་པ་དང་ཆབས་ཅིག་འཐུས་མི་ཚོགས་པ་ཁག་གི་ཞིབ་བཤེར་བསམ་འཆར་ཕྱོགས་བསྡུས་བྱས་ཏེ་བསྐྱར་དུ་ཞིབ་བཤེར་བྱས་པས། ད་ལྟ་ཞིབ་བཤེར་བྱས་འབྲས་སྙན་སེང་ཞུ་རྒྱུ་གཤམ་གསལ།

        གཅིག 2013ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྐོར།

        2013ལོར། ལྗོངས་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་11,348,103ཡིན་པ་དེ་ལོ་འགོའི་སྔོན་རྩིས་སྒོར་ཁྲི་7,739,411ལས་སྒོར་ཁྲི་3,608,692མང་དུ་སོང་ཡོད་པས་46.6%འཕར་ཡོད་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཆོག་མཆན་ཐོབ་པའི་སྔོན་རྩིས་འགྱུར་གྲངས་སྒོར་ཁྲི་10,211,127ལས་སྒོར་ཁྲི་1,136,976མང་དུ་སོང་ཡོད་པས་11.1%འཕར་ཡོད། དེའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་950,010བྱུང་ཡོད་པ་དང་། ལོ་འགོའི་སྔོན་རྩིས་ཀྱི་148.1%ལེཌ་གྲུབ་བྱུང་ཡོད་པས་ལོ་གོང་མའི་ངེས་རྩིས་གྲངས་ལས་སྒོར་ཁྲི་84,183མང་དུ་སོང་ཞིང་། 18.6%འཕར་ཡོད་པ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་10,143,103བཏང་ཡོད་པ་དེ་ལོ་འགོའི་སྔོན་རྩིས་ཀྱི་131.1%ལེགས་གྲུབ་ཟིན་ཡོད་པས་ལོ་གོང་མའི་ངེས་རྩིས་གཏོང་སྒོ་ལས་སྒོར་ཁྲི་1,089,719མང་དུ་སོང་ཞིང་། 12%འཕར་ཡོད་པ། གོང་འཕོས་གཏོང་སྒོ་སྒོར་ཁྲི་3,067ཡིན་པ་བཅས་གཏོང་ཡོང་མགོ་ཐུག་བཏང་བའི་ཐོག་ཕྱི་ལོར་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་སྒོར་ཁྲི་1,200,619འཐེན་རྗེས། ལོ་དེ་གར་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་1,314བྱུང་བས་གཏོང་ཡོང་མགོ་ཐུག་བྱུང་ཁར་ལྷག་འཕྲོས་ཕྲན་བུ་བྱུང་ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འབྱོར་སྟོབས་སྒོར་ཁྲི་446,457ཡིན་པ་དེ་ལོ་འགོའི་སྔོན་རྩིས་གྲངས་སྒོར་ཁྲི་233,190ལས་སྒོར་ཁྲི་213,267མང་དུ་སོང་ཡོད་པས་91.5%འཕར་ཡོད་ཅིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་130,619བྱུང་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་327,386བཏང་ཡོད། གཏོང་ཡོང་མགོ་ཐུག་བཏང་རྗེས་འཕྲོས་ལྷག་མ་དངུལ་སྒོར་ཁྲི་119,071ཡོད་པ་དེ་ཕྱི་ལོར་མུ་མཐུད་བེད་སྤྱོད་གཏོང་རྒྱུར་འཕྲོས་སྒྱུར་བྱས་ཡོད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་2013ལོར་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་ནོར་སྲིད་སྡེ་ཚན་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ཐོག གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམིགས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་མ་དངུལ་ཐོག་ནས་འགན་སྲུང་སྟོབས་ལྡན་བྱས་པ་དང་། ནོར་ཁྲལ་དང་སྔོན་རྩིས་ཀྱི་དོ་དམ་ལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་བཏང་སྟེ་ནོར་སྲིད་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བ། འཕྲོས་སྒྱུར་བྱས་པའི་མ་དངུལ་ལྷག་མ་བེད་སྤྱོད་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་དང་དོ་དམ་ཚད་ལྡན་བཟོ་རྒྱུར་སྔར་བས་ཤུཌ་སྣོན་བརྒྱབ་པ། སྔོན་རྩིས་གཏོང་སྒོའི་དོ་སྙོམས་རང་བཞིན་ཤུགས་ཆེར་གང་ཙམ་སོང་ཡོད་པ་བཅས་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྤྱིའི་ཆར་ཡག་པོ་བྱུང་ཡོད། འཕར་སྣོན་བརྟན་པོ་ཡོང་རྒྱུ་དང་། བརྟན་ལྷིང་འགན་སྲུང་བྱེད་རྒྱུ། དམངས་འཚོར་ཕན་སྦྱར་བྱེད་རྒྱུ་བཅས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། དུས་མཚུངས་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་འཁོར་སྐྱོད་དང་དོ་དམ་བྱེད་པའི་ནང་ད་དུང་འགལ་བ་དང་གནད་དོན་འགའ་ཞིག་ཡོད་པ་དེ་ཡང་གཙོ་གནད་གཏོང་སྒོའི་དགོས་མཁོ་མང་དུ་མི་གཏོང་ཀ་མེད་བྱུང་བར་བརྟེན་ལྗོངས་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གི་འགལ་ཟླ་མངོན་གསལ་དོད་པ་དང་མི་མངོན་པའི་ནོར་སྲིད་ཀྱི་ཉེན་ཁ་གནས་ཡོད་པ་དང་། སྔོན་རྩིས་ཀྱི་གཅུན་འདོམས་བྱེད་ཤུགས་ཆེན་པོ་མེད་པ། ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་གོང་མཐོར་གཏོང་དགོས་པ། ནོར་སྲིད་དོ་དམ་དང་བསྒྱུར་བཅོས་བྱེད་རྒྱུ་སྔར་བས་གཏིང་ཟབ་ཏུ་བཏང་ནས་ངེས་པར་དུ་འབད་བརྩོན་བྱས་ཏེ་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད།

        གཉིས། 2014ལོའི་སྔོན་རྩིས་འཆར་ཟིན་སྐོར།

        རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2014ལོའི་ལྗོངས་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་8,749,892ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་ལོ་གོང་མ་ལས་སྒོར་ཁྲི་1,081,838མང་དུ་བཏང་ཡོད་པས་16.7%འཕར་ཡོད་ཅིང་། དེའི་ནང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི་736,868ཡིན་པས་15%འཕར་ཡོད། ཀྲུང་དབྱང་གིས་གནང་བའི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་ཁྲི་6,812,405ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་986,299མང་དུ་བཏང་ཡོད་པས་16.9%འཕར་ཡོད། ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་ཁྲི་1,200,619ཡིན།

        སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་8,749,892བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་ཁྲི་4,469,954བཀོད་སྒྲིག་བྱས་ཡོད་པས་ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་ཁྲི་1,200,435འཐེན་རྗེས་ལོ་དེ་གའི་སྔོན་རྩིས་འབྱོར་སྟོབས་ཀྱི་43.3%ཟིན་ཞིང་། ས་གནས (གྲོང་ཁྱེར )རིམ་པའི་གཏོང་སྒོ་སྒོར་ཁྲི་4,279,938བཀོད་སྒྲིག་བྱས་ཡོད་པས་ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་ཁྲི་184འཐེན་རྗེས་ལོ་དེ་གའི་སྔོན་རྩིས་འབྱོར་སྟོབས་ཀྱི་56.7%ཟིན་ཡོད།

        ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་232,056བཀོད་སྒྲིག་བྱས་ཤིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་112,985ཡིན་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་སྒོར་ཁྲི་232,056བཀོད་སྒྲིག་བྱས་ཡོད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ནང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཡོད་པ་དང་། “ཡོང་སྒོར་བསྟུན་ཏེ་འགྲོ་སོང་གཏོང་བ་དང་། གཏོང་ཡོང་དོ་སྙོམས ”ཀྱི་རྩ་དོན་མཚོན་ཡོད་པ། ནོར་སྲིད་གཏོང་ཡོང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་ཡོང་འབབ་སྔོན་རྩིས་དགེ་མཚན་ལྡན་ལ་བརྟན་པོའི་ངང་བཀོད་སྒྲིག་བྱས་ཡོད། གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུའི་ཐད་ཁྲིམས་བཅད་ཀྱི་གཏོང་སྒོ་དང་དམངས་འཚོའི་གཏོང་སྒོ། དེ་བཞིན་གཙོ་གནད་འཛུགས་སྐྲུན་བཅས་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད། སྔོན་རྩིས་འཆར་ཟིན་དང་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་ཐད་ནོར་སྲིད་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་གནས་རང་བཞིན་རྒྱུན་འཁྱོངས་ཐུབ་ནས་སྔོན་རྩིས་ལེགས་སྒྲུབ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་སྤྱོད་འཐུས་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

        ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་《བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2014ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན 》ལ་ཆོག་མཆན་སྤྲོད་རོགས་ཞུ་རྒྱུ་དང་། 2014ལོའི་ནོར་སྲིད་འཆར་ཟིན་ལ་ཆོག་མཆན་སྤྲོད་རོགས་ཞུ་རྒྱུའི་གྲོས་འཆར་བཏོན་ཡོད།

        གསུམ། 2014ལོའི་སྔོན་རྩིས་དོན་འཁྱོལ་བྱེད་རྒྱུའི་གྲོས་འཆར་སྐོར།

        2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་འགོ་བརྩམས་པའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་དང་ལས་འགན་ཁག་ལེགས་སྒྲུབ་བྱེད་རྒྱུའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་འདི་ལོའི་ནོར་སྲིད་ལས་ཀ་ཡག་པོ་བསྒྲུབས་ཏེ་སྔོན་རྩིས་ཀྱི་ལས་འགན་ཁག་མངོན་འགྱུར་ཐུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། 2014ལོའི་སྔོན་རྩིས་དོན་འཁྱོལ་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་གཏོང་ཕྱིར་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྲོས་འཆར་འདོན་རྒྱུ་སྟེ།

        (གཅིག )ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་ཤུགས་རྒྱག་དགོས། རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར )ཀྱི་འབྱོར་སྟོབས་དེ་དོན་དག་གཅོད་དབང་དང་མཐུན་སྒྲིག་ཐུབ་པའི་ནོར་སྲིད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དང་གཙོ་རྐང་བྱེད་ནུས་ཁུལ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་བའི་སྤྱི་པའི་ནོར་སྲིད་མ་ལག་ཚགས་ཚུད་དུ་གཏོང་དགོས། མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བསྡུར་ཚད་མཐོ་རུ་བཏང་སྟེ་རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་དང་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་གྱི་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་ཀྱི་དོན་དག་གཅོད་དབང་དང་གཏོང་སྒོའི་འགན་འཁྲི་སྔར་བས་ཤུགས་ཆེར་བཏང་ཁར་སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྔོན་རྩིས་གཏོང་སྒོའི་ནུས་ཕྱོད་དོ་དམ་ལམ་ལུགས་ཚགས་ཚུད་དུ་བཏང་ནས་ནོར་སྲིད་སྔོན་རྩིས་དང་། ངེས་རྩིས། དེ་བཞིན “གཞུང་གྲོན་གསུམ ”བཅས་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་འདེད་བཏང་ཐོག སྡེ་ཚན་གྱི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་དང་། རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་བྱེད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་གི་ཉོ་སྒྲུབ་ལ་ལྟ་འདོམས་བྱེད་པའི་མ་ལག་དང་ལམ་སྲོལ་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱུ་ནོར་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོ་དགོས། ཁྲལ་འབབ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ས་གནས་ཀྱི་ཁྲལ་བསྡུའི་ལམ་ལུགས་ཀྱི་གྲུབ་ཚུལ་དང་ཁྲལ་རིགས་ཀྱི་ཁྱབ་བཀོད་སྔར་བས་ལེགས་སུ་བཏང་ཐོག ཡོང་འབབ་བགོ་སྒྲིག་བྱེད་རྒྱུའི་ཁྲོད་ཁྲལ་འབབ་ཀྱི་ཚོད་འཛིན་འགན་ནུས་ཆེ་རུ་གཏོང་དགོས། གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བའི་ཚོད་ལྟའི་ལས་རིགས་མང་དུ་གཏོང་དགོས། ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུ་ཚད་ལྡན་བཟོས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་གོང་འཕེལ་གཏོང་ཐུབ་པ་བྱེད་དགོས།

        (གཉིས ) ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུར་ཤུགས་རྒྱག་དགོས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་པའི་ནོར་སྲིད་ཀྱི་གཞི་རྩ་འགན་ལེན་དང་མཐའ་ཚད་འགན་ལེན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་རིགས་འདྲ་མིན་གྱི་ནོར་སྲིད་རང་བཞིན་གྱི་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཐོག དམངས་འཚོ་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་ནས “ཞིང་གསུམ ”སོགས་དམངས་འཚོའི་ཁྱབ་ཁོངས་ཐད་གཏོང་ཆ་མང་དུ་ཤུགས་ཆེ་གཏོང་དགོས། འབྱོར་སྟོབས་གཅིག་སྡུད་བྱས་ནས་གཙོ་གནད་རྣམ་གྲངས་དང་གཙོ་གནད་གཏོང་སྒོའི་མ་དངུལ་གྱི་དགོས་མཁོ་འགན་ལེན་ཐུབ་པ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུར་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་བསམ་པ་བརྟན་པོ་བཙུགས་ཏེ་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་ཤུགས་ཆེ་གཏོང་བ་དང་“གཞུང་གྲོན་གསུམ ”ཚོད་འཛིན་ནན་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་རྣམ་གྲངས། གཙོ་གནད་མ་དངུལ་བཅས་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་སྐྱོན་ཆད་མེད་པ་དང་ནུས་ཕྱོད་ལྡན་པའི་ངང་བེད་སྤྱོད་ཐུབ་པ་བྱེད་དགོས།

        (གསུམ )གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། ནོར་སྲིད་ནས་དམངས་འཚོ་སྔོན་ལ་འགན་སྲུང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། འབྱོར་སྟོབས་གཅིག་སྡུད་བྱས་ནས་དམངས་ལ་ཕན་པ་འདོགས་པའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་སློབ་གསོ་དང་། ལས་ཞུགས། ཡོང་འབབ་བགོ་འགྲེམས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་། བཟའ་བཅའི་བདེ་འཇགས། ཉེན་མེད་ཐོན་སྐྱེད། འབྱུང་ཁམས་སྲུང་སྐྱོབ་སོགས་ཀྱི་བྱ་གཞག་ཁག་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱོར། དགོན་པར་ཕན་འདོགས་པ་བཅས་ཀྱི་སྲིད་ཇུས་དང་། ཕན་སྐྱེད་ཆེ་བའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དང་། ཡོང་འབབ་བགོ་འགྲེམས་སྙོམས་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ཡོང་འབབ་དམའ་འབྲིང་ཁྱིམ་ཚང་གི་སྡོད་ཁང་དཀའ་ངལ་ཆུང་དུ་འགྲོ་བ་བྱེད་རྒྱུ། ནོར་ཁྲལ་སྲིད་ཇུས་ལ་བརྟེན་ནས་ཟོག་གོང་བརྟན་གནས་ཐུབ་པ་བྱེད་རྒྱུའི་ནུས་པ་འདོན་སྤེལ་བྱས་ཏེ་རིན་གོང་སྤྱིའི་ཆ་ནས་བརྟན་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་ཁེབས་རྒྱ་ཆེ་རུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་དང་། ས་ཁོངས་དང་རིགས་གྲས་མི་འདྲ་བའི་བར་ཆ་མཚུངས་ཅན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་བྱེད་རྒྱུ་རིམ་བཞིན་ཁྱབ་སྤེལ་གཏོང་རྒྱུ། དམངས་འཚོར་འགན་སྲུང་དང་ལེགས་སྒྱུར་གཏོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གོང་འཕེལ་གྱི་འབྲས་བུ་སྔར་བས་འདྲ་མཉམ་དང་། ནུས་ཕྱོད་ལྡན་པའི་ངང་རྒྱ་ཆེའི་མི་དམངས་ལ་ཐོབ་ཐུབ་པ་བཅས་བྱེད་དགོས།

        (བཞི )སྔོན་རྩིས་ངེས་གཏན་ནན་པོ་དང་སྔོན་རྩིས་ལག་བསྟར་ཚད་ལྡན་བཟོ་རྒྱུར་ཤུགས་རྒྱག་དགོས། མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཆོག་མཆན་གནང་བའི་ལོ་འགོའི་སྔོན་རྩིས་ལག་བསྟར་ནན་པོ་བྱས་ནས་སྔོན་རྩིས་ཀྱི་གཅུན་འདོམས་ནུས་པ་དང་ལོ་འགོའི་སྔོན་རྩིས་དོན་འཁྱོལ་བྱེད་ཚད་མཐོ་རུ་བཏང་སྟེ་ནོར་སྲིད་མ་དངུལ་འཁོར་རྒྱུག་བྱེད་པའི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ། སྔོན་རྩིས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་གསར་སྣོན་མ་དངུལ་དང་འབབ་བརྒལ་ཡོང་འབབ་ལོ་དེ་རང་ལ་བཀོད་སྒྲིག་དང་བེད་སྤྱོད་གཏོང་དགོས་ངེས་ཡིན་ན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་དགོས། སྔོན་རྩིས་ལག་བསྟར་དོ་དམ་བྱེད་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་སྔོན་རྩིས་ལག་བསྟར་བྱེད་རྒྱུར་སྐབས་ཐོག་ལྟ་སྡོམ་བྱས་ནས་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་ཉེན་ཁ་འགོག་སེལ་བྱེད་རྒྱུར་དོ་སྣང་བྱེད་རྒྱུ། ལྟ་སྐུལ་བྱེད་སྟངས་ལེགས་བཅོས་དང་། ལྟ་སྐུལ་གྱི་ཕན་འབྲས་དངོས་མཐོར་གཏོང་། སྔོན་རྩིས་དོན་འཁྱོལ་བྱེད་པའི་ཚད་ལྡན་རང་བཞིན་དང་། སྔོན་རྩིས་ལྟ་སྐུལ་གྱི་སྒམ་ནན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔོན་རྩིས་མ་དངུལ་ཁྲིམས་དང་མཐུན་ཞིང་ནུས་ལྡན་གྱིས་བེད་སྤྱོད་གཏོང་རྒྱུར་འགན་སྲུང་བྱས་ནས་བྱ་གཞག་ཁག་གོང་འཕེལ་གང་མགྱོགས་གཏོང་རྒྱུ། ལོ་འཁོར་བརྒལ་བའི་སྔོན་རྩིས་ཀྱི་སྙོམས་སྒྲིག་ལམ་སྲོལ་འཛུགས་པ་དང་། སྲིད་གཞུང་གི་ནོར་དོན་སྙན་ཞུའི་ལམ་ལུགས་རིམ་བཞིན་བཙུགས་ཏེ་ནོར་སྲིད་ཀྱི་ཉེན་བརྡ་གཏོང་ལམ་འཐུས་ཚང་དུ་གཏོང་དགོས། གོང་གསལ་གྱི་སྙན་ཞུར་གྲོས་ཞིབ་ཡོད་པ་ཞུ།

        (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།