དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་ཕྱོཌ་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་ཕྱོཌ་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

            འཐུས་མི་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་ཚོགས་འདུའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ།

          གཅིག 2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

        ལོ་གཅིག་གི་ཚུན་དུ་ང་ཚོས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་བྱས་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་མ་འཇོག་ལ་སྐུལ་སྤེལ་གཏོང་རྒྱུ་མངོན་ཆེར་བཞག་པ་དང་། འཛད་སྤྱོད་ཀྱི་སྐུལ་སྤེལ་བརྟན་དུ་གཏོང་བ། གྲུབ་ཆ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ། དམངས་འཚོ་ལེགས་བཅོས་ལ་དོ་སྣང་བཅས་བྱས་པར་བརྟེན་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་ཐབས་རྒྱུན་འཁྱོངས་ཐུབ་པ་བྱུང་ཡོད། སྔོན་དཔག་ལྟར་ན། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་802ཟིན་ནས་12.5%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་86.44ཟིན་ནས་3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་287.23ཟིན་ནས་18.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་428.5ཟིན་ནས་10.6%འཕར་བ་བཅས་བྱུང་ཡོད། དཔལ་འབྱོར་འཁོར་རྒྱུག་ཐད “བརྟན་པོ་གཅིག་དང་། མགྱོགས་པ་གཉིས། ཆེ་བ་གསུམ། ལེགས་འགྱུར་བཞིའི ”ཁྱད་ཆོས་ལྡན་ཡོད།

        བརྟན་པོ་གཅིག་ནི། དཔལ་འབྱོར་མུ་མཐུད་12%ཡན་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། ཟོག་གོང་3.5%ནང་ཚུན་དུ་ཚོད་འཛིན་བྱས་པ། གྲོང་ཁྱེར་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་བཅས་བྱས་ཡོད་པས་གཙོ་བོའི་སྟོན་གྲངས་རྣམས་ལུགས་མཐུན་ངང་འཁོར་རྒྱུག་ཐུབ་པ་བྱུང་བ་དེ་ཡིན།

        མགྱོགས་པ་གཉིས་ནི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་དེ་དུས་ཚིགས་བཞི་བསྟུད་མར་གྲངས་གནས་གཉིས་འཕར་བརྟན་པོ་བྱུང་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་དངུལ་སྨར་སྒོར་20192ཟིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་6520ཟིན་ནས་ཁག་སོ་སོར་11%དང་14%འཕར་ཡོད་པས་འཆར་གཞིའི་དམིགས་ཚད་ལས་བརྒྱ་ཆའི་གནས་3དང་1མཐོ་བ་བྱུང་ཡོད་པ་དེ་ཡིན།

        ཆེ་བ་གསུམ་ནི། རྒྱལ་ཁབ་ནས་མ་རྩ་འཇོག་ཤུགས་ཆེ་རུ་ཕྱིན་པ་དང་། ནོར་སྲིད་གཏོང་སྒོའི་གཞི་ཁྱོན་ཆེ་རུ་ཕྱིན་པ། ཡིད་རྟོན་དངུལ་བུན་གཏོང་འབོར་ཆེ་རུ་ཕྱིན་པ་བཅས་བྱུང་ཞིང་། “ལོ་ལྔ་ཚན་བཅུ་གཉིས ”པར་རྒྱལ་ཁབ་ནས་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་1084.9དོན་འཁྱོལ་བྱུང་བ་དང་། ལོ་འཁོར་མོའི་ནོར་སྲིད་ནས་གཏོང་སྒོ་སྒོར་དུང་ཕྱུར་1000ལས་བརྒལ་བ། དངུལ་བུན་ཁག་གི་ལྷག་འཕྲོས་སྒོར་དུང་ཕྱུར་1000ལས་བརྒལ་ཡོད་པ་བཅས་ཡིན།

        ལེགས་འགྱུར་བཞི་ནི། གོང་འཕེལ་གྱི་བསམ་ཕྱོགས་དང་། དམངས་འཚོའི་སྲིད་ཇུས། ཐོན་ལས་གྲུབ་ཆ། ཁོར་ཡུག་ཆ་རྐྱེན་བཅས་རྒྱུན་ཆད་མེད་པར་ལེགས་འགྱུར་བྱུང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས “འཛིན་ཐབས་དྲུག ”དང་། “བྱ་ཐབས་དྲུག ”“མཐའ་ཚད་གསུམ ”བཅས་སྔར་བས་ཁ་གསལ་བཟོས་ཏེ། ཆེད་དོན་འཆར་འགོད་ཆེན་པོ་དྲུག་བཟོ་སྒྲིག་བྱེད་འགོ་བཙུགས་པ། ཐོན་ལས་ཁག་གསུམ་གྱི་གྲུབ་ཆ་ལེགས་འགྱུར་བྱུང་ཚད་དེ་10.8∶35.8∶53.4བཅས་ཡིན་ཞིང་། ཐོན་ལས་དང་པོའི་བསྡུར་ཚད་བརྒྱ་ཆའི་གྲངས་གནས་0.7དམའ་རུ་ཕྱིན་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི་གྲངས་གནས་1.3མཐོ་རུ་ཕྱིན་ཡོད་པ། ཁོར་ཡུག་ཆ་རྐྱེན་སྔར་བས་ལེགས་བཅོས་ཐུབ་པ་བཅས་བྱུང་ཡོད།

        (གཅིག )ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ཡོད།

        ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་ངོ་རྒྱུན་མཐུད་བཟང་པོ་བྱུང་ཡོད། ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་180ཟིན་པ་དང་། ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་96ཟིན་པ། འཆར་གཞིའི་དམིགས་ཚད་ལས་ཀྲོན་ཁྲི་1བརྒལ་ཡོད། པད་ཁ་ཀྲོན་ཁྲི་6.9དང་སྔོ་ཚལ་ཀྲོན་ཁྲི་80ཟིན་ནས་འཕར་ཚད་9.5%དང་21.9%འཕར་ཡོད་པ་དང་། ཤ་རིགས་ཀྲོན་ཁྲི་32དང་དཀར་ཆུ་ཀྲོན་ཁྲི་36ཟིན་ནས་འཕར་ཚད་10.5%དང་13.6%འཕར་ཡོད་པ། ཕྱུགས་ལས་ཀྱིས་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་འབོར་རིན་ཐང་བསྡུར་ཚད་50%ཡན་ཟིན་ཡོད། ནས་སྤུས་ལེགས་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་25བཀོད་སྒྲིག་བྱས་ཏེ “བོད་ནས་2000”རྟགས་ཅན་མུའུ་ཁྲི་10.6འདེབས་པ་དང་། བ་གླང་མགོ་གྲངས་ཁྲི་17.5རྒྱུད་པ་བཟང་དུ་གཏོང་རྒྱུའི་དཔེ་སྟོན་ཁྱབ་གདལ་བཏང་ཡོད། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་21.2ཟིན་ནས་10.4%འཕར་ཡོད་པ་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་36.5%ཟིན་པ་བཅས་བྱུང་ཡོད།

        རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་བྱུང་ཡོད། རང་འགུལ་གྱིས་བྱ་སྤྱོད་སྤེལ་བ་དང་བརྩོན་ལེན་ཧུར་ཐག་བྱས་ཏེ་རྣམ་གྲངས་ཁག་གི་སྔོན་གྲབས་ལས་དོན་དང་གནས་སྨིན་ཡོང་རྒྱུར་དམ་འཛིན་བྱས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་910ཟིན་ནས་28%འཕར་ཡོད་པ་དང་། རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་380དོན་འཁྱོལ་བྱས་ནས་མ་འཇོག་བྱེད་ཚད་30%འཕར་ཡོད་པ། རྣམ་གྲངས “226”ནང་ནས་188ཨར་སྐྲུན་ལས་འགོ་ཚུགས་ཟིན་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་ཇུས་བཀོད་ཀྱི་དུས་འབྲིང་ཚོད་སྐོར་སྔོན་རྩིས་ནང་ཀྲུང་དབྱང་སྔོན་རྩིས་ནས་མ་འཇོག་སྒོར་དུང་ཕྱུར་102འཕར་སྣོན་བྱས་ཡོད་པ། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་དུམ་མཚམས་རྒྱ་སྐྱེད་བསྒྱུར་བཅོས་བྱེད་རྒྱུའི་ལས་གྲྭར་སྐུལ་འདེད་ཇེ་མགྱོ གས་སུ་བཏང་བ་དང་། ལྷ་གཞིས་ལྕགས་ལམ་གྱི་ལམ་ལྕགས་འདིང་རྒྱུ་ལེགས་གྲུབ་བྱུང་བ། ལྷ་ཉིང་ལྕགས་ལམ་གྱི་ཆོག་འཐུས་ཞིབ་འཇུག་བྱས་འབྲས་སྙན་སེང་ཞུ་བར་ཆོག་མཆན་ཐོབ་པ། མེ་ཏོག་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་བཅས་བྱུང་བ་དང་། རྒྱལ་ལམ་219ཡི་བོད་ལྗོངས་དུམ་མཚམས་སྣུམ་ནག་ཅན་དུ་འགྱུར་བ། ལྷ་ཉིང་རིམ་མཐོའི་གཞུང་ལམ་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་། བྲག་ཡིབ་ནས་ཀོང་པོ་རྒྱ་མདའ་བར་གྱི་གཞུང་ལམ་ཨར་སྐྲུན་ལས་གྲྭ་སྤེལ་འགོ་ཚུགས་པ། རྔ་ཆེན་ཟམ་ཆེན་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་ཁག་3དང་ཤང་གྲོང་ཁག་18གསར་འཕར་བྱུང་བ་བཅས་ཡིན། གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་ཁག་5འཛུགས་སྐྲུན་གྱི་སྔོན་གྲབས་ལས་ཀ་རྩ་བའི་ཆར་ལེགས་གྲུབ་བྱུང་བ། ལ་ལྷོ་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་སྒྲིག་གི་ཞིང་ཆུ་གཏོང་ཁུལ་གྲ་སྒྲིག་ཨར་སྐྲུན་ལས་འགོ་ཚུགས་ཟིན་པ་དང་། ཕོད་མདོ་ཆུ་བེད་ལྟེ་གནས་ལས་གྲྭའི་འཁོར་ཁང་དང་པོ་ནས་གློག་གཏོང་འགོ་ཚུགས་པ། བོད་དཀྱིལ་རྒྱུད་ཀྱི་ཆན་ཝ་ཁྲི་10ཡོད་པའི་འོད་ཤུགས་གློག་ཁང་དྲ་འབྲེལ་འཛུགས་སྐྲུན་ཟིན་ནས་གློག་གཏོང་ཐུབ་པ། ལྷ་སའི་LNGསོལ་རླངས་ས་ཚུགས་དང་བོད་ཀྱི་མཇུག་སྣེའི་འདོན་འཇུག་སྣུམ་མཛོད་སྐྲུན་ཟིན་པ། མངའ་རིས་ཀྱི་འཕྲལ་མཁོའི་གློག་རྒྱུན་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ། ཁྲོན་བོད་དྲ་འབྲེལ་ལས་གཞིའི་ལས་འགོ་འཛུགས་སྐྲུན་ཟིན་པ། རྫམ་གློག་ཁང་དང་། གོ་དོག་གློག་ཁང་། ཇོ་པ་གློག་ཁང་། མངའ་རིས་ཀྱི་འོད་ཤུགས་དྲ་སྦྲེལ་གློག་ཁང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ། ཡར་ལུང་ཆུ་མཛོད་དང་ཉང་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་སྤེལ་འགོ་བཙུགས་པ། རྒྱ་ཚྭ་དང་། དྭགས་པོ། སོལ་བ་ལུང་བཅས་ཀྱི་གློག་ཁང་འཛུགས་སྐྲུན་བྱེད་རྒྱུའི་གྲ་སྒྲིག་ལས་གཞི་སྤེལ་འགོ་ཚུགས་པ་དང་། གཙང་ཆུ་རྒྱུག་ཁུལ་གཙོ་བོའི་གློག་ཁང་སྐྲུན་རྒྱུའི་འཆར་འགོད་ལས་ཀ་ཕྱོགས་ཡོངས་ནས་སྤེལ་ཡོད། གློག་དྲ་གཙོ་བོ་དང་གློག་མེད་ས་ཁུལ་ལ་གློག་ཤུགས་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་40བཏང་ཡོད། ལྗོངས་ཡོངས་ལ་གློག་ཤུགས་སྤྱིའི་ཤོང་ཚད་ཆན་ཝ་ཁྲི་128ཟིན་ཡོད། དམངས་སྤྱོད་མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་ཁག་29ཡོད་པ་དང་མཁའ་ལམ་48མང་དུ་ཕྱིན་ཡོད། ཆབ་མདོའི་སྤོམ་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་བསྒྱུར་བཅོས་བྱས་པ་དང་། ནག་ཆུའི་གནམ་ཐང་གསར་སྐྲུན་ལས་གཞིའི་སྔོན་གྲབས་ལས་ཀ་འཕེལ་རིམ་བདེ་བླག་བྱུང་བ། ལྗོངས་ཡོངས་ཀྱི་གྲོང་ལས་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་38.7དོན་འཁྱོལ་ལེགས་གྲུབ་བྱུང་བ་དང་། ལྷ་ས་གྲོང་ཁུལ་རྙིང་པ་བསྒྱུར་བཅོས་ལེགས་གྲུབ་ཟིན་པ། གྲོང་ཁྱེར་ཡོངས་ལ་རྩ་བའི་ཆ་ནས་དྲོད་གཏོང་ཁེབས་ཐུབ་པ་བྱུང་བ། ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་བསྒྱུར་བཅོས་དང་ཁུལ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ། ནག་ཆུ་གྲོང་རྡལ་གྱི་དྲོད་གཏོང་དང་། ཆུ་འདྲེན་དང་བཙོག་ཆུ་གཙང་སེལ་བྱེད་རྒྱུ་སོགས་ཀྱི་གྲོང་དོན་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཡོད།

         (གཉིས ) ཁྱད་ལྡན་ཐོན་ལས་དང་འབྱུང་ཁམས་ཤེས་དཔལ་ལྡན་པ་འཛུགས་སྐྱོང་བྱེད་རྒྱུ་དེ་བས་མངོན་ཆེར་བཟུང་ཡོད།

        བཟོ་ལས་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་བྱུང་བ། ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་ཁྲི་2དོན་འཁྱོལ་བྱས་ཡོད་པ་དང་ཐོན་ལས་རོགས་སྐྱོར་གྱི་རྣམ་གྲངས་ཁག་42ལག་བསྟར་བྱས་ཡོད། བཟོ་ལུང་མདོའི་ཞ་ཉེ་དང་ཏི་ཚའི་གཏེར་ཁ་སྔོག་འདོན་བྱེད་སའི་ལས་གྲྭ་དང་། ངང་པ་ཆིག་ཐུབ་བཟོ་སྣོན་ཞིབ་ཚགས་རྟེན་གཞི་སོགས་རྣམ་གྲངས་ཁག་28ཀྱི་ལས་གྲྭ་ལེགས་གྲུབ་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ནས་དང་གྲོ་བཟོ་སྣོན་ཞིབ་ཚགས་བྱས་པའི་མུ་འབྲེལ་ཐོན་རྫས་གསར་སྤེལ་བྱེད་པ་སོགས་རྣམ་གྲངས་ཁག་9ལེགས་གྲུབ་ཟིན་ཡོད། བོད་མཚོ་བཟོ་ལས་སྡེ་གླིང་གི་སྤྱིའི་འཆར་འགོད་བཟོ་སྒྲིག་ལེགས་གྲུབ་བྱུང་བ་དང་། སྡེ་གླིང་གི་འགྲོ་ལམ་ཆ་ཤས་འཛུགས་སྐྲུན་སྤེལ་འགོ་ཚུགས་ཟིན་ཞིང་། ཁེ་ལས་ཁག་གཅིག་སྡེ་གླིང་དུ་འཛུལ་ཞུགས་གཏན་འཁེལ་བྱས་པ་དང་སྦྲགས་རྣམ་གྲངས་ལག་ལེན་བསྟར་འཐུས་ཀྱི་དབྱེ་ཞིབ་སྙན་ཞུའང་ལེགས་གྲུབ་བྱུང་ཡོད་པ་དེའི་ཐད་མ་འཇོག་སྒོར་དུང་ཕྱུར་120གཏོང་རྩིས་ཡོད། སྔོན་དཔག་ལྟར་ན་ལྗོངས་ཡོངས་སུ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་26བཏང་བ་དང་། ལྗོངས་ཕྱི་ནས་གློག་འདྲེན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་7.5བཏང་བས་སྤྱི་ཚོགས་ཡོངས་ལ་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་33.5ཟིན་ཡོད། དུས་ཚིགས་རང་བཞིན་གྱི་གློག་མི་ལྡེང་བའི་རྐྱེན་གྱིས་བཟོ་ལས་ཐོན་སྐྱེད་ཀྱི་འཕར་ཤུགས་ལྷོད་དུ་སོང་ཡོད་ཅིང་། ལྗོངས་ཡོངས་ཀྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་62ཟིན་ཞིང་13.4%འཕར་ཡོད།

        ཡུལ་སྐོར་ལས་རིགས་ཀྱིས་སྣེ་འདྲེན་བྱེད་པའི་ཞབས་ཞུའི་ལས་རིགས་གོང་འཕེལ་མགྱོགས་སུ་ཕྱིན་པ། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1290ལ་སྣེ་ལེན་ཞུས་ཡོད་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་165མངོན་གྱུར་བྱུང་ནས་ཁག་སོ་སོར་21.9%དང་30.4%འཕར་ཡོད། ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་། ཉིང་ཁྲི་འབྱུང་ཁམས་ཡུལ་སྐོར་ཁུལ་ཆེན་པོ་གོང་འཕེལ་མགྱོགས་སུ་བཏང་ཁར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་གསར་སྤེལ་བདེ་བླག་བྱུང་ཡོད། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་4358དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཀྲོན་ཁྲི་1240ཟིན་པས་ཁག་སོ་སོར་16.6%དང་19%འཕར་ཡོད། ལྕགས་ལམ་གྱིས་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་219.9དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཀྲོན་ཁྲི་405.2ཟིན་པས་ཁག་སོ་སོར་10%དང་15.8%འཕར་ཡོད། མཁའ་འགྲུལ་གྱི་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་273དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཀྲོན་ཁྲི་2.2ཟིན་པས་ཁག་སོ་སོར་23.1%དང་33.3%འཕར་ཡོད། ཞིང་ཁྲོམ་ཐད་འབྲེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཁྱིམ་ཚོང་ཁང་ཁག་1400དང་། ཤང་དང་གྲོང་རྡལ་གྱི་དཔལ་འབྱོར་ཉོ་ཚོང་ཞབས་ཞུའི་ལྟེ་གནས་ཁག་40གསར་རྒྱག་བྱས་པ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་289ལེགས་གྲུབ་བྱུང་ནས་16%འཕར་ཡོད།

        འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། བོད་ཀྱི་རྒྱལ་ཁབ་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ཇེ་མགྱོགས་སུ་བཏང་སྟེ་མ་དངུལ་སྔ་ཕྱི་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་48.2དོན་འཁྱོལ་བྱས་ཡོད། ནགས་ལས་ཐད་མ་དངུལ་སྒོར་དུང་ཕྱུར་17བཏང་ནས་ནགས་སྐྱོང་ནགས་གསོ་མུའུ་ཁྲི་104བྱས་ཡོད། ཉིང་ཁྲིའི་རྒྱལ་ཁབ་རིམ་པའི་འབྱུང་ཁམས་ཁུལ་གསར་གཏོད་ལས་དོན་ལ་འཕེལ་རིམ་ཆེན་པོ་བྱུང་བ་དང་། གྲོང་ཚོ་305རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་གྲོང་ཚོར་དཔྱད་འདེམས་བྱུང་བ་དང་། ཤང་དང་གྲོང་རྡལ་28རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་ཤང་དང་གྲོང་རྡལ་ལ་དཔྱད་འདེམས་བྱས་ཡོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་དང་གཏེར་ཁའི་ཐོན་ཁུངས་རྩད་བཤེར་གསར་སྤེལ་ལྟ་སྐུལ་དོ་དམ་བྱ་ཐབས་འགྲེམ་བསྒྲགས་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་སྨན་རྫས་ཟོག་རོ་གཙང་སེལ་ལྟེ་གནས་དང་རྩེད་ཐང་གྲོང་རྡལ་གྱི་བཙོག་ཆུ་དྭངས་གསེད་བཟོ་གྲྭ་བཙུགས་པ་དང་། གཞིས་རྩེ་གྲོང་ཁྱེར་དང་། བྲག་ཡིབ་གྲོང་རྡལ། ནག་ཆུ་གྲོང་རྡལ། སེང་གེ་ཁ་འབབ་གྲོང་རྡལ་བཅས་ཀྱི་བཙོག་ཆུ་དྭངས་གསེད་བཟོ་གྲྭ་བཙུགས་འགོ་ཚུགས་ཡོད། སྤྱི་འབོར་སྒོར་ཁྲི་7400ཡི་བྱ་དགའི་མ་དངུལ་བཟོས་ནས་ཁོར་ཡུག་སྲུང་སྐྱོང་ལ་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་བཙུགས་ཡོད། ཁོར་ཡུག་ཐད་ཀྱི་ཚད་གཞི་ནན་པོ་བཟོས་ཏེ “ཆེ་གསུམ ”གྱི་ལས་རིགས་ཚོད་འཛིན་མཐའ་གཅིག་ཏུ་བྱས་ནས་རྗེས་ལུས་ཀྱི་ཨར་འདམ་ཐོན་ནུས་ཀྲོན་ཁྲི་20གྲལ་འབུད་བཏང་བ། ནུས་རྒྱུ་སྲི་ཚགས་ཀྱི་ཐན་ཉུང་བྱེད་སྒོ་སྤེལ་མཁན་ཁེ་ལས་ཁག་8ལ་རང་སྐྱོང་ལྗོངས་ནུས་རྒྱུ་སྲི་ཚགས་ཀྱི་དཔྱད་ཞིབ་ཚད་བསྡུར་ཚད་གཞི་ལོན་ཐུབ་པ་དང་། རྩིས་གཞི་རེའི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་གྲོན་དང་སྦགས་བཙོག་སྐྱོན་དངོས་རིགས་གཙོ་བོ་བཤངས་གཏོང་བྱེད་ཚད་དེ་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཚུད་དུ་ཚོད་འཛིན་བྱས་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་བསམ་འཆར་དོན་འཁྱོལ་ཧུར་ཐག་བྱས་ནས་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་བྱ་དགའ་དང་ནགས་ཚལ་འབྱུང་ཁམས་ཕན་འབྲས་ཀྱི་སྐྱོང་གསབ་མ་དངུལ་སོགས་སྒོར་དུང་ཕྱུར་28.3དོན་འཁྱོལ་བྱས་ཡོད། གཙོ་རྐང་བྱེད་ནུས་ཐོན་ཁུལ་འབྱུང་ཁམས་ཐད་མ་དངུལ་སྒོར་དུང་ཕྱུར་9སྒྱུར་སྤྲོད་དོན་འཁྱོལ་བྱས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དེ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུའི་སྔོན་གྲབས་ཚོད་སྐོར་ཐོབ་ཡོད།

          (གསུམ ) དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་གོང་མཐོར་བཏང་བ།

        དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བྱས་ཡོད། ལོ་སྟོད་དུ་དམངས་ལ་ཕན་པ་འདོགས་པའི “དངོས་དོན་ཁག་བཅུ ”སྒྲུབ་པ་དང་། “དམངས་འཚོའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཁག་18”སྤར་བ། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞིའི་འཛུགས་སྐྲུན་ལས་འགན་ཁག་རྩ་བའི་ཆར་ལེགས་གྲུབ་བྱུང་ཞིང་། ཁྱིམ་དུད་ཁྲི་46.03དང་ཞིང་འབྲོག་མང་ཚོགས་ཁྲི་230བདེ་འཇགས་གོ་ཆོད་ཁང་གསར་ནང་སྡོད་ཐུབ་པ་བྱུང་ཡོད། “བརྒྱད་འཛོམས་ཞིང་དུད ”ལས་གཞིར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བའི་ཁར། ཞིང་འབྲོག་མང་ཚོགས་ཁྲི་23.1དང་གྲོང་གསེབ་ཀྱི་སློབ་གྲྭའི་དགེ་སློབ་ཁྲི་5.13གྱི་འཐུང་ཆུའི་གནད་དོན་ཡང་ཐག་གཅོད་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུ་གཙང་མའི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། གློག་མེད་པའི་མི་འབོར་དང་། གྲོང་ཚོ་རིམ་པའི་སྤྱི་པའི་འདུ་འཛོམས་བྱེད་ས། སློབ་གྲྭ དགོན་པ། གཞུང་ལམ་བདག་སྐྱོང་བཅས་ཀྱི་གློག་སྤྱོད་གནད་དོན་རྩ་བའི་ཆར་ཐག་གཅོད་བྱུང་ཡོད། སྡེབ་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་ཁྲི་25ཡི་དུད་སྤྱོད་རྫབ་རླངས་རྫིང་བསྐྲུན་ཟིན་ནས། ཞིང་འབྲོག་མང་ཚོགས་ཁྲི་100ལྷག་ཙམ་གྱིས་ནུས་རྒྱུ་གཙང་མ་སྤྱོད་ཐུབ་པ་བྱུང་ཡོད། གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་5288ཟིན་ཡོད། ལྗོངས་ཡོངས་ཀྱི་99.7%གྱི་ཤང་གྲོང་དང་། 97.4%ཡི་སྒྲིག་ཁོངས་གྲོང་ཚོ། 90.3%གྱི་དགོན་པ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། 50.7%གྱི་ཤང་གྲོང་ལ་སྣུམ་ནག (ཨར་འདམ )ལམ་ཤར་གཏོང་ཐུབ་པ། ཤང་གྲོང་ལ་འཕྲིན་གཏོང་ཐུབ་ཚད་དང་། འོད་སྐུད་འཁྲིད་ཚད། དྲ་ཆེན་འཁྲིད་ཚད་བཅས་ཁག་སོ་སོར་94.6%དང་། 97.5% 100%བཅས་ཟིན་ཡོད། སྲིད་འཛིན་གྲོང་ཚོར་མི་འཚོ་སྡོད་བྱེད་སའི་ཁོར་ཡུག་ཁག་1000སྐྲུན་ཡོད། དབུལ་སྐྱོར་རྣམ་གྲངས་ཁག་2025ལག་བསྟར་བྱས་ནས་དབུལ་སྐྱོར་བྱ་ཡུལ་མི་གྲངས་ཁྲི་12.8ཉུང་དུ་བཏང་ཞིང་། དབུལ་སྐྱོར་བྱ་ཡུལ་དེ་ཞིང་འབྲོག་ཁུལ་གྱི་མི་འབོར་སྤྱིའི་བསྡུར་ཚད་ཀྱི་18.7%དུ་ཆག་ཡོད། དབུལ་སྐྱོར་བྱ་ཡུལ་དང་ཞིང་ལས་གསར་སྤེལ་ཁུལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་གྱི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་བཅས་བྱུང་ཡོད།

        སློབ་གསོའི་བྱ་གཞག་སྔོན་དུ་གོང་འཕེལ་བཏང་བ། སྐད་གཉིས་སློབ་གསོའི་ལས་དོན་སྤེལ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་2.2དོན་འཁྱོལ་བྱས་ནས་སྐད་གཉིས་བུ་བཅོལ་ཁང་ཁག་209གསར་དུ་སྐྲུན་པའི་ཁར། མཐོ་རིམ་སློབ་འབྲིང་ཁག་10བསྐྱར་བཟོ་རྒྱས་སྐྲུན་བྱས་པ་དང་། སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་མ་ཁྲི་30ཙམ་གསར་རྒྱག་རྒྱས་སྐྲུན་བྱས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.6དོན་འཁྱོལ་བྱས་ནས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཁག་3དང་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་མ་ཁྲི་5ལྷག་ཙམ་གསར་དུ་བསྐྲུན་པ། སློབ་གྲྭ་འབྲིང་ཆུང་དུ་ཉི་ནུས་གཟུགས་འཁྲུ་ཁང་ཁག་63གསར་དུ་བསྐྲུན་པ། མཐའ་མཚམས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་གནས་པའི་སློབ་གྲྭ་ཁག་115ཡི་དགེ་རྒན་གྱི་སྡོད་ཤག་བསྐྲུན་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.9བཏང་ནས་དགེ་རྒན་ལ་མདོ་སྦུག་རང་འགྲིག་གི་ཉལ་ཁང་ཁག་1465གསར་དུ་བསྐྲུན་པ། ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་13.81དོན་འཁྱོལ་བྱས་ཏེ “འགན་ལེན་གསུམ ”དང་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེ་སློབ་མ་རེར་ཆ་སྙོམས་སྒོར་2700ལ་སྤར་ཞིང་། སློབ་ཕྲུག་ཁྲི་52ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཞིང་འབྲོག་ཁུལ་གྱི་འགན་བབས་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་རྒྱུའི་ཐད་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་1.25དོན་འཁྱོལ་བྱས་ཏེ་སློབ་མ་ཁྲི་21ལ་ཕན་པ་ཐོབ་ནས་ཐོབ་ཚད་100%ཟིན་ཡོད། སྣེ་གདོང་རྫོང་དང་ཆུ་ཤུར་རྫོང་གཉིས་ཀྱིས་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་བཏང་བས་རྒྱལ་ཁབ་ཀྱི་ལྟ་སྐུལ་སློབ་སྟོན་དང་ཚོད་སྐོར་ཞིབ་བཤེར་རྩིས་འཕྲོད་ཐུབ་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་མཐོ་རིམ་སློབ་རྒྱུགས་ཀྱི་སློབ་བསྡུའི་བསྡུར་ཚད་60%འཕར་ཡོད། བོད་ལྗོངས་སློབ་ཆེན་འདི་ཉིད་མཁས་རམས་པའི་ཡོན་ཚད་སྤྲོད་མཁན་ཚན་པར་དངོས་སུ་གཏན་འཁེལ་བྱུང་བ། སྔ་ཕྱི་བསྡོམས་པས་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་ལ་ཞུགས་ཚད་དེ་51.98%ཟིན་པ་དང་། སློབ་ཆུང་ལ་ཞུགས་ཚད་དེ་99.59%ཟིན་པ། འབྲིང་རིམ་སློབ་གྲྭར་ན་འདྲེས་སློབ་ཞུགས་བྱེད་ཚད་དེ་98.75%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་དེ་72.23%བཅས་ཟིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་ངལ་རྩོལ་མི་འབོར་གྱི་ཆ་སྙོམས་སློབ་གསོ་ལེན་པའི་ལོ་ཚད་དེ་ལོ་8.4ཟིན་ཡོད།

        སྨན་བཅོས་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་བཏང་བ། འཕྲོད་བསྟེན་གྱིས་དམངས་ལ་ཕན་པ་འདོགས་པའི་ལས་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྒྱུན་མཐུད་ཡོངས་ཁྱབ་ཐུབ་པ་བྱས་ནས་ཞིང་འབྲོག་མང་ཚོགས་མི་སྒེར་གྱིས་མ་དངུལ་གྲབས་གསོག་བྱེད་རྒྱུའི་ནང་ཞུགས་ཚད་དེ་96.23%ཟིན་ཞིང་། སྲིད་གཞུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་2012ལོའི་མི་རེར་ཆ་སྙོམས་སྒོར་300ནས་སྒོར་340ལ་སྤར་ཡོད། ཕྲུ་གུ་དབང་སྐྱོན་ཅན་གྱི་རིགས་མི་སྐྱེ་བའི་རིམ་པ་དང་པོའི་ཐེ་ཇུས་ཚོད་ལྟ་སྤེལ་འགོ་བཙུགས་པ་དང་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་ཚད་དེ་81%ཟིན་ཡོད་པ། སྡེབ་རྩིས་བྱས་ན་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་འདེམས་བཤེར་དང་སྨན་བཅོས་བྱས་པའི་མི་གྲངས་2039ཡོད། སྐྱ་སྒྲིབ་སླར་མཐོང་གི་བཤགས་བཅོས་ནད་དཔེ་ཁག་1404ལེགས་གྲུབ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་ནང་ཚུད་ཀྱི་གྲྭ་བཙུན་ལ་རིན་མེད་ཐོག་བདེ་ཐང་བརྟག་དཔྱད་བྱས་པ། སྒོར་དུང་ཕྱུར་2ཙམ་བཏང་ནས་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། བྱང་ཕྱོགས་ནད་སྡོད་ཐོག་ཁང་བསྒྱུར་བཅོས་རྒྱས་སྐྲུན། མཁོ་ཆོད་སྨན་པའི་ནད་ཐོག་གསོ་སྐྱོང་རྟེན་གཞི་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་ཚུགས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཨང་གསུམ་པ་བཙུགས་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཚད་ལྡན་ཅན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་ཁག་88དང་རྫོང་མྱུར་སྐྱོབ་ལྟེ་གནས་ཁག་29གསར་དུ་བསྐྲུན་ཡོད། སྒོར་དུང་ཕྱུར་2.6བཏང་ནས་རིམ་ཁག་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་འཕྲལ་མཁོའི་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་བྱས་པ་དང་། རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཁག་40ལ་མྱུར་སྐྱོབ་རླངས་འཁོར་བགོ་སྒྲིག་བྱས་པ། རྫོང་འཕྲོད་བསྟེན་ཅུད་ཁག་30ལ་སྐོར་སྐྱོད་སྨན་བཅོས་རླངས་འཁོར་བགོ་སྒྲིག་སོགས་བྱས་ཡོད། སྡེབ་རྩིས་བྱས་ན་ཤང་(གྲོང་རྡལ )གི་འཕྲོད་བསྟེན་མི་སྣ་3049ལ་སྦྱོང་བརྡར་སྤྲས་ཡོད་པས་ཆ་སྙོམས་ཤང (གྲོང་རྡལ )རེ་ནས་མི་4ཡན་ཟིན་ཡོད། གྲོང་ཚོའི་འཕྲོད་བསྟེན་མི་སྣ་11099ལ་སྦྱོང་བརྡར་སྤྲས་ཡོད་པས་ཆ་སྙོམས་གྲོང་ཚོ་རེར་འཕྲོད་བསྟེན་མི་སྣ་2ཡན་ཟིན་ཡོད།

        ཚན་རྩལ་རིག་གནས་དང་ལུས་རྩལ་བྱ་གཞག་མགྱོགས་མྱུར་གོང་འཕེལ་བཏང་བ། མ་དངུལ་སྒོར་དུང་ཕྱུར་1.7བཏང་ནས་རང་སྐྱོང་ལྗོངས་རིམ་པའི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། “བོད་ནས་ཨང་2000”གི་སོན་བཟང་གསར་པ་དཔེ་སྟོན་ཁྱབ་གདལ་བཏང་བས་ནས་ཐོན་ཚད་ཀྲོན་6000འཕར་སྣོན་བྱུང་ནས་མུའུ་རེ་ཐོན་ཚད་སྤྱི་རྒྱ་26.5འཕར་སྣོན་བྱུང་ཡོད། “གསེར་གཡག ”རྣམ་གྲངས་སྤེལ་བ་བརྒྱུད་ཆ་སྙོམས་བྱས་ན་གཡག་རེ་ནས་ཤ་ཐོན་ཚད་28%འཕར་སྣོན་བྱུང་ཡོད། བོད་ལུགས་གསོ་རིག་སྨན་རྫས་རིགས་ཁག་102ཀྱི་སྤུས་ཚད་ཀྱི་ཚད་གཞི་ཐོག་མར་འགྲེམ་བསྒྲགས་བྱས་པ་དང་། རྩ་ཆེའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚད་ལྡན་ཡིག་ཆ་ཁག་600ཙམ་གྲངས་འཛིན་ཅན་དུ་འགྱུར་ཐུབ་ཡོད། ཁེ་ལས་ཁག་9རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་སུ་ངོས་འཛིན་བྱུང་བ་དང་། ཤང་གྲོང་ཁག་65ལ་ཚན་རིག་ཁྱབ་གདལ་བྱེད་སྒོའི་ས་ཚིགས་དང་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་ཁག་589བཅས་བསྐྲུན་ཡོད། ནག་ཆུ་དང་། ལྷོ་ཁ། གཞིས་རྩེ་བཅས་ས་ཁུལ་དུ་དཔེ་མཛོད་ཁང་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་དང་། རྫོང་རིམ་པ་དང་མཐའ་མཚམས་འགག་སྒོའི་ཤིན་ཧྭ་དཔེ་ཚོང་ཁང་ཁག་65ལ་དྲ་ཚིགས་འཛུགས་སྐྲུན་སྔ་རྗེས་སུ་སྤེལ་འགོ་ཚུགས་ཡོད། ཐང་ག་སྣ་བརྒྱའི་ལས་གཞི་དང་། བོད་རྒྱ་ཡིག་རིགས་ཤན་སྦྱར་དམངས་ཕན་པར་རིས་དེབ་བརྒྱ་དང་དངོས་ལྗོངས་ཟློས་གར་ཆེ་གྲས 《རྒྱ་བཟའ་ཀོང་ཇོ 》སོགས་རིག་གནས་ཐོན་རྫས་ལ་གདེང་འཇོག་ཡག་པོ་ཐོབ་ཡོད་ཅིང་། རིག་གནས་སྒྱུ་རྩལ་རྣམ་གྲངས་ཁག་26ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཡོད། རླུང་འཕྲིན་བཪྙན་འཕྲིན་གྱི་ཕྱོགས་བསྡུས་ཁེབས་ཚད་དེ་ཁག་སོ་སོར་94.4%དང་95.5%ཟིན་ཡོད། གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གཞི་བདེ་བླག་ངང་སྤེལ་ཐུབ་ཅིང་། རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་20གསར་སྣོན་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ཐད་ལ་ཤུགས་སྣོན་ཐེབས་པ། ལུས་རྩལ་བྱ་གཞག་ཐད་ལ་འགག་སྒྲོལ་ཆེན་པོ་བྱུང་ཡོད་པ། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་བཅས་ཡིན།

        སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། མི་གྲངས་ཁྲི་2.8ལ་ལས་ཞུགས་གསར་པ་མངོན་འགྱུར་བྱུང་བ་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་རིམ་སློབ་ཐོན་སློབ་མ་ཁྲི་1.4ཚང་མར་ལས་ཞུགས་ཐུབ་ཡོད། ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་དུད་ཁག་ལ་འགྱུར་ལྡན་གྱི་ཐོག་ནས་ལས་ཞུགས་ཐུབ་པ་བཟོས་ཡོད། རིགས་འདྲ་མིན་གྱི་རྩལ་ནུས་སྦྱོང་བརྡར་འཛིན་གྲྭ་ཐེངས་600ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་3ལྷག་ཙམ་ལ་སྦྱོང་བརྡར་སྤྲས་ནས་མི་ཁྲི་2.5རྩལ་ནུས་ལ་བརྟེན་ནས་ལས་ཞུགས་ཐུབ་ཡོད། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱིས་ལས་ཞུགས་ལས་གནས་ཁག་5345མཁོ་འདོན་བྱས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་རིམ་སློབ་ཐོན་སློབ་མ་1500ཙམ་ལྗོངས་ཕྱི་ཕྱོགས་སུ་ལས་ཞུགས་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་སྤོ་སྒྱུར་ལས་ཞུགས་བྱས་པའི་མི་གྲངས་ཁྲི་45ལྷག་ཙམ་དང་། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་19བྱུང་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་248.9ཟིན་ཡོད་ཅིང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར་31.31བསྡུ་ལེན་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་ཁག་གི་ཐོབ་ཐང་མ་དངུལ་སྒོར་དུང་ཕྱུར་28.2སྤྲད་ཡོད། ཁེ་ལས་ཀྱི་གཞི་རྩའི་རྒན་གསོའི་མ་དངུལ་དེ་ཟླ་རེ་མི་རེར་ཆ་སྙོམས་སྒོར་3018ལ་སྤར་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་རྨང་གཞིའི་རྒན་གསོའི་མ་དངུལ་དེ་ཟླ་རེ་མི་རེར་ཆ་སྙོམས་སྒོར་105ལ་སྤར་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་ཀྱི་ལོ་ཧྲིལ་པོའི་གཏོང་སྤྲོད་བྱེད་ཚད་མཐོ་ཤོས་དེ་ཁག་སོ་སོར་སྒོར་ཁྲི་30དང་སྒོར་ཁྲི་20ལ་སྤར་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ཀྱི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་དེ་སྒོར་300ལ་སྤར་བས་ཆ་སྙོམས་མི་རེར་སྒོར་40གསབ་སྣོན་བྱས་པ་དང་། སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་གཏོང་སྤྲོད་བསྡུར་ཚད་དེ་75%ཡན་ཟིན་ཡོད། མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ཐད་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིར་ཟླ་རེ་མི་རེར་ཆ་སྙོམས་སྒོར་440ལ་སྤར་བ་དང་། ཞིང་འབྲོག་མང་ཚོགས་ལ་ལོ་རེ་མི་རེར་ཆ་སྙོམས་སྒོར 1750ལ་སྤར་ཡོད། བྱིས་པའི་ཕན་བདེ་ཁང་ཁག་9འཛུགས་སྐྲུན་བྱས་པ་དང་། ཉལ་ཁྲི་4477གསར་སྣོན་བྱས་ཡོད། འགན་ལེན་ལྔའི་འཚོ་སྐྱོང་ལས་ཁུངས་ཁག་23དང་། ས་གནས་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་ཁག་5གསར་བསྐྲུན་བྱས་ཤིང་། ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་འཚོ་སྐྱོང་ཚད་གཞི་དེ་ལོ་རེ་མི་རེར་སྒོར་2600ལ་སྤར་ཡོད། གཅིག་སྡུད་ཐོག་དྭ་ཕྲུག་འཚོ་སྐྱོང་བྱེད་པའི་གཞི་རྩའི་འཚོ་བའི་འགན་སྲུང་དེ་ཟླ་རེ་མི་རེར་ཆ་སྙོམས་སྒོར་1200ཟིན་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་ཁྲི་4.3འཛུགས་སྐྲུན་དང་གཞུང་ཁོངས་བཟོ་གཏེར་སྐྱོ་ཁུལ་གྱི་དུད་ཚང་ཁག་1300བསྒྱུར་བཅོས་བྱས་པ། ཆབ་མདོའི “8·12”ས་ཡོམ་དང་ནག་ཆུ་ལྷ་རི་རྫོང་གི་ཆུ་སྐྱོན་སོགས་ཁྱིམ་གཞིས་སླར་བཟོ་བསྐྱར་སྐྲུན་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་བཅས་ཡིན།

        (བཞི ) ནོར་སྲིད་དངུལ་རྩ་དང་ཟོག་གོང་ཚོད་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

        ནོར་སྲིད་དངུལ་རྩ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་95བྱུང་ནས་18.6%འཕར་ཡོད་པ་དང་། སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1000ལས་བརྒལ་ནས་12%འཕར་ཡོད། ཁྲལ་བསྡུ་སྒོར་དུང་ཕྱུར་140མངོན་འགྱུར་ཐུབ་ཡོད། ཁེ་ལས་ཆུང་འབྲིང་ལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་436ཟིན་པ། “ཞིང་གསུམ ”གོང་འཕེལ་གཏོང་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུར་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་163བཏང་ཞིང་། ཁྱད་ལྡན་ཞིང་འབྲོག་ལས་དང་། ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་སྨན་རྫས་སོགས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་རྒྱུར་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་25དང་དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར་70བཏང་ཡོད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་། བཅོལ་དངུལ་དང་དངུལ་བུན་གཏོང་བའི་ཧེ་བག་སྔར་བས་ཆུང་དུ་སོང་ཡོད། ལོ་ཧྲིལ་པོར་འགན་བཅོལ་གྲོན་དངུལ་ཡོང་འབབ་སྒོར་དུང་ཕྱུར་10.2བྱུང་བ་དང་སྐྱིན་ཚབ་སྒོར་དུང་ཕྱུར་3.99སྤྲད་ཡོད།

        ཁྲོམ་རའི་ཟོག་གོང་རྒྱུན་མཐུད་བརྟན་འཇགས་ཐུབ་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་མཁོ་འདོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མ་རྩ་སྒོར་ཁྲི་7540བཏང་སྟེ་ནུས་ཆེའི་ཉི་འོད་དྲོད་ཁང་ཁག་1676བརྒྱབ་པ་དང་། ཁྲོམ་རའི་མཁོ་དགོས་འགན་སྲུང་དང་འདོན་སྤྲོད་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་ཡོད། ཟོག་གོང་ཚོད་འཛིན་བྱེད་ནུས་ཆེ་རུ་བཏང་སྟེ་སྒོར་ཁྲི་809.9བཀོད་སྒྲིག་བྱས་ནས་སྐབས་བསྟུན་གྱིས་རྒྱུན་ལྡན་གྱི་རིན་གོང་ཚགས་ཤ་ཀྲོན་1820འདོན་སྤྲོད་བྱས་པས་ཁྲོམ་རའི་ཟོག་གོང་དོ་སྙོམས་ཡོང་རྒྱུར་ནུས་པ་ཐོན་ཡོད། ཁྲོམ་རའི་ཟོག་གོང་ཚོད་འཛིན་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་གོང་ཚད་འཕྲལ་སྡོམ་མཐུན་སྦྱོར་ལམ་སྲོལ་སྔར་བས་ཚགས་ཚུད་དུ་གཏོང་རྒྱུའི་ཐད་གྲོས་མོལ་བྱས་པའི་ཁར། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་བྱེད་རྒྱུའི་ཚད་གཞི་དེ་ཟོག་གོང་འཕར་འགྲོ་བ་དང་སྦྱར་ཁ་བཏང་བའི་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་ཀྱི་ཟོག་གོང་ཁ་གསབ་སྒོར་ཁྲི་4420ལྷག་ཙམ་དོན་འཁྱོལ་བྱས་ཡོད། གྲོང་མིའི་འཚོ་བའི་ཁྲོད་ཉེར་མཁོའི་དངོས་རྫས་དང་གལ་ཆེའི་ཐོན་སྐྱེད་རྒྱུ་ཆ་དེ་གཙོ་གནད་དུ་བཟུང་སྟེ་གོང་ཚད་ལ་ལྟ་ཞིབ་དབྱེ་ཞིབ་དང་མ་གནས་བརྟག་དཔྱད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

           (ལྔ ) བསྒྱུར་བཅོས་སྒོ་དབྱེ་དང་ག་སྦྱར་རོགས་སྐྱོར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ།

        བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་འོག་ལ་སྤྲད་པའི་ལས་དོན་ཤུགས་ཆེ་སྤེལ་ཏེ་ལྗོངས (ཀྲུང་དབྱང་)ཐད་གཏོགས་སྡེ་ཚན་གྱིས་ཆོག་མཆན་སྤྲོད་པའི་རྣམ་གྲངས་60%ཉུང་དུ་བཏང་བ་མ་ཟད། རང་སྐྱོང་ལྗོངས་ནས་ཆོག་མཆན་སྤྲོད་པའི་རྣམ་གྲངས་69%ལེགས་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་ནས་ཆོག་མཆན་སྤྲོད་པའི་རྣམ་གྲངས་ཁག་9ལས་བཞག་མེད། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་པའི་དབང་ཆ་གཏན་འཁེལ་ཐོ་འགོད་ཀྱི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་བ་དང་། རྫོང་ཁག་8ལ་ཞིང་གློག་ཚབ་བྱས་དོ་དམ་བསྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁས་ལེན་ལས་དོན་ཧུར་ཐག་སྤེལ་བ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཁག་1850བར་གོང་འཕེལ་བཏང་བ་བཅས་བྱས་ཡོད། “ལས་གཉེར་དཔྱ་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་རྒྱུར ”ཚོད་ལྟ་བྱས་ཡོད། སྨན་བཅོས་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་སྨན་རྫས་ཀྱི་སྤྱིའི་རིན་གོང་ཆ་སྙོམས་ཆག་ཚད་15%ཟིན་ཡོད། རང་སྐྱོང་ལྗོངས་གི་གཞུང་ཁོངས་ཚོང་དོན་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བསམ་འཆར་བཟོ་བཏོན་བྱས་ནས་ཁེ་ལས་ཚོགས་པ་བསྐྱར་འཛུགས་དང་ཁྲོམ་འགྲེལ་ཇེ་མགྱོགས་སུ་བཏང་ཡོད། མཐའ་མཚམས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་བས་མཐའ་མཚམས་ཀྱི་ཉོ་ཚོང་འཕར་ཚད་དེ་16%ཡས་མས་ཟིན་ཡོད་ཅིང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱི་འབོར་ཨ་སྒོར་དུང་ཕྱུར་30ཟིན་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་ཁྲོམ་རའི་གཙོ་རྐང་ཚོང་དུད་ཁྲི་12.8ཟིན་པ་དང་ལས་ཞུགས་མི་གྲངས་ཁྲི་62ཟིན་པ་དེ་ཁག་སོ་སོར་7.8%དང་11.9%འཕར་ཡོད་པ་དང་གོང་འཇལ་ཁྲལ་འབབ་སྒོར་དུང་ཕྱུར་135.5ཟིན་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། འཛུགས་སྐྲུན་དངུལ་ཁང་། དམངས་འཚོའི་དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་ཁག་10དང་འཐབ་ཇུས་སྒྲོམ་གཞིའི་མཉམ་ལས་གན་རྒྱ་བཞག་ཡོད། ས་ཁང་ཁྲོམ་ར་འཁྲུག་ཏུ་སོང་བ་དང་ཚོང་སྒྱུར་སྡོད་ཁང་ཕྱིར་འཚོང་བྱེད་ཚད་57.4%འཕར་ཡོད།

        ག་སྦྱར་རོགས་སྐྱོར་དང་ཚོང་འགུག་མ་འདྲེན་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། ཐེངས་དྲུག་པ་དང་བདུན་པའི་བོད་སྐྱོར་ལས་བྱེད་པའི་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་བ། དཔལ་འབྱོར་དང་། ལག་རྩལ། ཤེས་ལྡན་པ། ལས་ཞུགས་བཅས་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་སོང་ནས་བོད་སྐྱོར་རྣམ་གྲངས་དང་མ་དངུལ་དོ་དམ་རིམ་བཞིན་ཚད་ལྡན་བཟོ་ཐུབ་པ་བྱུང་ཡོད། ག་སྦྱར་བོད་སྐྱོར་རྣམ་གྲངས་ཁག་384ལེགས་གྲུབ་བྱུང་བ་དེ་དག་ལ་མ་དངུལ་སྒོར་དུང་ཕྱུར་17.7དོན་འཁྱོལ་ཐུབ་ཡོད། “ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་དུ་སྤེལ ”ཞེས་པའི་ཚོང་འགུག་མ་འདྲེན་བྱེད་སྒོའི་ཐོག་མིང་བཀོད་ཁ་ཆད་བྱས་པའི་རྣམ་གྲངས་ཁག་238ཡོད། ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཐད་རྣམ་གྲངས་ཁག་65དོན་སྨིན་བྱུང་བར་མ་དངུལ་སྒོར་དུང་ཕྱུར་225བཏང་ཡོད།

        (དྲུག ) རྨང་བརྟན་དམངས་ཕན་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ནུས་ལྡན་བྱུང་བ།

        རྨང་བརྟན་དམངས་ཕན་དེ་མི་སེམས་ལ་གཏིང་ཟབ་ཟུག་པ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་ཅིང་རྒྱ་ཆེའི་མང་ཚོགས་ལ་བྱ་བཟང་བསྒྲུབ་པ་དང་དཀའ་གནད་ཏན་ཏིག་ངང་སེལ་རོགས་བྱེད་ཆེད་མ་དངུལ་སྒོར་དུང་ཕྱུར་32.2བཏང་ནས་རྣམ་གྲངས་ཁག་9316ལག་བསྟར་བྱས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

        བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་28བཀོད་སྒྲིག་བྱས་ཡོད་པ་དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། བདེ་འཇགས། མཐའ་སྲུང་། མེ་ཟོན་བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ལག་ཐོགས་ཁ་པར་དང་། གཏན་འཇགས་ཁ་པར། འཕྲིན་སྦྲེལ་དྲ་བ་བཅས་སྤྱོད་མཁན་གྱི་མིང་ཐོབ་ངོ་མ་ཐོ་འགོད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱུང་བ་དང་། དུད་སྦྲེལ་དུས་བདེ་དང་དུས་སྦྲེལ་འབབ་འཕར་གྱི་སྔོན་ཐོན “གཉིས་ལྡན་དུད་སྦྲེལ ”གསར་གཏོད་བྱེད་སྒོའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། རིགས་འདྲ་མིན་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་ཐག་གཅོད་འོས་འཚམ་བྱས་པ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་སྤེལ་བ་བཅས་བྱས་པས་མང་ཚོགས་ཀྱི་ཉེན་མེད་ཚོར་སྣང་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

        གཉིས། མིག་སྔའི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཁྲོད་ཀྱི་དུས་བབ་དང་2014ལོའི་ལས་ཀའི་བསམ་ཕྱོགས།

        སྤྱིའི་ཆ་ནས་བལྟས་ཚེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་གཞི་རྩའི་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་གོ་སྐབས་སྔར་བས་བཟང་བ་ཡོད། འོན་ཀྱང་དཀའ་གནད་དང་གནད་དོན་འགའ་ཤས་ལྷག་བསྡད་ཡོད་པས་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐག་གཅོད་ཏན་ཏིག་བྱེད་དགོས།

        (གཅིག ) མིག་སྔའི་གོང་འཕེལ་གཏོང་བའི་ཁྲོད་ཀྱི་དུས་བབ།

        མདུན་དུ་འཕྲད་པའི་ཕན་ལྡན་དུས་བབ། གཅིག་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྒྱུར་བཅོས་ཀྱི་སྒུལ་ཤུགས་དང་ཕན་སྒྱུར་གསར་པ་ཁ་གསལ་བཏོན་ཡོད། གཉིས་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་འཕེལ་རིམ་བཟང་པོ་ཡོད་ཅིང་། གཞི་ཆེའི་ཁོར་ཡུག་གི་འཕེལ་ངོ་བཟང་པོ་འདིས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། གསུམ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གནས་སྨིན་རྣམ་གྲངས་གསོག་འབོར་མང་བ་དང་། གཅིག་གྱུར་རང་བཞིན་ཆེ་བ། གོང་འཕེལ་ལ་འདེགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་བ་བཅས་བྱུང་ཡོད། བཞི་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བས་གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད།

        ལྷག་བསྡད་པའི་གནད་དོན་གཙོ་བོ། གཅིག་ནི་བསམ་བློ་བཅིངས་འགྲོལ་གཏོང་ཤུགས་མི་འདང་བ་དང་། བསྒྱུར་བཅོས་གསར་གཏོད་བྱེད་སེམས་ཆེན་པོ་མེད་པ། སྒོ་དབྱེ་མཉམ་ལས་བྱེད་ཤུགས་ཆུང་བ་བཅས་ཡིན། གཉིས་ནི་གོང་འཕེལ་གྱི་ཁོར་ཡུག་ལེགས་པོ་མེད་ཅིང་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་ལམ་སྲོལ་གྱི་ཞན་ཆ་རྦད་དེ་རྩ་གཏོར་ཐུབ་མེད་ཅིང་ཚོང་ལས་ལ་མཐོང་ཆེན་དང་། གཅེས་འཛིན། བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཆགས་མེད་པ། གསུམ་ནི་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ད་དུང་ཞན་པོ་ཡིན་པ། བཞི་ནི “ཞིང་གསུམ ”གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐུབ་མེད་ཅིང་། ཞིང་འབྲོག་ལས་གཉེར་སྐྱོང་བྱེད་ཐབས་ཁ་བསྒྱུར་འགོར་བ་དང་། ཞིང་འབྲོག་ལས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་པོ་མེད་པ། ཞིང་འབྲོག་པ་ཁག་གཅིག་གི་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་པ་བཅས་ཀྱིས་རྐྱེན་པས་དབུལ་སྐྱོར་འགག་སྒྲོལ་ལས་འགན་གྱི་ཁུར་པོ་ལྗི་པོ་ཡོད། ལྔ་ནི་ཐོན་ལས་ཅན་གྱི་ཆུ་ཚད་དམའ་པོ་ཡོད་ཅིང་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། རང་བདག་ཡིན་པའི་ལྟེ་བའི་གྲགས་རྟགས་ཉུང་བ། ཁྲོམ་རའི་འགྲན་རྩོད་ནུས་སྟོབས་ཆུང་བ་བཅས་ཡིན། དྲུག་ནི་དམིགས་བསལ་གྱི་འགལ་ཟླ་རྣོ་ངར་ལྡན་ལ་རྙོག་འཛིང་ཆེ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པས་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་ཞིག་ཡིན།

        མིག་སྔའི་ཆར་བལྟས་ཚེ། མ་འཇོག་གི་ཕན་འབྲས་ཆེན་པོ་མེད་པ་དང་། རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་རྗེས་སུ་ལུས་པ། ཟོག་གོང་བརྟན་པོ་དང་ཚོད་འཛིན་བྱེད་དཀའ་བ། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་བྱེད་ཐབས་རྐྱང་པ་ཡིན་པ། ས་གནས་ཀྱི་དངུལ་བུན་ཉེན་ཁ་མངོན་གསལ་དོད་པ་སོགས་ཀྱི་གནད་དོན་ཡོད་པས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

        (གཉིས ) སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་ཚད།

        2014ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས ”པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ཀྲུང་དབྱང་གི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་རྒྱུའི་ལས་དོན་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་བསྒྱུར་བཅོས་གསར་གཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ནང་ཁྱབ་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་པ། འཕར་སྣོན་བརྟན་པོ་ཡོང་བ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་སྐུལ་འདེད་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཁྲོམ་རའི་གསོན་ཤུགས་ལ་སྐུལ་མ་བཏང་བ། རྨང་གཞིའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོལ་བྲལ་ངང་གོང་འཕེལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་མཐའ་འཁྱོངས་བྱེད་པ། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་བཟང་པོ་ཡོང་བ་འགན་ལེན་བཅས་བྱེད་དགོས།

        རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་། 2013ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ། དེ་བཞིན་འབྲེལ་ཡོད་ཚད་ལེན་ཞིབ་རྩིས་དང་ཟུང་འབྲེལ་བྱས་ཏེ་2014ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་འདི་ལྟ་སྟེ། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་18%འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་16%འཕར་བ་བྱེད་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་15%འཕར་བ་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བྱེད་ཚད་12%འཕར་བ་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་8%འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་4%ནང་ཚུད་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འཁོད་བྱེད་ཚད་2.5%ནང་ཚུད་དུ་ཚོད་འཛིན་བྱེད་རྒྱུ། རྩིས་གཞི་རེའི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་ཁུངས་ཟད་གྲོན་དང་སྦགས་གཙོག་གཙོ་བོ་བཤངས་གཏོང་བྱེད་ཚད་དེ་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་བྱེད་ཁོངས་ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན།

        གསུམ། 2014ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་དང་བྱ་ཐབས་གཙོ་བོ།

        2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་རེད་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཀྱི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་གཙོ་གནད་དུ་གཤམ་གསལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས།

        (གཅིག ) སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་གོང་འཕེལ་གྱི་ཐབས་ཇུས་འདོན་པའི་ནུས་པ་མཐོ་རུ་གཏོང་རྒྱུ།

        ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་གཞིགས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཁག་གཏིང་ཟབ་ཏུ་གཏོང་རྒྱུ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་བསམ་ཕྱོགས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་རྒྱུ་དང་། བོད་ནང་ཁུལ་དང་ཕྱི་ཕྱོགས་སུ་གསར་སྤེལ་སྒོ་དབྱེ་དང་། གྲོང་རྡལ་ཅན་གྱི་གོང་འཕེལ། “གཙང་གཉིས་ཆུ་བཞིའི ”རྒྱུད་ལ་ནགས་གསོ་སྔོ་འགྱུར། “ནུབ་གློག་ཤར་སྐྱེལ ”གྱི་རྒྱུན་མཐུད་རྟེན་གཞི། རྒྱལ་ཁབ་ཀྱི་མདོག་ལྡན་ལྕགས་རིགས་གཙོ་བོའི་རྟེན་གཞི གོར་མོའི་བོད་མཚོ་བཟོ་ལས་སྡེ་གླིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་སོགས་གལ་ཆེའི་འཆར་འགོད་བཟོ་སྒྲིག་ལས་ཀ་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་གཞིར་བཟུང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ཇུས་གཞི་བཟོ་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པའི ”འཆར་འགོད་ཀྱི་སྔོན་གྲབས་ཞིབ་འཇུག་དང་གལ་ཆེའི་རྣམ་གྲངས་ཀྱི་དབྱེ་གསེས་ལས་དོན་སྔ་ཙམ་འགོ་ཚུགས་རྒྱུ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་གྲངས་ལ་ཇུས་འགོད་ཡག་པོ་བྱེད་རྒྱུ་བཅས་ཡིན།

        (གཉིས ) གོང་འཕེལ་གཏོང་རྒྱུ་དམ་འཛིན་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ།

        1.རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་མྱུར་དུ་སྤེལ་རྒྱུ། རྣམ་གྲངས་འཛུགས་སྐྲུན་གྱི་གཞི་རྩའི་གོ་རིམ་ལྟར་མུ་མཐུད་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་དུས་ཐོག་ཏུ་རྣམ་གྲངས་ཀྱི་འཆར་འགོད་འདོན་ས་དང་། ས་ཆའི་སྔོན་གྲབས་ཞིབ་བཤེར། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་ཞིབ་དཔྱད། ནུས་རྒྱུ་བསྲི་ཚགས་ཀྱི་ཚོད་སྐོར། ས་ཆུ་སྲུང་འཛིན། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུཌ་འཐུས་ཚང་དུ་གཏོང་རྒྱུ་དང་། ཞིབ་བཤེར་དང་ཞིབ་བཤེར་མཆན་འགོད་ཁྲོད་ཐོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་རྣམ་གྲངས་དེ་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་མ་འཇོག་ཆ་རྐྱེན་དང་མཐུན་པར་འགན་ལེན་བྱེད་རྒྱུ། མུ་མཐུད་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་པེ་ཅིན་ལ་བསྐྱོད་ནས་རྣམ་གྲངས་སྙན་ཞུ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། 2014ལོར་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་450དོན་འཁྱོལ་ཡོང་བ་བརྩོན་ལེན་བྱེད་རྒྱུ་དང་། རྣམ་གྲངས་226རྩ་བའི་ཆ་ནས་གནས་སྨིན་ཐུབ་པ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ཐད་ཁྱོན་བསྡོམས་མ་འཇོག་80%ཡས་མས་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        2.རྣམ་གྲངས་ཀྱི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། གལ་ཆེའི་རྣམ་གྲངས་ཀྱི་འགྱུར་ལྡན་མཐུན་སྦྱོར་དང་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ཁྲོད་སྔོན་གྲབས་ལས་ཀ་སྤེལ་འགོ་ཚུགས་པའི་ཆུ་གློག་རྣམ་གྲངས་ཁག་9ཕུད་པའི་དེ་བྱིངས་ཚང་མ་སྐྲུན་འགོ་འཛུགས་ཐུབ་པའི་འབད་བརྩོན་བྱེད་རྒྱུ། ལྷ་གཞིས་ལྕགས་ལམ་བསྐྲུན་ནས་ཤར་གཏོང་ཐུབ་པའི་འགན་སྲུང་བྱེད་རྒྱུ། ལྷ་ཉིང་ལྕགས་ལམ་སྐྲུན་འགོ་འཛུགས་རྒྱུ། ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ཆེད་སྤྱོད་ལྕགས་ལམ་གྱི་སྔོན་གྲབས་ལས་ཀ་སྐྲུན་འགོ་འཛུགས་རྒྱུ། ལྷ་ཉིང་མཐོ་རིམ་གཞུང་ལམ་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་བྲག་ཡིབ་ནས་ཀོང་པོ་རྒྱ་མདའི་བར་གྱི་ལམ་དུམ་གྱི་གཙོ་རྐང་ལས་གྲྭའི་70%ལེགས་འགྲུབ་ཡོང་བ་བྱེད་རྒྱུ། བྲག་ཡིབ་ནས་སྨན་གླིང་བར་གྱི་གནམ་ཐང་ཆེད་སྤྱོད་གཞུང་ལམ་དང་། རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་དམིགས་བསལ་ཟམ་ཆེན་གྱི་རྒྱ་སྐྱེད་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ། རྒྱལ་ལམ་དང་ཞིང་ཆེན་གཞུང་ལམ། རྫོང་སྦྲེལ་སྣུམ་ལམ། མཐའ་མཚམས་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། གཞིས་རྩེ་ནས་ཞི་བདེ་དང་ཆབ་མདོ་ནས་སྤོམ་མདའ། སེང་གེ་ཁ་འབབ་ནས་དགུན་སའི་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་ཞིབ་བཤེར་སྙན་ཞུའི་ལས་དོན་མགྱོགས་སུ་སྤེལ་རྒྱུ། གསར་སྣོན་གཞུང་ལམ་ཤར་གཏོང་གི་རིང་ཚད་སྤྱི་ལེ་3000ཡན་ཟིན་པ་བྱེད་རྒྱུ། སྤོམ་མདའ་གནམ་ཐང་གི་འཕུར་ལམ་བསྒྱུར་བཅོས་དང་ཉིང་ཁྲིའི་གནམ་ཐང་བསྒྱུར་བཅོས་རྒྱས་སྐྲུན་ལས་གྲྭ་ལག་བསྟར་དམ་འཛིན་བྱས་ཏེ་འཕྲལ་སྡོམ་མྱུར་སྐྱོབ་རྟེན་གཞི་དང་། ལྷ་ས་གོང་དཀར་གནམ་ཐང་གི་འབབ་ཚུགས་ཁུལ་བསྒྱུར་བཅོས་རྒྱས་སྐྲུན། ནག་ཆུའི་གནམ་ཐང་གསར་སྐྲུན་ལས་གྲྭའི་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ། ལ་ལྷོའི་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ། འཕན་པོའི་ཆུ་འདྲེན་ཁུལ་དང་ཉག་ཆུའི་ཆུ་མཛོད། ཕྱྭ་གཡང་ཆུ་མཛོད་སོགས་རྐང་འཛིན་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་དང་། “ཆུང་བ་ལྔའི ”ཆུ་བེད་ལས་གྲྭ། ཆུ་མཛོད་ཉེན་སེལ་སྲ་གཏོང་། གཙང་པོ་རྒྱུག་ཁུལ་ཆུང་འབྲིང་བཅོས་སྒྲིག་སོགས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཆུ་བེད་ཐད་ཀྱི་མ་འཇོག་དེ་སྒོར་དུང་ཕྱུར་30ལེགས་འགྲུབ་བརྩོན་ལེན་བྱེད་རྒྱུ། ཁྲོན་བོད་གློག་དྲའི་དྲ་སྦྲེལ་ལས་གྲྭ་སྐྲུན་ནས་ལྗོངས་ཡོངས་ཀྱི་གློག་དྲའི་ཁེབས་རྒྱ་དེ་རྫོང་58ཟིན་ཐུབ་པ་བྱེད་རྒྱུ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དང་རྒྱ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གི་གསར་སྤེལ་སྔོན་གྲབས་ལས་ཀར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་རྫམ་ཆུ་གློག་ཁང་གི་ཐོག་མའི་འཁོར་ཁང་གི་གློག་འདོན་ཐུབ་པ་བྱེད་རྒྱུ། རྡོ་ཕུར་དང་དགོན་མདོ་སོགས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་མགྱོ གས་སུ་བཏང་སྟེ་སོལ་བ་ལུང་གློག་ཁང་སྐྲུན་འགོ་འཛུགས་རྒྱུ། རུ་སྨད་དང་། ཡེར་པ་གྲམ་ཐང་། ལ་འོག་གློག་ཁང་སྐྲུན་རྒྱུའི་གྲ་སྒྲིག་ལས་དོན་སྤེལ་རྒྱུ། དྭགས་པོ་དང་རྒྱ་ཚ། ལྕེ་ཤོད། ཨ་ཆེན་སོགས་ནང་མཁོའི་གློག་ཁོངས་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ནུས་ཁུངས་ཐད་མ་འཇོག་བྱས་ཚད་སྒོར་དུང་ཕྱུར་80ལེགས་འགྲུབ་བརྩོན་ལེན་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཁ་ཕྱོགས་རྒྱུ། སྒུལ་འཁྱེར་འཕྲིན་གཏོང་ཁེབས་མེད་པའི་ཁུལ་མེད་པ་གང་མགྱོགས་བཟོ་རྒྱུ། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར 1000ལས་བརྒལ་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        3.གྲུབ་ཆ་ལེགས་སྒྱུར་ཡོང་བར་ལེགས་སྒྲིག་བྱེད་རྒྱུ། ཐོན་ལས་དང་པོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། རྨོ་ཞིང་གི་ཚད་ཐིག་དམར་པོ་ནན་པོ་སྲུང་ཐོག སོན་རྒྱུ་གསར་པ་དང་བཟང་བ་བདམས་གསོའི་ཚན་ཞིབ་འགག་སྒྲོལ་ཤུགས་ཆེན་བཏང་སྟེ། ཞིང་འབྲོག་པའི་ལག་རྩལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། “བོད་ནས 2000”རྟགས་ཅན་སོགས་སོན་གསར་མུའུ་ཁྲི་50ཁྱབ་གདལ་གཏོང་རྒྱུ། ཞིང་ས་ཆེན་པོར་སོན་བཟང་གི་འབྲུ་རིགས་ལོ་ཏོག་འདེབས་ཚད་གོང་མཐོར་གཏོང་རྒྱུ། ཕྱོགས་ཡོངས་ནས་མུའུ་ཁྲི་225ཡི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་སྐྲུན་འགོ་འཛུགས་རྒྱུ། ཐོན་མཐོ་ཐོན་བརྟན་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་འཕྲུལ་ཆས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་འབྲུ་རིགས་ཀྱི་ཐོན་ཚད་ཀྲོན་ཁྲི་97ཡན་ཟིན་པ་བརྩོན་ལེན་བྱེད་རྒྱུ། ཚགས་ཤ་དང་ལུག་ཤ་སོགས་འཚོ་བའི་ཉེར་མཁོ་མཁོ་སྤྲོད་བྱེད་ཤུགས་ལ་ཤུགས་སྣོན་བརྒྱབ་སྟེ། བ་གླང་གི་རྒྱུད་བཟང་སྤེལ་བའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་ཏེ་ཚགས་ཤ་དང་ལུག་ཤ ཕག་ཤ་གསུམ་གྱི་ཐོན་ཚད་ཀྲོན་ཁྲི་33ཡན་ཟིན་པ་བྱེད་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གསར་པ་3-5བར་གོང་འཕེལ་གཏོང་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་འབོར་རིན་ཐང་སྒོར་དུང་ཕྱུར་23.2ཟིན་པ་བྱས་ནས་9.4%འཕར་བ་བྱེད་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་ཚད་38%ཡན་ཟིན་ཐུབ་པ་བྱེད་རྒྱུ། ཐོན་ལས་གཉིས་པའི་གཙོ་གནད་མངོན་གསལ་དོད་པོ་དང་ཕྱོགས་ཡོངས་ནས་བོད་མཚོའི་བཟོ་ལས་སྡེ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། དུས་ཁག་དང་པོའི་སྤྱི་ལེ་ངོས་གྲུ་མ་20ཡོད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་ཡོང་བ་བྱེད་རྒྱུ། ཐོན་ལས་ཀྱི་རྣམ་གྲངས་ཁག་ཅིག་སྐྲུན་འགོ་འཛུགས་རྒྱུ། གཏེར་ཆུ་དང་། ཁྱད་ལྡན་གཏེར་རྫས། འོད་ཤུགས་ཐོན་ལས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་གཉིས་པའི་བསྡུར་ཚད་རིམ་བཞིན་ཆེ་རུ་གཏོང་རྒྱུ། གཡུ་ལུང་གི་དུས་ཁག་གཉིས་པ་དང་རྒྱ་མའི་དུས་ཁག་གཉིས་པ། ཆོས་ལུང་། གཤོང་གྲོང་ཚོའི་ཟངས་གཏེར་སོགས་ཁྱད་ལྡན་གཏེར་རྫས་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞིས་རྩེའི་མཐོ་གསར་གངས་ལྷ་མེ་ཏོག་ཨར་འདམ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་རྒྱུག་ཁག་ཐེག་དང་། བློ་འདྲི་ཇུས་འགོད། བཅའ་ཁྲིམས་ཀྱི་ཁེ་དབང་སྲུང་སྐྱོང་སོགས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། སྲིད་དོན་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། གློག་འཕྲིན་སྲིད་དོན་གྱི་དུས་ཁག་དང་པོའི་ལས་གྲྭ་དང་། ཁྲིམས་འཛིན་འདྲི་གཅོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཆ་འཕྲིན་མ་ལག ཏང་སྲིད་ཆེད་སྤྱོད་འཕྲིན་གཏོང་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་སོགས་ཚང་མ་སྐྲུན་འགོ་འཛུགས་རྒྱུ། བཙོན་ཁང་ཆ་འཕྲིན་ཅན་གྱི་སྒྱུར་བཅོས་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་དང་། གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཆ་འཕྲིན་གྱི་དུས་ཁག་གསུམ་པའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བ་བྱེད་རྒྱུ། དུས་ཁག་བཞི་པའི་གྲོང་ཚོ་1700ཡི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཅན་གྱི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེར་བཏང་སྟེ་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། ཡུལ་སྐོར་ཐོན་ལས་ཀྱི་གོང་འཕེལ་ཚོགས་ཆེན་སྐོང་ཚོགས་བྱེད་རྒྱུ། འགོ་འཛུགས་ས་མཐོ་པོའི་སྒོ་ནས་ཡུལ་སྐོར་གོང་འཕེལ་འཆར་འགོད་སྒྲིག་བཟོ་བྱེད་རྒྱུ། འཛམ་གླིང་གི་གལ་ཆེའི་ཡུལ་སྐོར་བྱེད་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུའི་བསམ་འཆར་བཟོ་འདོན་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཡུལ་སྐོར་གྱི་སྤུས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་རྒྱུ། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡུལ་སྐོར་གོང་འཕེལ་གྱི་ཕྱི་ནང་གི་མཐུན་རྐྱེན་མུ་མཐུད་ལེགས་སུ་གཏོང་རྒྱུ། གསར་བརྗེའི་གནས་རྙིང་གི་ཡུལ་སྐོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཕྱོགས་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཚོང་དོན་སོགས་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ་གཏོང་རྒྱུ། ཡུལ་སྐོར་རང་བྱུང་ཐོན་ཁུངས་མ་རྩ་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་ནས་རྒྱུ་སྟོབས་ཡོད་པའི་ཁེ་ལས་དང་མཉམ་ལས་བྱས་ཏེ་ཡུལ་སྐོར་གྱི་སྣེ་འདྲེན་ཁེ་ལས་གཏོད་རྒྱུ། ཚད་གཞི་མཐོ་བའི་ལྷ་སའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲིའི་འབྱུང་ཁམས་ཡུལ་སྐོར་ས་ཁུལ་ཆེན་པོ་བསྐྲུན་རྒྱུ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱལ་སྤྱིའི་རི་འཛེག་ཡུལ་སྐོར་སློབ་གླིང་གྲབས་སྐྲུན་བྱེད་རྒྱུ། ཡུལ་སྐོར་བའི་མི་ཐེངས་ཁྲི་1500དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་200ཟིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        4.འཛད་སྤྱོད་ཀྱི་སྐུལ་སྤེལ་ཆུ་ཚད་མཐོ་རུ་གཏོང་རྒྱུ། ནང་མཁོ་ཟམ་མི་ཆད་པར་རྒྱ་ཆེ་རུ་གཏོང་རྒྱུ་དང་། “གྲོང་ཁྲི་ཤང་སྟོང་ཁྲོམ་རའི་ལས་གཞི ”དང “དྲ་གསར་ལས་གཞིར ”སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། ཞིང་ཁྲོམ་ཐད་འབྲེལ་ལག་བསྟར་ཧུར་ཐག་བྱེད་རྒྱུ་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར་དང་དམངས་བདེའི་ཚལ་ཚོང་ཁང་རིམ་སྤོར་བསྒྱུར་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཁྱིམ་ལས་ཞབས་ཞུ་དང་བསྐྱར་སྤྱོད་ཐོན་ཁུངས་ཚུར་སྡུད་མ་ལག་མུ་མཐུད་སྐྲུན་རྒྱུ། ཞིང་འབྲོག་ཁུལ་གྱི་འཁོར་རྒྱུག་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ། ཚགས་ཤ་དང་ལུག་ཤའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཚོང་གཉེར་དུད་ཆེན་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྤྱི་འབོར་16%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ལྗོངས་རིམ་པའི་ཞོར་ཟས་གྲབས་གསོག་གི་སྣ་རིགས་དང་། གྲངས་འབོར། གྲུབ་ཆ་བཅས་ལེགས་སྒྲིག་བྱས་ནས་རྒྱལ་ཁབ་རིམ་པའི་ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་གྲབས་གསོག་བྱེད་འབོར་མང་དུ་གཏོང་རྒྱུར་མཐུན་སྦྱོར་བྱེད་རྒྱུ། འཚོ་བའི་ཉེར་མཁོའི་ཁྲོམ་རའི་མཁོ་འདོན་ཐད་ཀྱི་གློ་བུར་དོན་རྐྱེན་འཕྲལ་སྡོམ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྲོམ་རའི་འཕྲལ་སྡོམ་ཚོད་འཛིན་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ། ཞིང་འབྲོག་པའི་བཟའ་བཅའི་ཏེན་ཚྭ་བགོ་འགྲེམ་མུ་མཐུད་ཡག་པོ་བྱས་ནས་བགོ་འགྲེམ་བྱས་ཚད་100%ཟིན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ལྷ་ས་གྲོང་ཁྱེར་འདི་བཞིན་རྒྱལ་ཡོངས་ཀྱི་ཁག་ལྔ་པའི་ཤ་ཚལ་ཁུངས་འདེད་མ་ལག་ཅིག་ཏུ་འཛུགས་སྐྲུན་བྱེད་པའི་གྲོང་ཁྱེར་དུ་བརྩོན་ལེན་བྱེད་རྒྱུ།

        (གསུམ )དམངས་འཚོ་དམ་འཛིན་བྱས་ནས་སྲིད་གཞུང་གིས་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ།

        1.སློབ་གསོ་སྔོན་དུ་གོང་འཕེལ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་ལོ་གཉིས་རིང་གི་བུ་བཅོལ་ཁང་འཛུགས་སྐྲུན་བྱེད་རྒྱུའི་ལས་གཞིར་སྐུལ་འདེད་གང་མགྱོགས་བཏང་སྟེ་སྐད་གཉིས་བུ་བཅོལ་ཁང་ཁག་105འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྐད་གཉིས་བུ་བཅོལ་ཁང་19འཆར་འགོད་གསར་སྐྲུན་བྱེད་རྒྱུ། སློབ་ལོ་ལོན་པའི་བྱིས་པ་མང་བའི་རྫོང་རིམ་པའི་བུ་བཅོལ་ཁང་བཟོ་བཅོས་རྒྱས་སྐྲུན་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོའི་བུ་བཅོལ་ཁང་དུ་ན་འདྲེས་བྱིས་པ་ཞུགས་ཚད་55%ཟིན་པ་བྱེད་རྒྱུ། འགན་བབས་སློབ་གསོ་ལག་ལེན་བསྟར་བའི་དུས་རིམ་ནང་སློབ་གྲྭ་ཚད་ལྡན་ཅན་དུ་འགྱུར་བ་བྱེད་རྒྱུ་དང་། སྟོབས་ཞན་སློབ་གྲྭ་ཁག་123བསྒྱུར་བཅོས་བྱེད་རྒྱུ། ཐག་རིང་དང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་དགེ་རྒན་གྱི་སྡོད་ཤག་ཆ་ཚང་ཁག་1500འཛུགས་སྐྲུན་བྱེད་རྒྱུ། གྲང་ངར་ཆེ་ལ་ས་ཁད་མཐོ་བའི་སློབ་གྲྭ་འབྲིང་ཆུང་ལ “ཡོད་པ་བཞིའི་ལས་གཞི ”ལག་བསྟར་བྱས་ནས་འཐུང་ཆུའི་ལས་གྲྭ་དང་། གཟུགས་འཁྲུ་ཁང་། དྲོད་སྲུང་ཁྱམས་ར། ཚལ་དོང་བཅས་100རེ་གསར་རྒྱག་བྱེད་རྒྱུ། སློབ་གྲྭ་འབྲིང་ཆུང་གི་སློབ་སྦྱོང་སྦྱངས་འབྲས་ལ་གདེང་འཇོག་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་རྒྱུ་དང་། “སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་འགན་སྲུང ”གི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་སྒོ་ཚང་དུ་བཅས་བཏང་ཐོག ལོ་དགུའི་འགན་བབས་སློབ་གསོ་སྲ་བརྟན་གཏོང་ཚད་88.9%ཟིན་རྒྱུར་འགན་ལེན་བྱེད་རྒྱུ་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་ཇེ་ལེགས་སུ་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཞུགས་བསྡུར་ཚད་ལུགས་མཐུན་གཏན་འཁེལ་བཟོས་ཏེ་ས་གནས་དང་གྲོང་ཁྱེར་ཁག་ཚང་མར་ཁྱད་ཆོས་ལྡན་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་ཡག་པོ་གཉེར་རྒྱུར་གཙོ་གནད་དུ་རོགས་སྐྱོར་བྱེད་དགོས་པ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཁག་4གསར་སྐྲུན་བྱེད་རྒྱུ་དང་སློབ་གྲྭ་ཁག་5བཟོ་བཅོས་རྒྱས་སྐྲུན་བྱས་ཐོག སྔོན་མངག་གསོ་སྐྱོང་དང་འགྲོ་ཁུངས་གཏན་འཁེལ་གྱི་གསོ་སྐྱོང་བྱེད་རྒྱུ་དང་། “ཞིང་དུད +ཀུང་སི +སློབ་གྲྭ ”ཡི་སློབ་གཉེར་བྱེད་སྟངས་འཚོལ་ཞིབ་བྱེད་རྒྱུ། “གཅིག་ལ་གཅིག་སྦྱར ”གྱི་ག་སྦྱར་རོགས་སྐྱོར་བྱེད་ལམ་འཛུགས་རྒྱུ་དང་། ནང་སའི་སློབ་གྲྭ་དང་སློབ་གསོའི་ཚོགས་པས་རང་ལྗོངས་ཀྱི་ལས་རིགས་སློབ་གྲྭ་དང་མཉམ་དུ་སློབ་མ་བསྡུ་རྒྱུ་དང་། ལས་ཞུགས་མཉམ་ལས། མཉམ་འབྲེལ་གསོ་སྐྱོང་བཅས་བྱེད་རྒྱུར་སྐུལ་ལྕག་བཏང་སྟེ་རང་བྱུང་དང་། བཟོ་སྐྲུན། ཞིང་ལས། སྨན་པ་བཅས་རིགས་ཀྱི་ཆེད་ལས་བསྡུར་ཚད་ཤུགས་ཆེར་བཏང་སྟེ་མཐོ་རིམ་སློབ་གྲྭའི་ཚན་རྩལ་སྡེ་གླིང་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། དམིགས་བསལ་སློབ་གསོ་དང་མུ་མཐུད་སློབ་གསོ་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ།

        2. གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་22བཀོད་སྒྲིག་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

        སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་མཁོ་ཆོད་སྨན་པ་དཀའ་བཅུ་པའི་གསོ་སྐྱོང་རྟེན་གཞི་དང་། སྨན་རྩིས་ཁང་། སྨྱོ་ནད་འཕྲོད་བསྟེན་འགོག་བཅོས་ལྟེ་གནས། མི་དམངས་སྨན་ཁང་ཨང་གསུམ་པ་སོགས་ལས་གྲྭའི་འཛུགས་སྐྲུན་དོ་དམ་ལས་དོན་ཡག་པོ་སྤེལ་རྒྱུ། རང་སྐྱོང་ལྗོངས་ཀྱི་ནད་གཞི་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་རང་སྐྱོང་ལྗོངས་ཀྱི་བྱིས་པའི་སྨན་ཁང་(མ་བུའི་བདེ་སྲུང་ཁང་)སོགས་རྣམ་གྲངས་ལས་འགོ་འཛུགས་གང་ཐུབ་བྱེད་རྒྱུ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་ཐེམ་ཁུངས་ཡིན་པའི་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་ཐོན་སློབ་མ་སྔོན་ལ་འཕྲོད་བསྟེན་ལས་གནས་ཐོག་ལས་ཞུགས་ཐུབ་པ་བྱེད་རྒྱུ་དང་། གྲོང་གསེབ་སྨན་དོན་མི་སྣར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་འཕྲོད་བསྟེན་དཔུང་ཁག་བརྟན་པོ་ཡོང་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོར་རིན་མེད་བརྟག་དཔྱད་བྱེད་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱེད་པའི་རྒྱུན་གཏན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་འགན་སྲུང་གི་ཁེབས་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་སྲིད་གཞུང་གི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ་སྨན་བཅོས་འགན་སྲུང་གཏོང་སྤྲོད་ཀྱི་བསྡུར་ཚད་དང་སྨན་བཅོས་འགན་སྲུང་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྔར་བས་མཐོ་རུ་གཏོང་རྒྱུ། སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བྱ་ཐབས་ལེགས་བཅོས་བྱེད་རྒྱུ་དང་། སྨན་བཅོས་ཀྱི “གཱ་གཅིག་ཀུན་འཐུས ”ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ་གཞི་རྩའི་སྨན་བཅོས་འགན་བཅོལ་དུས་ཐོག་ཏུ་དུས་རྩིས་རྒྱག་རྒྱུ་མངོན་འགྱུར་ཐུབ་པ་བྱེད་རྒྱུ། ནད་ཆེ་རིགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་དྲ་བ་བརྟན་པོ་འཛུགས་རྒྱུ། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་མུ་མཐུད་ལག་བསྟར་གཏོང་རྒྱུ་དང་གཞི་རིམ་ལས་ཁུངས་ཀྱི་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རིམ་བཞིན་དྲང་སྙོམས་ཆགས་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི “སྐྲན་གཉིས ”བརྟག་དཔྱད་དང་། ཕྲུ་གུ་མ་འཁོར་སྔོན་དང་ཕྲུ་གུ་འཁོར་སྐབས་སྨན་ཡེ་སོན་གཏོང་བ་དང་སྨན་ཁང་དུ་ཕྲུ་གུ་སྐྱེ་བསུ་བྱེད་པའི་ཁ་གསབ་རོགས་སྐྱོར་བྱེད་རྒྱུ། ཕྲུ་གུ་དབང་སྐྱོན་ཅན་གྱི་རིགས་སྐྱེ་བར་འགོག་ཐབས་བྱེད་རྒྱུ་དང་། གྲུམ་བུ་ཚིགས་ཆེན་ནད་སོགས་ཡུལ་ནད་དང་འགོས་ནད་ཆེ་རིགས་འགོག་བཅོས་བྱེད་རྒྱུ་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཆེ་རིགས་དམ་འཛིན་ཡག་པོ་བྱས་ཏེ་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་སྐྱེ་བསུ་བྱེད་ཚད་84%ཟིན་པ་བྱེད་རྒྱུ། སྦྲུམ་མ་དང་། ཕྲུ་གུ་དམར་འབྱར། ལོ་ལྔར་སོན་པའི་བྱིས་པ་བཅས་ཤི་ཚད་མངོན་གསལ་དོད་པོས་ཉུང་དུ་འགྲོ་ཐུབ་པ་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེ་བཏང་སྟེ་གཞི་རིམ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་རྒྱུ། དམངས་གཉེར་སྨན་ཁང་རིགས་སྨན་བཅོས་འགན་སྲུང་གི་དམིགས་འཛུགས་ཁྱབ་ཁོངས་ནང་བཅུག་ཆོག

        3.ཚན་རྩལ་རིག་གནས་གོང་འཕེལ་ཆེན་པོ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཚན་རྩལ་གསར་གཏོད་དང་འབྲས་བུ་དངོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་མཉམ་འདོན་གྱིས་ཁྱད་ལྡན་ཞིང་འབྲོག་ལས་དང་། འཐུང་ཆུའི་ལས་རིགས་རྩེ་གྲ ནུས་རྒྱུ་གཙང་མ། བོད་ལུགས་གསོ་རིག་དང་བོད་སྨན། འབྱུང་འཕྲོད་ཤིང་འབྲས་ལས་རིགས་སོགས་ཀྱི་ཁྱབ་ཁོངས་ཀྱི་ལག་རྩལ་བེད་སྤྱོད་དང་ཞིབ་འཇུག་བྱེད་རྒྱུར་འགག་སྒྲོལ་ཐུབ་པ་བྱེད་རྒྱུ། ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཁག་གཅིག་གཙོ་གནད་དུ་འཆར་འགོད་གསར་སྐྲུན་བྱས་ཏེ་རང་ལྗོངས་ཀྱི་ཚན་ཞིབ་ལས་སྟེགས་འདེགས་སྐྱོར་གྱི་ཚན་རྩལ་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་རྒྱུ། མུ་མཐུད “བཅུ་བརྒྱ་སྟོང་ཁྲིའི ”ཚན་རྩལ་གསར་གཏོད་མི་སྣ་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་ཚན་རྩལ་མི་སྣ་གོང་འཕེལ་གཏོང་རྒྱུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤང་དང་གྲོང་རྡལ་353གྱི་ཞིང་འབྲོག་ཚན་རྩལ་མ་ལག་འཛུགས་སྐྲུན་ལེགས་གྲུབ་བྱེད་རྒྱུ། ཚན་རྩལ་མངགས་གཏོང་པའི་དོ་དམ་བྱ་ཐབས་གསར་པ་མཁོ་འདོན་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་ཚན་རྩལ་མངགས་གཏོང་པ་ཁེབས་ཚད་90%ཡན་ཟིན་པ་བྱེད་རྒྱུ། ཁེ་ལས་ཀྱི་ཆེད་དུ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། གཉེར་སྐྱོང་། དོ་དམ། ཤེས་རིག་བདག་དབང་སྲུང་སྐྱོབ་སོགས་ཐད་ཀྱི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ། གྲོང་གསེབ་དང་རིག་གནས་འཛུགས་སྐྱོང་གོང་འཕེལ་རྗེས་སུ་ལུས་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མུ་མཐུད་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་དབྱེ་འབྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཙོ་གནད་སྤྱི་པའི་རིག་གནས་ལས་གྲྭ་དང་རིག་གནས་རྣམ་གྲངས་འཛུགས་སྐྱོང་གང་མགྱོགས་བྱས་ཏེ་ལོ་འདིའི་ནང་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་543གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས་དང་རྫོང་ཁག་39ཡི་རྫོང་རིམ་པའི་མི་རིགས་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱེད་སའི་རྣམ་གྲངས་ཚང་མ་འཛུགས་སྐྲུན་ལས་མཇུག་སྒྲིལ་ནས། རྣམ་གྲངས་80%ལྷག་བེད་སྤྱོད་ཐུབ་པ་བྱེད་རྒྱུ། ས་གནས་དང་གྲོང་ཁྱེར་རིམ་པའི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་རྒྱུ་དང་། བོད་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལྟེ་གནས་དང་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལྟེ་གནས་ཀྱི་སྔོན་གྲབས་ལས་ཀ་ཇེ་མགྱོགས་སུ་གཏོང་རྒྱུ། རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཟོ་བཅོས་རྒྱས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་འཛུགས་རྒྱུ། རིག་གནས་ཐོན་ཁུངས་མཉམ་སྤྱོད་ལས་གཞི་དང་གསར་འགྱུར་དཔེ་སྐྲུན “ཤར་རླུང་ལས་གཞིར ”སྐུལ་འདེད་གཏོང་རྒྱུ། དཔལ་འཁོར་ཆོས་སྡེ་དང་མཐོ་ལྡིང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གཞི་འཛུགས་སྐྲུན་གྱི་ལས་འགོ་འཛུགས་རྒྱུ།

        4.མང་ཚོགས་ཀྱིས་རེ་འདུན་བྱེད་སར་དོ་སྣང་བྱེད་རྒྱུ། ཡོང་འབབ་བགོ་འགྲེམས་ཀྱི་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ཡོང་འབབ་བགོ་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གླ་ཕོགས་རྒྱུན་གཏན་བཞིན་འཕར་སྣོན་ཡོང་བ་བྱེད་རྒྱུའི་ལམ་སྲོལ་ཆ་ཚང་དུ་གཏོང་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་གོམ་པ་མཉམ་མཚུངས་ཡོང་བ་བྱེད་རྒྱུ་དང་། ངལ་རྩོལ་པའི་ཐོབ་ཆ་མཐོ་རུ་གཏོང་རྒྱུ་དང་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་རྒྱུ་གོམ་པ་མཉམ་མཚུངས་ཀྱིས་མངོན་འགྱུར་ཡོང་བ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་དེ་8%དང་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་འབབ་སྨར་དེ་13%འཕར་སྣོན་ཡོང་བ་འགན་ལེན་བྱེད་རྒྱུ། ལས་ཞུགས་དམངས་ཕན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཐེམ་ཁུངས་བོད་ནས་ཡིན་པའི་འདི་ལོའི་སློབ་ཆེན་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་འགན་ལེན་བྱས་ནས་གྲོང་ཁྱེར་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་2.3གསར་འཕར་ཐུབ་པ་བྱེད་རྒྱུ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་90སྤོ་འགྱུར་ཐུབ་པ་བྱེད་རྒྱུ། “བརྒྱད་འཛོམས་ཞིང་དུད ”ལས་གཞི་གང་མགྱོགས་ལག་བསྟར་བྱས་ཏེ་སྲིད་འཛིན་གྲོང་ཚོ་1000གི་མི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་ལེགས་འགྲུབ་བྱེད་རྒྱུ། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཕོངས་མི་འབོར་ཁྲི་13བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུར་འགན་ལེན་བྱེད་རྒྱུ། ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གཞི་མཇུག་སྒྲིལ་ལས་ཀ་ཡག་པོ་སྒྲུབ་རྒྱུ་དང་། ས་ཁད་མཐོ་བའི་རྫོང་གྲོང་ལ་ཆུ་འཁྲིད་རྒྱུ་དང་། དགོན་པར་ཆུ་འཁྲིད་རྒྱུ། མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་ལ་དྲོད་རླངས་གཏོང་རྒྱུ། ནག་ཆུ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་དམངས་འཚོའི་ལས་གཞི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཡོང་འབབ་དམའ་འབྲིང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་དགོས་མཁོ་སྐོང་ཐུབ་པ་བྱེད་རྒྱུ་དང་། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་པ་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་ཡོང་མཁན་ལ་སྤྱི་པའི་བོགས་གཏོང་ཁང་པ་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ས་གནས་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གསར་འཛུགས་དང་རྒྱས་སྐྲུན་བྱེད་རྒྱུ་དང་། རྫོང་རིམ་པའི་འགན་ལེན་ལྔ་གཅིག་སྡུད་འཚོ་སྐྱོང་བྱེད་གནས་ཀྱི་ལས་གཞི་ཁག་20སྐྲུན་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གནོད་འཚེ་བྱུང་རྗེས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་འོས་འཚམ་བྱེད་རྒྱུ། གློ་བུར་དུ་ཐོན་པའི་རང་བྱུང་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་མཐོ་རུ་གཏོང་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་བདེ་འཇགས་ཀྱི་ལས་འཛོལ་ཆེ་རིགས་དང་དམིགས་བསལ་རིགས་མི་ཐོན་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ།

        (བཞི ) ཁོར་ཡུག་ལ་དམ་འཛིན་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ།

        1.འབྱུང་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། གཙོ་རྐང་བྱེད་ནུས་ཁུལ་ལག་བསྟར་བྱེད་རྒྱུའི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་། “གཙང་གཉིས་ཆུ་བཞི ”རྒྱུག་ཁུལ་གྱི་ནགས་གསོ་སྔོ་འགྱུར་ལས་གཞི་འགོ་འཛུགས་རྒྱུ་དང་། མུའུ་ཁྲི་100ཡན་གྱི་ནགས་གསོ་ནགས་སྐྱོང་འཆར་འགོད་བཟོས་ཏེ་གཙང་པོ་དང་ཆུ་བོ་ཆེ་རིགས་ཀྱི་ཆུ་འགོ་དང་། རྩྭ་ཐང་། གཤེར་ས། རང་བྱུང་ནགས་ཚལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་དང་། ཆུ་དཔྱད། གནམ་གཤིས་ས་ཚུགས་དྲ་བ་བཅས་བཀོད་སྒྲིག་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མི་ཐབས་ཀྱི་ཤུགས་རྐྱེན་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ནུས་པ་མཐོ་རུ་བཏང་ཐོག རང་བྱུང་གནོད་འཚེའི་སྔོན་ཚུད་ཉེན་བརྡ་དང་སྔོན་བརྡ་གཏོང་ཚུལ། ཞོད་ཐན་སྔོན་འགོག་བཅས་ཀྱི་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་ནུས་ལྡན་སྲུང་སྐྱོབ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུ་འཚོལ་ཞིབ་བྱས་ཏེ་རྩྭ་ཐང་དང་། ནགས་ཚལ། གཤེར་ས། མཚེའུ་སོགས་འབྱུང་ཁམས་སྐྱོང་གསབ་བྱེད་ཁོངས་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་ཕན་པ་ཐོབ་རྒྱ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་སྦྲགས། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་ཤུགས་རྐྱེན་མི་ཐེབས་པ་བྱེད་རྒྱུ། གནོད་འགོག་གེཌ་སེལ་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེ་འགོག་ནུས་མཐོ་རུ་གཏོང་རྒྱུ།

        2.ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་སྲིད་ཇུས་ལག་བསྟར་ནན་པོ་བྱེད་རྒྱུ། ཟད་གྲོན་ཆེ་བའི་ཁེ་ལས་དང་། སྤྱི་པའི་ལས་ཁུངས། དེ་བཞིན་ཨར་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སོགས་གཙོ་བོར་བཟུང་ཐོག ཁེ་ལས་ཁྲི་ཕྲག་མང་པོས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་བྱ་སྤྱོད་སྤེལ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་གནོད་མེད་ཨར་སྐྲུན་ཇུས་གཞི་ལག་བསྟར་བྱེད་རྒྱུ། རྒྱལ་ཁབ་ཀྱི་ནུས་རྒྱུ་བསྲི་ཚགས་ཐོན་རྫས་དང་ལག་རྩལ་ཁྱབ་སྤེལ་གཏོང་བའི་དཀར་ཆག་ལག་བསྟར་ནན་པོ་བྱས་ནས་ནུས་རྒྱུ་བསྲི་ཚགས་ཀྱི་སྔོན་ཐོན་ལག་རྩལ་དང་རྒྱུ་ཆ་ཁྱབ་སྤེལ་བེད་སྤྱོད་གཏོང་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུ། ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། བཤངས་འབུད་ཆེ་བ་བཅས་ཀྱི་རྣམ་གྲངས་ལ་ཚོད་འཛིན་ནན་པོ་བྱས་ནས་སྦགས་བཙོག་དངོས་རིགས་གཙོ་གྲས་བཤངས་འབུད་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོ གས་སུ་བཏང་ནས་2015ལོར་སླེབས་སྐབས་ས་གནས་དང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་། བེད་མེད་སྨན་རྫས་གཙང་སེལ་ལྟེ་གནས། གད་སྙིགས་སྦས་ས་བཅས་སྐྲུན་ཐུབ་པ་བྱས་ནས་འཁོར་སྐྱོད་གཉེར་སྐྱོང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ། བསྐྱར་སྤྱོད་ནུས་རྒྱུ་གོང་འཕེལ་ཤུགས་ཆེ་བཏང་སྟེ་ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས། རྫབ་རླངས་སོགས་ཀྱི་ནུས་རྒྱུ་བེད་སྤྱོད་བྱེད་རྒྱུ་དང་། དེ་བཞིན་བསྐྱར་སྤྱོད་ནུས་རྒྱུ་དང་ཨར་སྐྲུན་གཞི་གཅིག་ཅན་གྱི་ཚན་ཞིབ་དང་། གསར་སྤེལ། འཛུགས་སྐྲུན་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་། ཐོན་ལས། སྤྱི་ཚོགས་བཅས་ཐད་ཀྱི་འཁོར་སྐྱོད་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འཚོལ་ཞིབ་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་བྱ་ཐབས་དང་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ནས་ཇོ་མོ་གླང་མ་དང་། སྨར་ཁམས། སེར་གླིང་མཚོ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་རོང་ཤུར་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་དང་བྱེད་ནུས་ཁུལ་ལེགས་སྒྲིག་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུ་བཅས་ཡིན།

        (ལྔ ) བསྒྱུར་བཅོས་དམ་འཛིན་བྱས་ནས་སྒོ་དབྱེའི་རང་བཞིན་གྱི་གོང་འཕེལ་གཏོང་བའི་ལེགས་ཆ་གསར་པ་སྐུལ་སློང་བྱེད་རྒྱུ། 1.དཔལ་འབྱོར་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བསམ་འཆར་ལག་ལེན་དོན་འཁྱོལ་བྱས་ཏེ་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ནང་ཁྲོམ་རའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རང་ལྗོངས་ཀྱི་རྒྱུ་ནོར་བདག་དབང་ཉོ་ཚོང་ལས་སྟེགས་འཛུགས་ཐབས་འཚོལ་ཞིབ་བྱེད་རྒྱུ། ས་ཆའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་རྨོ་ཞིང་དང་རྩྭ་ར་གོ་རིམ་ལྡན་པའི་སྒོ་ནས་སྒྱུར་བཤུག་གཏོང་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཁ་གསབ་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་ལམ་སྲོལ་ལམ་ལུགས་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཞིང་གློག་ལམ་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། ཆུ་ཤུར་རྫོང་གི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་མུ་མཐུད་དམ་འཛིན་བྱེད་རྒྱུ། གྲོང་གསེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འཛུལ་རྒྱུའི་སྐུལ་སྤེལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ས་ཆའི་རིམ་པ་གཉིས་པའི་ཁྲོམ་ར་འཛུགས་ཐབས་འཚོལ་ཞིབ་བྱེད་རྒྱུ། གཞུང་ཁོངས་རྒྱུ་ནོར་མ་རྩ་ཅན་དང་འཛིན་ལོར་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་འགྲིམ་འགྲུལ་དང་། ནུས་ཁུངས། ཡུལ་སྐོར་སོགས་ལས་རིགས་རང་བཞིན་གྱི་གཞུང་ཁོངས་མ་རྩའི་འཁོར་སྐྱོད་གཉེར་སྐྱོང་ཀུང་སི་འཛུགས་རྒྱུ། ལྗོངས་ཕྱིའི་གཞུང་ཁོངས་ཁེ་ལས་དང་། སྤྱི་དབང་མིན་པའི་ཁེ་ལས་ཆེ་གྲས་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་དང་མཉམ་ལས་བྱེད་པའི་ནང་ཞུགས་རྒྱུར་སྐུལ་ལྕག་ཁྲིད་སྟོན་བྱས་ནས་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། གཞུང་ཁོངས་མ་རྩ་བདག་གཉེར་གྱི་སྔོན་རྩིས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་བདག་གཉེར་མི་སྣའི་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ། གཞུང་ཁོངས་ཁེ་ལས་ཀྱི་བདག་གཉེར་མ་འཇོག་གི་འགན་འཁྲི་རྩད་གཅོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཞུང་ཁོངས་ཁེ་ལས་དེ་མི་ལ་དོ་དམ་བྱེད་པ་ནས་མ་རྩར་དོ་དམ་བྱེད་པར་སྒྱུར་རྒྱུ་དང་། རང་ལྗོངས་ཀྱི་དོ་དམ་ཁེ་ལས་ཡོངས་ལ་ཁྲིམས་ཚན་བདག་སྐྱོང་སྒྲིག་གཞི་འཛུགས་རྒྱུ། མ་དངུལ་འཇོག་རྒྱུའི་ལམ་སྲོལ་བསྒྱུར་བཅོས་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་རིགས་འདྲ་མིན་གྱི་མ་འཇོག་རྣམ་གྲངས་དེ་བོད་ཀྱི་བརྟན་ལྷིང་དང་འབྱུང་ཁམས་བདེ་འཇགས་དང་། ལྗོངས་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་གལ་ཆེན། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་གསར་སྤེལ། སྤྱི་པའི་ཁེ་ཕན་གལ་ཆེན་སོགས་དང་འབྲེལ་བ་ཡོད་རིགས་ཕུད་དེ་བྱིངས་ཚང་མ་ཁེ་ལས་ཀྱིས་ཁྲིམས་ལུགས་དང་སྒྲིག་སྲོལ་གཞིར་བཟུང་རང་བདག་གིས་ཇུས་ཐག་གཅོད་པ་ལས་སྲིད་གཞུང་གིས་ཞིབ་མཆན་འགོད་རྒྱུ་མིན་པས་ལས་དཀྱིལ་ལས་མཇུག་གི་ལྟ་སྡོམ་ལ་གཙོ་གནད་དམ་འཛིན་བྱེད་རྒྱུ། མ་དངུལ་འཇོག་རྒྱུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་སྲིད་གཞུང་གིས་ཁ་གསབ་དང་། ཁྲོམ་རས་ཁྲིད་སྟོན། དངུལ་རྩས་འགྱོགས་འདེགས་བཅས་བྱེད་པའི་གོང་འཕེལ་ལམ་སྲོལ་བཙུགས་ཐོག དམངས་ཁྲོད་ཀྱི་མ་རྩ་དེ་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཕན་བྱ་གཞག ཐོན་ཁུངས་གསར་སྤེལ། ཁྱད་ལྡན་ཐོན་ལས་བཅས་ཀྱི་ཁྱབ་ཁོངས་ནང་འཇོག་རྒྱུར་སྐུལ་ལྕག་ཁྲིད་སྟོན་བྱེད་རྒྱུ། ལོ་དུས་བརྒལ་བའི་སྔོན་རྩིས་སྙོམས་སྒྲིག་ལམ་སྲོལ་འཛུགས་པ་དང་། སྲིད་གཞུང་གི་བུན་དབང་ཉེན་ཟོན་དོ་དམ་དང་སྔོན་ཚུད་ཉེན་བརྡའི་བྱ་ཐབས་ཞིབ་འཇུག་བཟོ་འདོན་བྱེད་རྒྱུ། རིམ་ཁག་སྲིད་གཞུང་གི་ཁག་ཐེག་དང་མ་དངུལ་བསྡུ་སྤྱོད་བྱེད་རིགས་ལུགས་མཐུན་ཚད་ལྡན་བཟོས་ནས་འགོ་ཁྲིད་ལས་བྱེད་པ་ལས་གནས་མ་བྲལ་གོང་གི་རྩིས་བཤེར་དང་བུན་འགན་ཚེ་གང་འགན་འཁུར་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་རྒྱུ། རང་སྐྱོང་ལྗོངས་དང་། ས་གནས་གྲོང་ཁྱེར། རྫོང་བཅས་ལ་ས་གནས་སྔོན་རྩིས་ཀྱི་ཡོང་འབབ་བགོ་འགྲེམས་བྱེད་པའི་བསྡུར་ཚད་ལེགས་སྒྲིག་འོས་འཚམ་བྱེད་རྒྱུ་དང་། ཀྲུང་དབྱང་གི་ཁྲལ་བསྡུ་ཕྱིར་སློག་བྱེད་རྒྱུ་དེ་རྩ་བའི་ཆར་རང་སྐྱོང་ལྗོངས་ནོར་སྲིད་ནས་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ། ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་ཁད་མཐོ་ལ་གྲང་ངར་ཆེ་བ་དང་། ས་ཐག་རིང་བ། མཐའ་མཚམས། དབུལ་ཕོངས་བཅས་ཀྱི་ས་ཁུལ་ལ་གཙོ་གནད་འཕར་གཟིགས་བྱེད་རྒྱུ། ཁྲལ་བསྡུ་གཟིགས་སྐྱོང་གི་སྲིད་ཇུས་ཚད་ལྡན་གཙང་བཤེར་དང་། ཐོན་ཁུངས་དཔྱ་ཁྲལ་གོང་བསྟུན་བསྡུ་ལེན་བྱེད་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས “ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བའི ”ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་སྟེ་ཁེ་ཆུང་ཁེ་ལས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། དམངས་ཁྲོད་ཀྱི་མ་དངུལ་གོང་འཕེལ་བཏང་ནས་དངུལ་ཁང་ཆུང་གྲས་སུ་འགྱུར་རྒྱུར་སྐུལ་ལྕག་གཏོང་རྒྱུ། དངུལ་རྩའི་གཙོ་རྐང་མང་འཕེལ་སྟོབས་ཆེར་གཏོང་བ་དང་། དངུལ་རྩ་གསར་གཏོད་བྱེད་པར་སྐུལ་ལྕག་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་ཁེ་ལས་ཁྲོམ་འགྲེམས་བྱེད་རྒྱུ་དང་ཁྲོམ་འགྲེམས་ཀུང་སིས་བསྐྱར་དུ་མ་དངུལ་བསྡུ་སྤྱོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་ལོ་འདིའི་ནང་ཁྲོམ་འགྲེམས་ཁེ་ལས་2མང་དུ་འགྲོ་ཐུབ་པ་བྱེད་རྒྱུ། སྲིད་གཞུང་གིས་མ་དངུལ་བསྡུ་སྤྱོད་བྱེད་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་ཀྱི་བུན་འཛིན་དང་ཁེ་ལས་ཀྱི་བུན་འཛིན་འགྲེམ་སྤེལ་འཚོལ་ཞིབ་བྱས་ནས་མ་དངུལ་ཐད་ཀར་བསྡུ་སྤྱོད་ཀྱི་བསྡུར་ཚད་མཐོ་རུ་འགྲོ་བ་བྱེད་རྒྱུ། རྒྱུ་གཙོའི་རིན་གོང་ཁྲོམ་ར་སྔར་བས་མཐུན་སྦྱོར་བྱས་ནས་དུས་འཚམ་ངེས་སུ་ཆུ་དང་། གློག སོལ་རླངས་བཅས་ཀྱི་སྤྱི་སྤྱོད་བྱ་གཞག་གི་ཐོན་རྫས་རིན་གོང་བསྒྱུར་བཅོས་བྱེད་རྒྱུ་དང་རིན་གོང་སྙོམས་སྒྲིག་ཐེབས་རྩའི་ལམ་ལུགས་ཇེ་མགྱོགས་འཛུགས་རྒྱུ་བཅས་ཡིན།

        2.ཕྱི་ནང་གཉིས་ཀྱི་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ། ཕྱི་ནང་གཉིས་ཀྱི་སྒོ་དབྱེ་ཇེ་ཟབ་ཏུ་བཏང་ནས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་སྤེལ་ཡུལ་དུ་ཧུར་ཐག་ཚུད་པ་བྱས་ཏེ་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་རྒྱུའི་ནང་ཐེ་ཞུགས་ཐུབ་པ་བྱས་ཐོག ཟི་ཁྲོན་དང་ཁྲུང་ཆིང་གི་སྲོལ་རྒྱུན་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྔར་བས་སྲ་བརྟན་དུ་བཏང་སྟེ་ནང་ས་དང་ལྷག་པར་དུ་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་གསར་སྤེལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མཐོ་རྩེའི་མཐུད་སྦྱོར་བྱས་པ་བརྒྱུད་ཤར་རྒྱུད་མཚོ་འགྲམ་གྱི་དཔལ་འབྱོར་དར་རྒྱས་ཆེ་བའི་ཁུལ་ནང་ཞུགས་ཐུབ་པ་བྱེད་རྒྱུ། ཐོ་འཇུག་ལྷུག་ཏུ་གཏོང་བ་དང་། ཁྲལ་འཁྲི་ཡང་དུ་གཏོང་བ། འདེགས་སྐྱོར་ཆེ་རུ་གཏོང་བ། ཞིབ་བཤེར་ཉུང་དུ་གཏོང་བ། ངར་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་བཟོ་ཚོང་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ “མ་རྩ་མེད་ཀྱང་ཐོ་འགོད ”བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཁྲོལ་འཛིན་སྔོན་ལ་ཞུ་བ་དང་ལས་གཉེར་ལག་ཁྱེར་རྗེས་ལ་ལེན་དགོས་པའི་བྱེད་སྟངས་དེ་ལས་གཉེར་ལག་ཁྱེར་སྔོན་ལ་ཞུ་བ་དང་འཁྲོལ་འཛིན་རྗེས་ལ་ལེན་རྒྱུའི་ཕྱོགས་སུ་སྒྱུར་རྒྱུ་དང། མ་རྩ་ཐོ་འགོད་བྱེད་རྒྱུའི་ཐད་དངུལ་སྨར་ཐོ་འཇལ་ལམ་ལུགས་ནས་འཇལ་སྒྲུབ་ཁས་ལེན་ལམ་ལུགས་སུ་སྒྱུར་རྒྱུ། “གཤམ་གློད་ལྔ ”དང “རྒྱབ་སྐྱོར་དྲུག ”གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་དང་གོང་འཇལ་ཁྲལ་བབ་ཁག་སོ་སོར་15%ཡན་འཕར་སྣོན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ཚོང་འགུག་མ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ “ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་དུ་སྐྱོད ”ཅེས་པའི་གྲོས་དོན་མཆན་འགོད་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ཏེ་ཚོང་འགུག་མ་འདྲེན་གྱི་མ་དངུལ་15%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། མཐོ་ས་ནས་འགོ་འཛུགས་རྒྱུ་གཏན་འཁེལ་གྱིས་གཅིག་གྱུར་འཆར་འགོད་དང་རིམ་དབྱེ་ལག་བསྟར་བྱས་ཏེ་སྐྱིད་རོང་དང་། འགྲམ་སོགས་ཀྱི་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ “ཁུལ་བརྒལ་ཁྲལ་མེད ”ཚོད་ལྟ་བྱེད་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ནས་འགག་སྒོའི་རང་མོས་ཉོ་ཚོང་ཁུལ་འཛུགས་རྒྱུ་འཚོལ་ཞིབ་བྱས་ཐོག ཨེ་ཤི་ཡ་ལྷོ་མའི་སྐམ་ས་ཆེན་པོའི་ཚོང་འགྲུལ་འགྲོ་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོ གས་སུ་གཏོང་རྒྱུ་བཅས་ཡིན།

        3.བོད་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་ལ་གཞོགས་འདེགས་ཀྱིས་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བཞུགས་མོལ་ཚོགས་འདུའི་གྲ་སྒྲིག་ཡག་པོ་བྱེད་རྒྱུ། དཔལ་འབྱོར་ཐད་ཀྱི་བོད་སྐྱོར་དང་། ཆེད་ལས་ལག་རྩལ་མི་སྣའི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར། ལས་བྱེད་པའི་བོད་སྐྱོར་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀའི་ཧུར་སེམས་འདོན་སྤེལ་གང་ལེགས་བྱེད་རྒྱུ། ལོ་ངོ་20ཡི་ཚུན་དུ་བོད་སྐྱོར་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་སྔར་བས་ཚད་ལྡན་བཟོས་ཏེ་བོད་སྐྱོར་རྣམ་གྲངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བྱས་ནས་བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་30ཡན་ཟིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

        4.གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མི་འབོར་འཚམ་ལ་གོ་རིམ་ལྡན་པའི་འདུས་སྡོད་བྱེད་རྒྱུར་སྣེ་ཁྲིད་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྲོང་རྡལ་གསར་པ་ཅན་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གསར་པ་ཅན་དུ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་གྲོང་ཁྱེར་གྲོང་རྡལ་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར་བཟོ་འདོན་བྱས་ཐོག ཁྱོན་ཡོངས་ནས་གྲོང་ཁྱེར་གྲོང་རྡལ་གྱི་མ་ལག་འཆར་འགོད་ལག་བསྟར་བྱེད་པ་དང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྲོང་རྡལ་ཅན་དུ་སྒྱུར་བའི་ལས་དོན་ཚོགས་འདུ་སྐོང་ཚོགས་བྱེད་རྒྱུ། ཚོད་ལྟ་ཧུར་ཐག་སྤེལ་བ་དང་ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་རྒྱུ། གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་25%ཟིན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ས་གནས་གྲོང་ཁྱེར་དུ་སྒྱུར་རྒྱུ་དང་རྫོང་གྲོང་ཁྱེར་དུ་སྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་བཅས་ཡིན།

        (དྲུག ) རྨང་གཞིར་དམ་འཛིན་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་འགན་ལེན་བྱེད་རྒྱུ།

        1.གཞི་རིམ་སྲིད་དབང་དང་སྤྱི་ཚོགས་ཀྱི་དོ་དམ་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གི་རྫོང་དང་ཤང་གི་ཕྱོགས་བསྡུས་ལས་སྒོའི་ཁང་པ་འཛུགས་སྐྲུན་བྱེད་རྒྱུ་ལེགས་གྲུབ་བྱེད་རྒྱུ་དང་། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་གནས་གཅིག་གྱུར་འཆར་འགོད་བྱེད་པ་དང་གཞི་རིམ་ལས་བྱེད་ལས་བཟོའི་ལས་ཤག་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་རྒྱུ། འདི་ལོའི་ནང་ཞིབ་ཕྲའི་བྱ་ཐབས་གཏན་འཁེལ་བཟོས་ཏེ་གཞི་རིམ་གྱི་ལས་དོན་མི་སྣའི་ཐོབ་ཆའི་ཐད་ཀྱི་ཁ་གསབ་མཐོ་རུ་བཏང་ནས་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། མུ་མཐུད་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་གློ་བུར་དོན་རྐྱེན་ཐག་གཅོད་དང་བདེ་འཇགས་སྔོན་འགོག་ཚོད་འཛིན་སོགས་ཐད་ཀྱི་གཏོང་ཆ་མང་དུ་བཏང་ཐོག སྤྱི་བདེ་དང་། ཞིབ་དཔྱོད། ལྟ་ཞིབ། ཁྲིམས་ཁང་། ཁྲིམས་འཛིན། བདེ་འཇགས་སོགས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོ གས་སུ་གཏོང་རྒྱུ། སྲིད་ཁྲིམས་སྡེ་ཚན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ། སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་བཅས་ཀྱི་ནུས་པ་ཤུགས་ཆེར་གཏོང་རྒྱུ་བཅས་ཡིན།

        2.བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཁྱོན་ཡོངས་ནས་ལག་བསྟར་དང་། དྲ་མིག་ཅན་གྱི་དོ་དམ་དང་སྤྱི་ཚོགས་ཅན་གྱི་དོ་དམ་ཁ་ཕྱོགས་སུ་བྱས་ཏེ་གཞི་རིམ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་བ་དང་། “གཉིས་ལྡན་དུད་སྦྲེལ ”འཛུགས་སྐྱོང་བྱེད་སྒོ་ནན་ཏན་ངང་སྤེལ་བ། དུས་ཐེངས་གཉིས་པའི་རྨང་བརྟན་དམངས་ཕན་བྱེད་སྒོ་ཏན་ཏིག་སྤེལ་བ། འབུར་གསལ་ཅན་གྱི་སྤྱི་ཚོགས་བདེ་འཇགས་འགོག་བཅོས་ཚོད་འཛིན་མ་ལག་གསར་གཏོད་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་བཞིན་ཉེས་ཆད་གཅོད་པ། ཁྲིམས་འབྲེལ་ཞུ་གཏུག་གི་ཡིག་འབུལ་ཞུ་བཅར་རིགས་ཁྲིམས་ལྟར་མཐའ་བསྡོམས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག མི་དམངས་ནང་ཁུལ་གྱི་འགལ་ཟླ་སྣ་ཚོགས་འདུམ་སྒྲིག་ཐག་གཅོད་འོས་འཚམ་བྱེད་པ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱེད་རྒྱུ་ཡིན།

        འཐུས་མི་རྣམ་པ། འདི་ལོའི་དཔལ་འབྱོར་ལས་འགན་དཀའ་ཚེགས་ཆེ་ལ་དོན་སྙིང་ཡང་ཤིན་ཏུ་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསྒྱུར་འཕེལ་བརྟན་གསུམ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཐོག གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམ་པོར་དམིགས་ཏེ་ལམ་བཤངས་གསར་གཏོད་དང་བདེན་འཛིན་དངོས་སྒྲུབ་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཇེ་མགྱོགས་བཏང་སྟེ་འགག་སྒྲོལ་ལོའི་ལས་འགན་ཁག་ལེགས་གྲུབ་ཡོང་བ་འགན་ལེན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་ཁག་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་ཕྱིར་རྨང་གཞི་དེ་བས་བརྟན་པོ་ཞིག་འདིང་ཐུབ་པ་བྱེད་རྒྱུ་ཡིན། (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས )

        

        

        

        

        

        

        

        

        

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།