སྲིད་གཞུང་གི་ལས་དོན་སྙན་སྒྲོན།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བློ་བཟང་རྒྱལ་མཚན།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་གནང་བཞིན་པ།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
2013ལོའི་ལས་ཀར་ཕྱིར་མིག་བལྟ་བ།
2013ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། སྐབས་འདིའི་སྲིད་གཞུང་གི་འགོ་ཚུགས་ལོ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་དགོས་པའི ”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་བཅས་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བཀོད་ཇུས་མཐའ་འཁྱོངས་ཐོག སྒྱུར་འཕེལ་བརྟན་གསུམ་གྱི “འབྲེལ་བ ”ཐག་གཅོད་ཡང་དག་པ་བྱས་ཤིང་། སྐབས་རིམ་བྱུང་གི་སྲིད་གཞུང་ཚན་ཁག་གིས་བཏིངས་བའི་རྨང་གཞི་བརྟན་པོའི་ཐོག རང་ལྗོངས་ཀྱི་གོང་འཕེལ་དུས་མཚམས་ཀྱི་ཁྱད་ཆོས་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱས་ནས་ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་གཉིས་སྲ་བརྟན་དུ་བཏང་བ་དང་། ཁྱད་ལྡན་ཐོན་ལས་དང་འབྱུང་ཁམས་ཤེས་དཔལ་ལྡན་པར་འཛུགས་སྐྱོང་བྱེད་རྒྱུའི་གཙོ་གནད་གཉིས་མངོན་ཆེར་འཛིན་པ། དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་སྲུང་གཉིས་ལ་ཤུགས་སྣོན་རྒྱག་པ། བསྒྱུར་བཅོས་སྒོ་དབྱེ་དང་ག་སྦྱར་རོགས་སྐྱོར་གྱི་སྒུལ་ཤུགས་གཉིས་སྐུལ་སློང་བྱེད་པ། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་གཉིས་ཤུགས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྩ་གཉིས་སྲ་བརྟན་དུ་གཏོང་བ་བཅས “འཛིན་ཐབས་ཆ་དྲུག ”བཏོན་པ་དང་། དམངས་འཚོ་སྔོན་སྒྲུབ་དང་། ཁྲོམ་རས་སྐུལ་འདེད། རྣམ་གྲངས་ཀྱིས་སྐུལ་ཁྲིད། དངུལ་རྩས་འདེགས་སྐུལ། གསར་གཏོད་ཀྱིས་སྐུལ་འདེད། ཁོར་ཡུག་གིས་སྐུལ་སྐྱོང་བཅས་བྱེད་པའི “བྱ་ཐབས་དྲུག ”ཤུགས་ཆེ་རུ་བཏང་བ། ཞི་མཐུན་བརྟན་ལྷིང་དང་། འབྱུང་ཁམས་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི “མཐའ་ཚད་གསུམ ”དམ་བཟུང་བཅས་བྱས་ནས། གོང་འཕེལ་དང་བརྟན་ལྷིང་དོན་ཆེན་གཉིས་ནུས་ཤུགས་ཡོད་རྒུས་དམ་འཛིན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་གནང་བའི་ལོ་འཁོར་དམིགས་ཚད་དང་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
སྔོན་དཔག་ལྟར་ན། 2013ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་802ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་12.5%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་910ཟིན་པ་དེ་28%འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་289ཟིན་པ་དེ་16%འཕར་བ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་95ཟིན་པ་དེ་18.6%འཕར་བ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་6520ཟིན་པ་དེ་14%འཕར་བ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་20192ཟིན་པ་དེ་11%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འཁོད་ལས་ཤོར་བ་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། དེ་བཞིན་མ་འཇོག་གིས་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་རྣམ་གྲངས་ལ་སྡེབ་རྩིས་མ་འཇོག་དོན་འཁྱོལ་བྱུང་བ་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་། ལོ་འཁོར་སྤྱི་པའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1000ལས་བརྒལ་བ། ལོ་མཇུག་ཏུ་དངུལ་བུན་རིགས་ཁག་གི་ལྷག་དངུལ་སྒོར་དུང་ཕྱུར་1000ལས་བརྒལ་བ་བཅས་བྱུང་ཡོད། དཔལ་འབྱོར་གོང་འཕེལ་ལེགས་ཤིང་མྱུར་བ་དང་། དམངས་ཀྱི་འཚོ་བ་རྒྱུན་མཐུད་ནས་ལེགས་བཅོས་བྱུང་བ། འབྱུང་ཁམས་ཁོར་ཡུག་བཟང་པོ་བྱུང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བ། ཆོས་ལུགས་འཆམ་མཐུན་ལམ་ལྷོངས་བྱུང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ་བཅས་ཀྱི་རྣམ་པ་ཧ་ཅང་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
ལོ་གཅིག་རིང་ང་ཚོས་གཙོ་གནད་མངོན་ཆེ་དང་དཀའ་གནད་འགག་སྒྲོལ་བྱས་པ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་སྐུལ་སྤེལ་བཏང་ནས་གཙོ་བོ་གཤམ་གསལ་གྱི་ལས་ཀ་ཁག་དམ་འཛིན་བྱས་ཡོད་པ་སྟེ།
གཅིག
ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་འགག་སྒྲོལ་གསར་པ་བྱུང་བ།
ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་ཟམ་མི་ཆད་པར་མཐོ་རུ་སོང་བ། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་འགྱུར་བཅས་ཡོང་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་160.5ཟིན་པ་དེ་11.4%འཕར་ཡོད། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་སྟེ་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་96ཟིན་པ་དང་། ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཁག་སོ་སོར་ཀྲོན་ཁྲི་32དང་ཀྲོན་ཁྲི་36 སྔོ་ཚལ་ཐོན་འབོར་ཀྲོན་ཁྲི་80བཅས་ཟིན་ཡོད། ཚན་རྩལ་ཐོག་ནས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་སྔར་བས་ཆེ་རུ་སོང་ཞིང་། “མུའུ་ཁྲི་10.6གི་སར་བོད་ཀྱི་ནས་2000”རྟགས་ཅན་གྱི་འབྲུ་སྣ་གསར་པ་ཁྱབ་གདལ་བཏང་བར་མུའུ་རེའི་ཐོན་འབོར་སྤྱི་རྒྱ་26.5འཕར་ཡོད། བ་གླང་རྒྱུད་བཟང་སྤེལ་བའི་ལོ་བརྒྱད་ཀྱི་འཆར་འགོད་སྤེལ་འགོ་བཙུགས་ནས་རྒྱུད་བཟང་སྤེལ་བའི་བ་གླང་མགོ་གྲངས་ཁྲི་17.5ཟིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་གཉེར་དཔལ་འབྱོར་རྩ་འཛུགས་1850བར་འཕེལ་རྒྱས་བྱུང་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་ཚད་36.5%ཟིན་ཡོད། “བརྒྱད་འཛོམས་ཞིང་དུད ”ལས་གཞི་ཏན་ཏིག་སྤེལ་བས་གློག་མེད་ཁུལ་ལ་རྒྱུན་མཁོའི་གློག་གི་གནད་དོན་ཐག་གཅོད་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ལ་རྩ་བའི་ཆར་གནོད་མེད་འཐུང་ཆུ་སྤྱོད་རྒྱུ་ཡོད་པ་བཟོས་པ་བཅས་སྲིད་འཛིན་གྲོང་ཚོ་1000ཡི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་བྱས་ཡོད། དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཁག་2025ལག་བསྟར་བྱས་པ་དེས་དབུལ་ཕོངས་མི་འབོར་ཁྲི་12.8ཉུང་དུ་སོང་ཡོད། དུས་ཁག་གཉིས་པའི་རྨང་བརྟན་དམངས་ཕན་བྱེད་སྒོར་མ་དངུལ་སྒོར་དུང་ཕྱུར་32.2བཏང་ཡོད་པ་དང་རྣམ་གྲངས་ཁག་9316ལག་བསྟར་བྱས་ཡོད་པས་ཞིང་འབྲོག་ཁུལ་གོང་འཕེལ་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལྷག་པར་དུ་ལོ་8བསྟུད་མར་སྡེབ་རྩིས་མ་དངུལ་སྒོར་དུང་ཕྱུར་273.57བཏང་བའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་ཆ་ཚང་ལེགས་སྒྲུབ་ཟིན་ཞིང་། ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་46.03དང་ཞིང་འབྲོག་མང་ཚོགས་ཁྲི་230ཚང་མ་བདེ་འཇགས་གོ་ཆོད་ཀྱི་ཁང་པར་སྤོ་སྡོད་ཐུབ་པས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་བ་དང་འཚོ་བ་སྐྱེལ་སྟངས་ལ་རྩ་བ་རང་ནས་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འགག་སྒྲོལ་གསར་པ་བྱུང་བ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ལས་འགོ་བཙུགས་པ་188ཟིན་པ་དང་། དུས་དཀྱིལ་ཚོད་སྐོར་བཟོ་སྐྱོར་བྱས་པར་སྔོན་དཔག་བྱས་ན་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་102ཁ་སྣོན་བྱེད་རྒྱུ་རེད། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་380དོན་འཁྱོལ་བྱས་པ་དེ་30%འཕར་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བས་གོང་འཕེལ་གྱི་སྙུགས་ཤེད་སྔར་བས་ཆེ་རུ་སོང་ཡོད། གཞུང་ལམ་འགྲིམ་འགྲུལ་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུར་འགག་སྒྲོལ་གསར་པ་བྱུང་ཞིང་། ལྷ་ཉིང་གདང་རིམ་མཐོ་བའི་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་། བྲག་ཡིབ་ནས་ཀོང་པོ་རྒྱ་མདའ་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་ལས་འགོ་བཙུགས་པ་དང་། གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་ཁག་5ཡི་སྔོན་གྲབས་ལས་ཀ་རྩ་བའི་ཆར་ལེགས་སྒྲུབ་ཟིན་ཡོད། ཤིན་བོད་གཞུང་ལམ་གྱི་བོད་ལྗོངས་དུམ་བུར་སྣུམ་ནག་ལམ་བཟོས་ཡོད། མེ་ཏོག་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་རྒྱལ་ཡོངས་ནང་གཞུང་ལམ་མེད་པའི་རྫོང་མཐའ་མཇུག་ཡིན་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། སྣུམ་ལམ་ཤར་གཏོང་ཐུབ་པའི་རྫོང་3དང་ཤང་གྲོང་18མང་དུ་སོང་ཡོད། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུ་རྒྱ་སྐྱེད་བསྒྱུར་བཟོའི་ལས་གཞི་ཇེ་མགྱོ གས་སུ་བཏང་བ་དང་། ལྷ་གཞིས་ལྕགས་ལམ་ཆ་ཚང་བཏིངས་ཚར་བ། ལྷ་ཉིང་ལྕགས་ལམ་ཞིབ་འཇུག་དང་ལག་ལེན་བསྟར་འཐུས་ཀྱི་སྙན་སེང་ཞིབ་མཆན་ཞུ་བའི་ལས་དོན་ལེགས་སྒྲུབ་ཟིན་པ་བཅས་ཡིན། མཁའ་འགྲུལ་སྐྱེལ་འདྲེན་བྱེད་རྒྱུ་གོང་འཕེལ་ཇེ་མགྱོགས་སུ་སོང་ནས་མཁའ་ལམ་48བར་མང་དུ་སོང་བ་དང་མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་29ཟིན་ཡོད། ནུས་ཁུངས་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་གསར་པ་ཐོབ་ནས་གློག་འདོན་འཕྲུལ་ཤུགས་ཀྱི་སྤྱི་འབོར་ཆན་ཝ་ཁྲི་128ཟིན་ཡོད། གློག་དྲ་ཨ་མ་བཟོ་སྐྲུན་དང་གློག་མེད་ས་ཁུལ་དུ་གློག་འདོན་བྱེད་རྒྱུར་མ་དངུལ་སྒོར་དུང་ཕྱུར་40བཏང་ཡོད། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་འགོ་ཚུགས་ཤིང་། རྫམ་དང་། མགོ་རྡོག གཅོད་པ་བཅས་ཀྱི་གློག་ཁང་ཧུར་ཐག་ངང་རྒྱག་མུས་ཡིན། ཕོད་མདོ་ཆུ་བེད་ལྟེ་གནས་ཀྱི་འཕྲུལ་ཤུགས་ཐོག་མ་ནས་གློག་འདོན་འགོ་ཚུགས་ཡོད། རྫ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་འཆར་འགོད་ལ་རྒྱལ་ཁབ་ཀྱི་བཀའ་མཆན་ཐོབ་ཡོད། རྒྱ་ཚ་དང་། སྟག་མགོ སོལ་བ་རོང་བཅས་ཀྱི་གློག་ཁང་རྒྱག་རྒྱུའི་གྲ་སྒྲིག་ལས་གྲྭ་འགོ་བཙུགས་ཡོད། ཡར་ཀླུང་ཆུ་མཛོད་དང་ཉང་ཆུ་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་འགོ་བཙུགས་ཡོད། ལྗོངས་ཡོངས་ཀྱི་གྲོང་ལས་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མ་དངུལ་སྒོར་དུང་ཕྱུར་38.7བཏང་ཡོད། ལྷ་ས་གྲོང་ཁུལ་དུ་དྲོད་གཏོང་རྒྱུ་རྩ་བའི་ཆར་ཁེབས་ཐུབ་པ་བྱུང་བ་དང་། གྲོང་ཁུལ་རྙིང་པའི་བསྒྱུར་བཅོས་ལས་གྲྭ་བདེ་བླག་ངང་སྒྲུབ་ཟིན་ཡོད། ནག་ཆུ་གྲོང་རྡལ་གྱི་དྲོད་གཏོང་དང་། སྟེང་འོག་ཆུ་འགྲོ། བཙོག་ཆུ་གཙང་གསིང་སོགས་གྲོང་ཁྱེར་གྱི་ལས་གཞི་ཁག་ཕྱོགས་ཡོངས་ནས་འགོ་བཙུགས་ཡོད། ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་བསྒྱུར་བཅོས་དང་གྲོང་ཁུལ་གསར་པ་འཛུགས་སྐྲུན་བདེ་བླག་ངང་བྱེད་བཞིན་ཡོད།
གཉིས། ཁྱད་ལྡན་ཐོན་ལས་གོང་འཕེལ་མྱུར་པོ་བཏང་བ་དང་འབྱུང་ཁམས་ཤེས་དཔལ་ལྡན་པར་འཛུགས་སྐྱོང་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ།
གོང་འཕེལ་གཏོང་ཐབས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ། དགེ་མཚན་ལ་གཞིགས་པ་དང་། ཕུགས་རིང་ལ་དམིགས་པ། བསམ་གཞི་གསར་གཏོད་བྱེད་པ། འཆར་འགོད་སྔོན་འགྲོ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཕྱི་ནང་གཉིས་ལ་སྒོ་མོ་དབྱེ་རྒྱུ་དང་། གྲོང་རྡལ་ཅན་དུ་གོང་འཕེལ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་འཛུགས་རྒྱུ། “གཙང་གཉིས་ཆུ་བཞིའི ”ནགས་གསོ་སྔོ་སྒྱུར་བྱེད་རྒྱུ། འཛམ་གླིང་གི་ཡུལ་སྐོར་བྱེད་གནས་སྐྲུན་རྒྱུ “ནུབ་གློག་ཤར་གཏོང་”གི་ནུས་རྒྱུ་རྒྱུན་མཐུད་རྟེན་གཞི་འཛུགས་རྒྱུ། བོད་མཚོ་བཟོ་ལས་སྡེ་གླིང་སྐྲུན་རྒྱུ། རྒྱལ་ཁབ་ཀྱི་གཙོ་ཆེའི་མདོག་ལྡན་ལྕགས་རིགས་རྟེན་གཞི་འཛུགས་རྒྱུ་སོགས་གལ་ཆེའི་འཆར་གཞི་བཟོ་འགོད་ལས་ཀ་དངོས་སུ་སྤེལ་འགོ་བཙུགས་ཡོད།
ཁྱད་ལྡན་དགེ་སྟོབས་ལྡན་པའི་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་སོང་བ། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1290ལ་སྣེ་ལེན་བྱས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་165བྱུང་ཡོད། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་62བྱུང་བ་དེ་13%འཕར་ཡོད། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་དང་། བོད་ལུགས་གསོ་རིག་སྨན་ལས། མི་རིགས་ལག་ཤེས་བཟོ་ལས་བཅས་གོང་འཕེལ་བརྟན་པོ་བྱུང་ཡོད། གཏེར་རྫས་ཐོན་ཁུངས་ཚང་སྒྲིག་རྩད་ཞིབ་བྱས་པར་བརྟེན་ས་གཤིས་གཏེར་འཚོལ་ལ་འགག་སྒྲོལ་ཆེན་པོ་བྱུང་ཡོད། བོད་མཚོ་བཟོ་ལས་སྡེ་གླིང་གི་སྤྱི་ལེ་ངོས་གྲུ་མ་20ཟིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད། མཚོ་བོད་ལྕགས་ལམ་གྱི་འགྲུལ་སྐྱེལ་བྱེད་འབོར་མི་ཐེངས་ཁྲི་219.9དང་། ཟོག་སྐྱེལ་སྤྱི་འབོར་ཀྲོན་ཁྲི་405.2 མཁའ་ཐོག་སྐྱེལ་འདྲེན་མི་ཐེངས་ཁྲི་273བཅས་ཟིན་ཡོད། འཕྲིན་གཏོང་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་34.26ལེགས་སྒྲུབ་བྱུང་བ་དང་། སྦྲག་ལས་ཡོང་འབབ་སྒོར་དུང་ཕྱུར་2.5བྱུང་ཡོད། ཞིང་ཁྱིམ་ཚོང་ཁང་1400དང་ཤང་གྲོང་ཚོང་དོན་ཞབས་ཞུ་ལྟེ་གནས་40གསར་འཛུགས་བྱས་ཡོད། གློག་རྡུལ་ཚོང་དོན་གོང་འཕེལ་མྱུར་པོ་བྱུང་ཡོད། སྐབས་བཅུ་པའི་འཛམ་གླིང་སྣོད་བླུགས་འཐུང་ཆུའི་འགྲེམས་ཚོགས་ཐོག “5100”རྟགས་ཅན་ལ་གཏེར་ཆུ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དེའི་ཐོག་ནས་རང་ལྗོངས་ཀྱི་རྩེར་སོན་འཐུང་ཆུར་རྒྱལ་སྤྱིའི་ལས་རིགས་ཀྱི་ཁས་ལེན་ཐོབ་པ་མཚོན་ཡོད།
འབྱུང་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། རིམ་ཁག་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་རང་རྟོགས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། རང་སྐྱོང་ལྗོངས་ཀྱིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་བྱ་ཐབས་དང་། གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་ལྟ་སྐུལ་དོ་དམ་བྱ་ཐབས། ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་བྱ་ཐབས་བཅས་བཟོ་འགྲེམས་ལག་བསྟར་བྱས་ཡོད། ལྷག་པར་དུ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གིས “སྨྱུག་གཅིག་མའི ”ཞིབ་མཆན་འགོད་རྒྱུ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་སྤ་སེ་གཅིག་གི་ཕྲུ་སློག་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ཡོད། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོ གས་སུ་བཏང་ཞིང་། རང་སྐྱོང་ལྗོངས་ཀྱི་སྨན་ཆས་སྙིགས་རོ་གཙང་བཅོས་ལྟེ་གནས་དང་རྩེད་ཐང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བརྒྱབ་ཡོད། གཞིས་རྩེ་གྲོང་ཁྱེར་དང་། བྲག་ཡིབ་གྲོང་རྡལ། ནག་ཆུ་གྲོང་རྡལ། སེང་གེ་ཁ་འབབ་གྲོང་རྡལ་བཅས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ལས་འགོ་བཙུགས་ཡོད། ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ཤུགས་ཆེ་བྱེད་པ། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཨར་འདམ་ཐོན་ནུས་རྗེས་ལུས་རིགས་ཀྲོན་ཁྲི་20འབུད་དོར་བཅས་བྱས་ནས་བཙོག་སྐྱོན་གཙོ་བོའི་རིགས་རྒྱལ་ཁབ་ཀྱི་ཚད་བཅད་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་ནུས་འདུས་ཁུལ་ལ་སྒོར་དུང་ཕྱུར་9སྒྱུར་སྤྲོད་བྱས་པ་དང་། རྩྭ་ཐང་དང་ནགས་ཚལ་སོགས་འབྱུང་ཁམས་ཀྱི་རོགས་དངུལ་དང་སྐྱོང་གསབ་མ་དངུལ་སྒོར་དུང་ཕྱུར་28.3སྤྲད་ཡོད། ནགས་བཟོ་ནགས་སྐྱོང་མུའུ་ཁྲི་104བྱས་ཡོད། འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ཀྱི་མ་དངུལ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་48.2དོན་འཁྱོལ་བྱས་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་སོང་ཡོད། ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་དང་། གཙང་ཆུ་དང་མཚོ་མཚེའུ་གཙོ་གྲས་ཀྱི་ཆུའི་སྤུས་ཚད་བཟང་འཁྱོངས་ཐུབ་པ་དང་། འབྱུང་ཁམས་ལེགས་ཆ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།
གསུམ། དམངས་འཚོ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ནས་གོང་མཐོར་སོང་བ།
ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་དེ་གནས་བབ་མཐོ་ཤོས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནོར་ཤུགས་དེ་བས་མང་བ་ཞིག་དམངས་འཚོའི་ཁྱབ་ཁོངས་སུ་འཕར་གཟིགས་བྱས་ཐོག ཁྱོན་བསྡོམས་དམངས་འཚོ་ལེགས་བཅོས་བྱེད་རྒྱུའི “བྱ་བ་དངོས་བཅུ ”ཡག་པོ་བསྒྲུབ་རྒྱུར་གཏོང་ཆ་སྒོར་དུང་ཕྱུར་53བཏང་བ་དང་། དམངས་འཚོའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་ཁག་18ལག་བསྟར་བྱས་ཡོད། ལོ་ཧྲིལ་པོར་མི་གྲངས་ཁྲི་2.8གསར་ཏུ་ལས་ཞུགས་ཐུབ་པ་དང་། ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་སྐབས་ཐོག་ལས་ཞུགས་ཡོད་པ་བཟོས་ཡོད། ཐེམ་ཁུངས་བོད་ནས་ཡིན་པའི་ད་ལོ་ཐོན་པའི་སློབ་ཆེན་སློབ་མ་ཁྲི་1.4ཚང་མ་ལས་ཞུགས་ཐུབ་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་མི་ཐེངས་ཁྲི་248.9ཟིན་ཡོད། ཁེ་ལས་ཀྱི་གཞི་རྩའི་རྒན་གསོའི་མ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་3018བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་འགན་བཅོལ་གསར་པའི་གཞི་རྩའི་རྒན་གསོའི་མ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་105བར་མཐོ་རུ་བཏང་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་ཐད་ཀྱི་ལོ་འཁོར་མ་དངུལ་གཏོང་ཚད་མཐོ་ཤོས་དེ་ཁག་སོ་སོར་སྒོར་ཁྲི་30དང་སྒོར་ཁྲི་20བར་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་440དང་ལོ་རེར་མི་རེར་ཆ་སྙོམས་སྒོར་1750བར་མཐོ་རུ་བཏང་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་ཚང་སྒྲིག་ཁྲི་4.3སྐྲུན་པ་དང་གཞུང་ཁོངས་བཟོ་གཏེར་སྡོད་ཁང་སྐྱོ་ཁུལ་དུད་ཚང་1300བསྒྱུར་བཟོ་བྱས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་ཟོག་གོང་གི་ཁ་གསབ་སྒོར་ཁྲི་4420སྤྲད་ཡོད། ནོར་སྲིད་ནས་མ་དངུལ་སྒོར་ཁྲི་809.9བཀོད་སྒྲིག་བྱས་ནས་གཞུང་བཅད་རིན་གོང་ཚགས་ཤ་ཀྲོན་1820ཁྲོམ་རར་བཏོན་པས་ཟོག་གོང་སྙོམས་པོ་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད།
འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཐོག་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་གཅེས་སེམས་ལས་གཞི་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད། མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཀོད་སྒྲིག་བྱས་ཏེ་2015ལོར་སླེབས་དུས་དྭ་ཕྲུག་རྣམས་ས་གནས་དང་གྲོང་ཁྱེར་ཡན་གྱི་བྱིས་པའི་ཕན་བདེ་ཁང་དུ་གཅིག་སྡུད་ཐོག་གསོ་ཉར་བྱེད་ཚད་100%ཟིན་པ་བྱེད་རྒྱུ་དང་། 2016ལོར་སླེབས་དུས་འགན་ལེན་ལྔའི་རིགས་གཅིག་སྡུད་ཐོག་རྫོང་ཡན་གྱི་འཚོ་སྐྱོང་ཁང་དུ་འཚོ་སྐྱོང་བྱེད་ཚད་100%ཟིན་པ་བྱེད་རྒྱུ། 2013ལོར་འགན་ལེན་ལྔའི་དུད་ཚང་འཚོ་སྐྱོང་ཁང་23དང་ས་གནས་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་5གསར་རྒྱག་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་2600བར་མཐོ་རུ་བཏང་བ་དང་། དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་1200ཟིན་ཡོད།
སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་སོང་བ། ལོ་ཧྲིལ་པོར་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་108བཏང་བ་དེས་15%འཕར་ཡོད། ལྗོངས་ཡོངས་ཀྱི་ངལ་རྩོལ་མི་འབོར་གྱི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་དེ་ལོ་8.4ཟིན་ཡོད། རྨང་གཞིའི་སློབ་གསོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་72.23%ཟིན་ཡོད། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་3དང་། བུ་བཅོལ་ཁང་209 ཉི་ནུས་ཀྱི་གཟུགས་འཁྲུ་ཁང་63བཅས་གསར་རྒྱག་བྱས་ཡོད། “འགན་ལེན་གསུམ ”གྱི་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2700བར་མཐོ་རུ་བཏང་ཡོད་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། སློབ་ཞུགས་རོགས་དངུལ་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་བྱས་ཡོད། ཆུ་ཤུར་དང་སྣེ་གདོང་རྫོང་གི་འགན་བབས་སློབ་གསོ་ཆ་མཚུངས་གོང་འཕེལ་གཏོང་བར་རྒྱལ་ཁབ་ཀྱི་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་བྱུང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭ་ཆེ་མོར་རྒྱུགས་ལེན་སློབ་བསྡུའི་བསྡུར་ཚད་60%ལ་འཕར་ཡོད། བོད་ལྗོངས་སློབ་གྲྭ་ཆེ་མོ་དེ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་ཚན་པར་གཏན་འཁེལ་བྱུང་བས་རང་ལྗོངས་ཀྱི་མཐོ་རིམ་སློབ་གཉེར་བྱེད་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
རིག་གནས་བྱ་གཞག་གྲ་རྒྱས་ཡར་ཐོན་བྱུང་བ། རིག་གནས་གོང་འཕེལ་ཆེན་པོ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། གཞི་རིམ་གྱི་རིག་གནས་སྒྲིག་བཀོད་རིམ་པས་འཐུས་ཚང་དུ་སོང་བ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་ཚང་མ་རིན་མེད་ཐོག་སྒོ་དབྱེ་བས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཐང་ག་སྣ་བརྒྱའི་ལས་གཞི་དང་། རྒྱ་བོད་ཤན་སྦྱར་གྱི་དམངས་ཕན་པར་དེབ་སྣ་བརྒྱ། དངོས་ལྗོངས་ཟློས་གར་ཆེ་གྲས 《རྒྱ་བཟའ་ཀོང་ཇོ 》སོགས་རིག་གནས་ཐོན་རྫས་དེ་དག་ལ་རྒྱ་ཁྱབ་ཏུ་གདེང་འཇོག་ཡག་པོ་ཐོབ་པ་དང་། རིག་གནས་སྒྱུ་རྩལ་སྤུས་ལེགས་བརྩམས་བྱ་ཁག་26ལ་རྒྱལ་ཁབ་ཀྱི་བྱ་དགའ་ཐོབ་ཡོད། རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་94.4%དང་95.5%ཟིན་ཡོད། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་བའི་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་ཐེབས་ཡོད། ཤིང་ཏ་ལའི་ལོ་མའི་དཔེ་ཆ་མྱུར་སྐྱོབ་བྱེད་པའི་རྟེན་གཞི་གསར་པ་བཙུགས་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་20དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་181མང་དུ་སོང་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་བདེ་ཐང་བྱེད་སྒོ་དར་རྒྱས་ཆེན་པོ་སོང་བ་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་རང་ལྗོངས་ལ་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད།
སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་300ནས་སྒོར་340ལ་སྤར་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་ཀྱི་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བདེ་ཐང་གི་བརྟག་དཔྱད་བྱས་ཡོད། ཤང་གྲོང་གི་ཚད་ལྡན་འཕྲོད་བསྟེན་ཁང་88དང་རྫོང་མྱུར་སྐྱོབ་ལྟེ་གནས་29གསར་རྒྱག་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དངོས་སུ་སྨན་བཅོས་ལས་གཉེར་བྱེད་འགོ་ཚུགས་པ། རིགས་འདྲ་མིན་གྱི་འཕྲོད་བསྟེན་ཆེད་ལས་ལག་རྩལ་པ་མི་ཐེངས་ཁྲི་1.2ལ་སྦྱོང་བརྡར་སྤྲས་པ། རྫོང་དང་ཤང་གི་སྨན་ཁང་ཚང་མར་མྱུར་སྐྱོབ་མོ་ཊ་དང་སྐོར་སྐྱོད་ཞབས་ཞུའི་མོ་ཊ་སྒྲིག་ཡོད། རྫོང་ཁག་17གྱི་བོད་སྨན་རྒྱུ་ཆའི་ཐོན་ཁུངས་ཡོངས་བཤེར་ལེགས་གྲུབ་བྱུང་ཡོད། ཕྲུ་གུ་མ་འཁོར་གོང་དང་ལེགས་བཙའི་བདེ་ཐང་གི་རིན་མེད་བརྟག་དཔྱད་བྱས་ཏེ་ཕྲུ་གུ་དབང་སྐྱོན་མི་སྐྱེ་བའི་སྔོན་འགོག་རིམ་པ་དང་པོའི་ཚོད་ལྟ་བྱས་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་81%ཟིན་པ། མི་འབོར་གྱི་ཆ་འཕྲིན་དེ་རིམ་ལྔའི་འབྲེལ་མཐུད་བྱུང་ཡོད། ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་དང་གཅེས་སེམས་གཅིག་སྡུད་བྱས་པར་བརྟེན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་2039ལ་སྨན་བཅོས་བྱས་པ་དང་སྐྱ་གྲིབ་ཕོག་མཁན་མི་1404ལ་མིག་འབྱེད་གཤགས་བཅོས་བྱས་ཡོད།
རང་བྱུང་གནོད་འཚེར་ཁ་གཏད་ནུས་ལྡན་བཅག་པ། མལ་གྲོ་གུང་དཀར་གྱི “3·29”རི་རུད་དང་། ཆབ་མདོའི “8·12”ས་ཡོམ། ནག་ཆུ་ལྷ་རིའི་ཆུ་ལོག་གནོད་འཚེ། མངའ་རིས་དང་གཞིས་རྩེའི་ས་ཁུལ་ཆ་ཤས་སུ་བྱུང་བའི་གངས་སྐྱོན་སོགས་ཚབས་ཆེའི་རང་བྱུང་གནོད་འཚེར་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞིང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཐོག ནུས་ཤུགས་ཡོད་རྒུས་ཁ་གཏད་ནུས་ལྡན་བཅགས་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་སྡོད་བཀོད་སྒྲིག་འཚམ་པོ་བྱུང་བ་མ་ཟད། གནོད་འཚེ་བྱུང་རྗེས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་ལས་དོན་ཏན་ཏིག་ངང་སྤེལ་ཡོད། ཆབ་མདོར་ས་ཡོམ་རིམ་པ་6.1བརྒྱབ་རྗེས་འཕྲལ་སྡོམ་བྱ་སྤྱོད་མྱུར་པོ་དང་གོ་ཆོད་རོགས་སྐྱོབ་ནུས་ལྡན་བྱུང་བས་རྐྱེན་ལམ་དུ་སོང་བ་མི་གཅིག་ཀྱང་བྱུང་མེད་པའི་བྱས་འབྲས་བཟང་པོ་བཏོད་ཡོད།
བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། གཅིག་སྡུད་ཐོག་བཟའ་བཅའ་དང་སྨན་རྫས། ཐོན་རྫས་ཀྱི་སྤུས་ཚད། རྒྱ་ལམ་འགྲིམ་འགྲུལ། བཟོ་གཏེར་ཚོང་དོན། མེ་ཟོན་བདེ་འཇགས་སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལས་འཛོལ་ཐོན་འབོར་ཁྱོན་ཡོངས་ནས་ཆག་པ་དང་། ལས་འཛོལ་ཆེ་གྲས་ཐོན་འབོར་དང་མི་ཤི་ཚད་གཉིས་ཀ་དམའ་རུ་སོང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ནུས་ལྡན་ཐུབ་ཡོད།
བཞི། བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་ག་སྦྱར་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།
གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་སྒོ་དབྱེའི་ཐད་འཕེལ་རིམ་གསར་པ་བྱུང་བ། སྲིད་འཛིན་ཞིབ་མཆན་འགོད་ལམ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་མཆན་འགོད་རྣམ་གྲངས་ཁག་643ཁུ་བསྡུ་ལེགས་སྒྲིག་བྱས་ཤིང་། ཁུ་བསྡུ་ལེགས་སྒྲིག་བྱེད་ཚད་60%ཟིན་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་རྒྱུ་གོ་རིམ་ལྡན་པའི་ངང་སྤེལ་ཡོད། གྲོང་གསེབ་ཀྱི་གློག་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་རྫོང་ཁག་8ལ་ཞིང་གློག་ཚབ་བྱེད་དོ་དམ་ཚོད་ལྟ་སྤེལ་འགོ་ཚུགས་ཡོད། གཞུང་ཁོངས་རྒྱུ་ནོར་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་དངོས་གཞིའི་ཐོན་ལས་དང་དངུལ་རྩའི་མ་རྩ་ཟུང་སྦྲེལ་བྱེད་རྒྱུར་སྐུལ་འདེད་བཏང་ཐོག གཞུང་ཁོངས་ཁེ་ལས་ཀྱི་ལོ་རྒྱུས་ཐོག་ནས་ལུས་པའི་བུ་ལོན་ཐག་གཅོད་བྱེད་རྒྱུ་ཚད་ལྡན་བྱུང་ཞིང་། གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་17%ཟིན་ཡོད། “ལས་ཁྲལ་འཕར་ཁྲལ་ལ་བསྒྱུར་བའི ”ཚོད་ལྟ་བྱས་ཡོད། སྨན་བཅོས་སྨན་རྫས་ཀྱི་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བརྟན་པོའི་ངང་བྱས་པར་བརྟེན་སྨན་རྫས་ཀྱི་སྤྱིའི་རིན་གོང་ཆག་ཚད་15%ཟིན་ཡོད། མཚེའུ་གཉིས་ཀྱི་ཆུད་གཏོར་རྫོང་བཙུགས་ལས་དོན་ལེགས་སྒྲུབ་བྱུང་བ། འགྲམ་དང་སྐྱིད་རོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར་30ཟིན་ཡོད།
ཚོང་དང་མ་རྩ་འདྲེན་འགུགས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། “ལྷུག་གཏོང་ལྔ ”དང་“རྒྱབ་སྐྱོར་དྲུག ”གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཤིང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་ར་གཉེར་མཁན་དུད་ཚང་ཁྲི་12.8ཟིན་པ་དང་ལས་གཉེར་བྱེད་མཁན་མི་གྲངས་ཁྲི་62ཟིན་ཡོད་པ་དེས་ཁག་སོ་སོར་7.8%དང་11.9%འཕར་བ་དང་། གོང་འཇལ་ཁྲལ་འབབ་སྒོར་དུང་ཕྱུར་135.5ཟིན་པ་དེས་ལྗོངས་ཡོངས་ཀྱི་ཁྲལ་འབབ་སྤྱི་འབོར་གྱི་91.8%ཟིན་ཡོད། རྒྱལ་ཡོངས་ཀྱི་ཁེ་ལས་མཁས་ཅན་600ལྷག་ཙམ་ཞུགས་པའི “ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་དུ་སྤེལ་བའི ”བྱེད་སྒོར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ཅིང་། རྣམ་གྲངས་ཁག་238ལ་གྲོས་དན་མིང་རྟགས་བཀོད་ཡོད། ལྗོངས་ཡོངས་ཀྱི་ཚོང་དང་མ་རྩ་འདྲེན་འགུགས་བྱས་པར་མ་དངུལ་དོན་སྨིན་བྱུང་བ་སྒོར་དུང་ཕྱུར་225ཟིན་པ་དེ་79%འཕར་ཡོད།
དངུལ་རྩས་འདེགས་སྐུལ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་པར་བརྟེན་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་པའི་ནུས་པ་མངོན་གསལ་དོད་དུ་སོང་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་སོགས་དངུལ་རྩའི་ཚན་པ་ཁག་10དང་འཐབ་ཇུས་མཉམ་ལས་བྱེད་རྒྱུའི་ལས་གཞིའི་གྲོས་དན་བཞག་པ་དང་། དམངས་འཚོའི་དངུལ་ཁང་དང་ཞི་བདེ་རྒྱ་མཚོའི་འགན་བཅོལ་སོགས་དངུལ་རྩའི་ཁེ་ལས་ཀྱིས་བོད་དུ་ཡན་ལག་ཚན་པ་བཙུགས་ཡོད། ཚོང་ལས་དངུལ་ཁང་གིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རྒྱབ་སྐྱོར་བྱས་ནས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་436བཏང་བ་དང་། “ཞིང་གསུམ ”ཐད་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་163བཏང་བ། མི་རིགས་ལག་ཤེས་བཟོ་ལས་དང་བོད་སྨན་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་ཐད་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་25བཏང་ཡོད། ལོ་མཇུག་ཏུ་དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་ལྷག་འཕྲོས་སྒོར་དུང་ཕྱུར 70ལྷག་ཟིན་པ་དེ་ལོ་སྟོད་ལས་ལྡབ་1ཡན་འཕར་ཡོད། མ་རྩའི་ཁྲོམ་ར་གོང་འཕེལ་བརྟན་པོ་སོང་བ་དང་མ་དངུལ་ཐད་ཀར་བསྡུ་རྒྱུག་བྱེད་པའི་གཞི་རྒྱ་སྔར་བས་ཆེ་རུ་སོང་ཡོད།
བོད་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། དུས་ཐེངས་གསར་པའི་ག་སྦྱར་བོད་སྐྱོར་ལས་དོན་གྱི་འགོ་ཡག་པོ་ཚུགས་ཐུབ་པ་བྱུང་ཞིང་། བོད་སྐྱོར་ཕུལ་བྱུང་ལས་བྱེད་པ་མི་གྲངས་1196ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་ཡོང་བ་དེས་རང་ལྗོངས་ཀྱི་ཤེས་ལྡན་པའི་དཔུང་ཁག་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། ལོ་ཧྲིལ་པོར་བོད་སྐྱོར་རྣམ་གྲངས་ཁག་384ལ་མ་དངུལ་སྒོར་དུང་ཕྱུར་17.7དོན་འཁྱོལ་བྱུང་ཡོད། བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཐེབས་པ་དང་། ཐོན་ལས་ཀྱི་བོད་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ། བོད་སྐྱོར་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་སོང་བ། བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་ཀྱིས་བོད་སྐྱོར་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་གོང་མཐོར་སོང་ཡོད།
ལྔ། ཚན་རྩལ་གོང་འཕེལ་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ།
ཚན་རྩལ་ལས་དོན་ཐད་གྲུབ་འབྲས་གསར་པ་ཐོབ་པ། རང་སྐྱོང་ལྗོངས་རིམ་པའི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་པར་སྒོར་དུང་ཕྱུར་1.7བཏང་ཡོད། ནས་ཀྱི་ཐོན་ལས་དང་བོད་སྨན་ཐོན་ལས་སོགས་ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་ཆེ་རིགས་ཁྱབ་སྤེལ་གཏིང་ཟབ་བཏང་ཞིང་། ཞིང་འབྲོག་ལས་ཀྱི་གོ་ཆོད་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུར་ཕན་འབྲས་གསར་པ་ཐོབ་པ་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་ཤུགས་ཉིན་རེ་བཞིན་ཆེ་རུ་སོང་ཡོད། རྩ་ཆེའི་བོད་སྨན་གྱི་ཚད་ལྡན་ཡིག་རིགས་ཁག་600ལྷག་ཙམ་གྲངས་འཛིན་ཅན་དུ་གྱུར་བ་དང་། ས་གནས་ཀྱི་བོད་སྨན་རྒྱུ་ཆ་རིགས་102ཀྱི་སྤུས་ཚད་ཚད་གཞི་འགྲེམས་བསྒྲགས་ཐེངས་དང་པོ་བྱས་པས་དེ་ཐད་ཀྱི་སྟོང་ཆ་ཁ་སྐོང་བྱས་ཡོད། ཁེ་ལས་ཁག་9རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་སུ་ཁས་ལེན་གཏན་འཁེལ་བྱས་ཡོད། ཤང་དང་གྲོང་རྡལ་གྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ས་ཚིགས་65བཙུགས་ཡོད།
ཤེས་ལྡན་པའི་ལས་དོན་ཐད་ཕན་འབྲས་གསར་པ་ཐོབ་པ། ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་ལག་རྩལ་པའི་ཤེས་བྱ་གསར་བརྗེས་ལས་གཞིའི་ཐོག་ནས་མི་གྲངས་2500ལྷག་ཙམ་ལ་སྦྱོང་བརྡར་སྤྲས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པ་མི་གྲངས་2600འཕེལ་རྒྱས་བཏང་ཡོད། འགྲོ་ཁུངས་གཏན་འཁེལ་གྱི་གསོ་སྐྱོང་བྱེད་པ་དང་རྒྱུགས་ལེན་བསྡུ་འཇུག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་ལ་ལས་བྱེད་པ་ཁྲི་1.6ཁ་གསབ་བྱས་ཡོད། དཀོན་ཞིང་མཁོ་དགོས་ཆེ་བའི་ཤེས་ལྡན་པ་མི་གྲངས་900ལྗོངས་ཕྱི་ནས་ནང་འདྲེན་བྱས་པ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་དབང་19ནང་འདྲེན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ་མི་གྲངས་100ཐེངས་དང་པོར་འདེམས་སྒྲུག་གཏན་འཁེལ་བྱས་ཡོད། ཤེས་ལྡན་པའི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ་སྐུལ་སྤེལ་ཧུར་ཐག་བཏང་ནས་ཤེས་ལྡན་པ་འཕེལ་རྒྱས་གཏོང་རྒྱུའི་ཁོར་ཡུག་རྒྱུན་ཆད་མེད་པར་བཟང་དུ་བཏང་ཡོད།
དྲུག མི་རིགས་མཐུན་སྒྲིལ་དེ་བས་སྲ་བརྟན་དུ་སོང་བ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ།
མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ། བོད་གསར་རྙིང་བསྡུར་བ་བྱེད་པའི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་4.29བཏང་སྟེ་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་ཁག་840ལག་བསྟར་བྱས་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་གོང་འཕེལ་ཇེ་མགྱོ གས་སུ་བཏང་ཡོད། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང་དཔྱད་འདེམས་བྱེད་སྒོ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དེས་མི་རིགས་ཁག་དབར་ཕན་ཚུན་སྤེལ་རེས་དང་། འབྲེལ་བ་བྱེད་རེས། མཐུན་འདྲིས་བྱེད་རེས་བཅས་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
ཆོས་ལུགས་འཆམ་མཐུན་ལམ་ལྷོངས་བྱུང་བ། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱས་ཤིང་། དགོན་སྡེའི་དོ་དམ་ཁྲིམས་བཞིན་སྐྱོང་བ་དང་ཚད་ལྡན་དུ་འགྱུར་བར་སྐུལ་སྤེལ་ཏན་ཏིག་བཏང་ཡོད། དགོན་སྡེའི “འཛུགས་སྐྱོང་དྲུག ”དང་། “གཅིག་བྱས་པ་དྲུག ” “ཡོད་པ་དགུ ” “ཁེབས་པ་གཅིག ”“འཛུགས་སྐྱོང་གཅིག ”“སློབ་གསོ་གཅིག ”“ལས་གཞི་གཅིག ”“ཞབས་ཞུ་གཅིག ”“འགན་བཅོལ་གསུམ་དང་འགན་སྲུང་གཅིག ”སོགས་ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། སྒྲིག་ཁོངས་གྲྭ་བཙུན་མི་རེར་ཆ་སྙོམས་སྒོར་5000བཏང་ནས་གྲྭ་ཤག་བཟོ་བཅོས་ཉམས་གསོ་བྱས་ཡོད། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཞིང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འཛུགས་སྐྱོང་དཔྱད་འདེམས་ཀྱི་བྱེད་སྒོ་ཤུགས་ཆེ་སྤེལ་ཏེ་རང་སྐྱོང་ལྗོངས་ཀྱིས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་150དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཁྲི་1.04ལ་གཟེངས་བསྟོད་བྱས་ཡོད། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བྱ་ཐབས་ཁག་མི་སེམས་ལ་གཏིང་ཟབ་ཟུག་ནས་རྒྱ་ཆེའི་གྲྭ་བཙུན་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།
སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་མཐུན་སྦྱོར་མཉམ་སྒུལ་ལམ་སྲོལ་ཤུགས་ཆེར་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་དབང་རང་ལག་ཏུ་དམ་པོར་བཟུང་ཐོག ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་དང་སིམ་འཛུལ་གཏོར་བཤིག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་ཁག་གཏིང་ཟབ་སྤེལ་བ། ལྕགས་ལམ་སྲུང་སྐྱོབ་མཉམ་འགོག་ལས་དོན་སྤེལ་རྒྱུ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ་བཅས་བྱས་ཡོད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”འཛུགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”ཚན་ཁག་100ལ་གཟེངས་བསྟོད་བྱས་ཡོད། “གཡེམ་འཆལ་ལོག་རིགས་ལ་རྡུང་རྡེག ”ནན་པོ་བཏང་སྟེ་རིག་གནས་ཁྲོམ་ར་རྒྱུན་ཆད་མེད་པར་དྭངས་གཙང་དུ་གྱུར་ཡོད། ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་བརྒྱབ་པས་འགལ་ཟླ་དང་རྩོད་གཞིའི་རིགས་འདུམ་འགྲིག་ཐག་གཅོད་འཚམ་པོ་བྱུང་ཡོད། “ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཧུར་ཐག་སྤེལ་ཡོད། དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འབར་གས་བཀག་འགོག་དང་མེ་མདའ་བསྡུ་ལེན་བྱེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ནག་ཚོགས་ཕྱོགས་གཏོགས་དང་ཁྲིམས་འགལ་སྒྲིག་འཛུགས་ལ་ཁྲིམས་བཞིན་རྡུང་རྡེག་བཏང་བས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་སྐྲུན་པ་དང་། མི་དམངས་མང་ཚོགས་གནས་བཟོད་བདེ་རུ་སོང་བ་དང་མོས་པོ་བྱུང་ཚད་སྔར་བས་ཆེ་རུ་སོང་ཡོད།
རྒྱལ་སྲུང་སྐུལ་སློང་ལས་དོན་སྤེལ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཅིང་། དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་དང་། དམག་དམངས་མཉམ་སྐྲུན་དང་མཉམ་གཏོད་མཉམ་སྲུང་བཅས་ཀྱི་བྱེད་སྒོ་ཁྱབ་སྤེལ་གཏིང་ཟབ་བཏང་བ་དང་། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་འཛུགས་སྐྱོང་ཚད་ལྡན་བྱས་པ། མི་དམངས་མཁའ་ཟོན་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། མཐའ་སྲུང་དང་མཐའ་མཚམས་ལས་དོན་སྤེལ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་འགན་སྲུང་ནུས་ལྡན་ཐུབ་ཡོད།
འཐུས་མི་རྣམ་པ། ལོ་གཅིག་རིང་རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ལ་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཤུགས་ཆེའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རིམ་ཁག་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཡིན་པ། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་དཀའ་སྤྱད་ངལ་རྩོལ་གནང་མཁན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྲིད་གཞུང་ལས་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་འཁྱུར་ལས་བྲལ་གྱི་ལས་བྱེད་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་མ་ཟད་རང་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཕྱི་རྒྱལ་ནང་གི་ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་མཐོང་བ་དང་ཆབས་ཅིག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ལྷག་ཡོད་པ་དེ་དག་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་བྱེད་དགོས། དེ་ཡང་གཅིག་ནི་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་ལྡེང་གི་མེད། བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་ལྟ་བ་གསར་བརྗེས་བྱེད་རྒྱུ་དེས་དུས་རབས་གོང་འཕེལ་འགྲོ་བའི་རྗེས་ཟིན་གྱི་མེད་པའི་ཐོག བསྒྱུར་བཅོས་གསར་གཏོད་ཀྱི་བསམ་བློ་ཤུགས་ཆེན་པོ་མེད་པ་དང་། སྒོ་དབྱེ་མཉམ་ལས་བྱེད་ཤུགས་མི་ལྡེང་བ། ཁྲོམ་རའི་དཔལ་འབྱོར་གོང་འཕེལ་གཏོང་བའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད། གཉིས་ནི་གོང་འཕེལ་གྱི་ཁོར་ཡུག་ཡག་ཏུ་གཏོང་དགོས་ཀྱི་ཡོད། དེ་ཡང་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་སྒྲིག་གཞི་དང་ལམ་སྲོལ་གྱི་ཞན་ཆ་རྦད་དེ་གཙང་སེལ་བཟོ་ཐུབ་མེད་པ་དང་། ཞིབ་མཆན་གོ་རིམ་རྙོག་རྫོབ་ཆེ་བ། མཐུན་སྦྱོར་མཉམ་སྒུལ་བྱེད་ཤུགས་ཆེན་པོ་མེད་པ། ལས་ཕྱོད་ཆེན་པོ་མེད་པ། ཁྲིམས་བཞིན་སྲིད་འཛིན་བྱེད་པའི་རང་རྟོགས་ཤུགས་ཆེར་གཏོང་དགོས་པ། གོང་འཕེལ་གྱི་ཁོར་ཡུག་ད་དུང་ལེགས་སུ་གཏོང་དགོས་པ་བཅས་ཡོད། གསུམ་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་གཅུར་འགག་མངོན་གསལ་དོད་པོ་ཡོད། དེ་ཡང་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། ནུས་རྒྱུ་མི་འདང་བ། ཆུ་བེད་སྒྲིག་བཀོད་ཞན་པ། ཐག་རིང་ལུང་ཁུག་རྒྱུད་ལ་འཕྲིན་གཏོང་ཤར་བགྲོད་མི་ཐུབ་པ་བཅས་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་སྔར་བཞིན་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། བཞི་ནི “ཞིང་གསུམ ”ལས་དོན་ལ་ད་དུང་མུ་མཐུད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས་ཀྱི་ཡོད། དེ་ཡང་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་སྟངས་འགྱུར་ལྡོག་འགྲོ་འགོར་བ་དང་། ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་པོ་མེད་པ། ཞིང་འབྲོག་པ་ཁག་གཅིག་གི་འཚོ་བར་དཀའ་ངལ་ཡོད་པ། དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད་པ་བཅས་ཡིན། ལྔ་ནི་ཐོན་ལས་ཅན་གྱི་ཆུ་ཚད་དམའ་པོ་ཡིན། དེ་ཡང་ཐོན་ལས་གཞི་རྒྱ་ཆུང་ལ་འབྲེལ་འཁོར་ཐུང་ཞིང་ལེགས་ཆ་ཡོད་ཀྱང་ཡག་པོ་བཟོ་མི་ཐུབ་པ་དང་། ཁྱད་ཆོས་ལྡན་ཡང་འདོན་མི་ཐུབ་པ། འདུས་གྲུབ་ཀྱི་ཕན་འབྲས་ཞན་པ། སྣེ་འདྲེན་ཁེ་ལས་མང་པོ་མེད་པ། རང་བརྟེན་སྲོག་ཤིང་གི་གྲགས་རྟགས་མེད་པ་བཅས་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་མེད། དྲུག་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡིན། བདུན་ནི་སྲིད་གཞུང་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ད་དུང་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། དེ་ཡང་སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་བླང་བྱ་གསར་པ་དང་ཡག་པོ་འཚམ་མི་ཐུབ་པ་དང་། སྲིད་གཞུང་གི་ལས་ཁུངས་དང་ལས་བྱ་ཁ་ཤས་ཀྱི་ལས་ཀའི་སྤྱོད་ཚུལ་དང་། སྲིད་འཛིན་གྱི་ནུས་ཕྱོད། མང་ཚོགས་ཀྱི་ལྟ་བ། ཞབས་ཞུའི་འདུ་ཤེས། གྲོན་ཆུང་བསྲི་ཚགས་བྱེད་པའི་བསམ་བློ་བཅས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ཡོད། དཀའ་ངལ་དང་གནད་དོན་དེ་དག་ལ་ང་ཚོས་དོ་སྣང་གང་ཆེ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ཐག་གཅོད་གང་ཐུབ་བྱེད་རྒྱུ་ཡིན།
2014ལོའི་ལས་ཀའི་བཀོད་སྒྲིག
2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་རེད་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད།
སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་ཀྲུང་དབྱང་གི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་ནན་ཏན་གྱིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་བརྟན་པོའི་ཐོག་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ཁག་ནང་ཁྱབ་པ་བྱས་ཐོག འཕར་སྣོན་བརྟན་པོ་ཡོང་བ་བྱེད་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་བཅས་གཅིག་འགྱུར་འཆར་འགོད་བྱེད་པ་དང་། ཁྲོམ་རའི་གསོན་ཤུགས་ལ་སྐུལ་མ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ནས་བཟང་པོ་ཡོང་རྒྱུ་འགན་ལེན་བྱེད་པ་བཅས་ཡིན།
སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་18%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་16%འཕར་བ་བྱེད་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་15%འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་4%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་8%འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འཁོད་ལས་ཤོར་བ་2.5%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན།
འདི་ལོར། ང་ཚོས་གཤམ་གསལ་གྱི་གཙོ་གནད་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་རྒྱུ་སྟེ།
གཅིག ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་གཉིས་སྲ་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ།
རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་སྤྱི་ཡོངས་ནང་ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱིས་རྨང་གཞིའི་གནས་བབ་བཟུང་ཡོད། ཞིང་འབྲོག་ཁུལ་འབྱོར་འབྲིང་མ་བྱུང་ན་ལྗོངས་ཡོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་ཐབས་བྲལ་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་སྟོབས་ཆེའི་འདེགས་སྐྱོར་མེད་ན་བྱ་གཞག་ཁག་གོང་འཕེལ་གཏོང་བའི་ཕྱོགས་གང་ཅིའི་ཐད་ཚོད་འཛིན་ཐེབས་ངེས་ཡིན་པས་ཞིང་འབྲོག་ལས་ཐོན་ལས་ཅན་དང་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་དུ་སྐུལ་འདེད་ཤུགས་ཆེ་བཏང་ན་གཞི་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་ངང་གོང་འཕེལ་དངོས་འབྲེལ་གཏོང་ཐུབ་རྒྱུ་རེད།
ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་འཛུགས་སྐྱོང་བྱེད་མགྱོ གས་སུ་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཅན་དུ་གྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་འབྲེལ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་གཉེར་དཔལ་འབྱོར་རྩ་འཛུགས་སྟོབས་ཆེ་རུ་བཏང་སྟེ་ལོ་ལྟར་རྫོང་རེར་གཞི་ཁྱོན་ངེས་ཅན་ལྡན་ཞིང་སྐུལ་ཁྲིད་ཀྱི་ནུས་པ་ཤུགས་ཆེ་ལྡན་པའི་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་གཉེར་རྩ་འཛུགས་2ནས་3བར་འཛུགས་སྐྱོང་ཐུབ་པ་བྱས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་ཚད་38%ཟིན་པ་བྱེད་རྒྱུ། ཚགས་ཤ་དང་། ལུག་ཤ དཀར་ཆུའི་ཐོན་རྫས། རྩམ་པ། སྔོ་ཚལ། ནགས་སྐྱེས་ཤ་མོ་སོགས་ཀྱི་ཆེད་ལས་མཉམ་གཉེར་རྩ་འཛུགས་རྣམས་ཐད་ཀར་འཛད་སྤྱོད་ཁྲོམ་རའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་གང་ཆེ་བྱེད་རྒྱུ། འདེབས་གསོ་བཟོ་སྣོན་དང་། སྒྲིག་བཀོད་ཞིང་འབྲོག་ལས། ཁྱད་ལྡན་ཞིང་འབྲོག་ལས་བཅས་གོང་འཕེལ་ཤུགས་ཆེ་བཏང་ནས་ཚགས་པོ་དང་བཤས་ལུག་གསོ་ཚགས་རྟེན་གཞི་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ཞིབ་ཚགས་བྱས་ཏེ་ཐོན་ལས་འཁོར་འབྲེལ་རྒྱ་བསྐྱེད་གཏོང་བ་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འཕྲུལ་ཞབས་ཞུ་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་དུ་གྱུར་བར་སྐུལ་འདེད་གཏོང་རྒྱུ། རྨོ་ཞིང་དང་རྩྭ་རའི་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས་ས་ཆ་སྤྱོད་རྒྱུ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་རྒྱུན་འཁྱོངས་བྱེད་རྒྱུ། མུའུ་ཁྲི་225ཡི་ཚད་གཞི་མཐོ་བའི་ཞིང་ཁ་ཁྱོན་ཡོངས་ནས་བཟོ་འགོ་ཚུགས་རྒྱུ་དང་། “བོད་ཀྱི་ནས་2000རྟགས་ཅན ”སོགས་སོན་རིགས་གསར་པ་མུའུ་ཁྲི་50ཁྱབ་གདལ་བཏང་ནས་འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་97ཡན་ཟིན་པ་བྱས་ཐོག ནས་ཀྱི་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་རྒྱུ། བ་གླང་རྒྱུད་པ་བཟང་དུ་གཏོང་བའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་རྒྱུ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་བསྐྱེད་བཏང་ནས་ཐོན་ལས་གཉེར་སྐྱོང་གི་ཡོང་འབབ་མང་དུ་འགྲོ་བ་དང་། ངལ་ནུས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ནས་ཞིང་ལས་མིན་པའི་གླ་ཕོགས་ཡོང་འབབ་མང་དུ་འགྲོ་བ་བྱེད་རྒྱུ། ཤང་དང་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པར་སྦྱོང་བརྡར་སྤྲོས་པའི་ལམ་སྲོལ་འཛུགས་ཐབས་འཚོལ་ཞིབ་བྱས་ནས་རྩལ་ནུས་སྦྱོང་བརྡར་གྱི་དམིགས་བཀར་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་རྒྱུ། དབུལ་སྐྱོར་གྱི་གཙོ་གནད་མངོན་ཆེར་བཟུང་བ་དང་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་པོའི་མི་འབོར་ཁྲི་13བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ། དངུལ་རྩས་ཞིང་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་སྐྱོར་དངུལ་བུན་དང་དབུལ་སྐྱོར་དངུལ་བུན་གཡར་བའི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུ་དང་། “གཉིས་ལྡན་དུད་སྦྲེལ ”ལ་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་བྱེད་རྒྱུ། ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དངུལ་རྩའི་ལས་ཁུངས་ཀྱིས་ཞིང་འབྲོག་ཁུལ་དུ་ཡུན་རིང་ཞབས་ཞུ་བྱེད་རྒྱུར་སྐུལ་མ་བཏང་ནས་ཤང་ཚང་མར་དྲ་ཚུགས་ཡོད་པ་དང་གྲོང་ཚོ་ཚང་མར་ཞབས་ཞུ་ཡོད་པའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་བ་བྱེད་རྒྱུ། མུ་མཐུད “བརྒྱད་འཛོམས་ཞིང་དུད ”ལས་གཞིར་སྐུལ་འདེད་བཏང་ནས་མ་དངུལ་སྒོར་དུང་ཕྱུར་10.55བཀོད་སྒྲིག་བྱས་ཏེ་སྲིད་འཛིན་གྲོང་ཚོ་ཁག་1000གི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཐུབ་པ་བྱེད་རྒྱུ།
རྨང་གཞིའི་སྒྲིག་བཀོད་ཀྱི་གཅུར་འགག་ཐེབས་གཞི་མེད་པ་བཟོ་རྒྱུར་ཤུགས་རྒྱག་རྒྱུ། རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་པའི་བྱ་ཐབས་ལག་བསྟར་བྱས་ཏེ་འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས། འཕྲིན་གཏོང་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་450ཡན་དོན་འཁྱོལ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གི་ལས་འགོ་ཚུགས་མེད་པའི་རྣམ་གྲངས་ཡོངས་རྫོགས་ལས་འགོ་འཛུགས་ཐུབ་པ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་མ་འཇོག་80%ཡས་མས་ལེགས་གྲུབ་ཐུབ་པ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པའི ”འཆར་འགོད་བཟོ་འགོད་ཀྱི་དུས་འགོའི་ལས་དོན་སྤེལ་སྒོ་འཛུགས་རྒྱུ། ལྷ་གཞིས་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་ལྷ་ཉིང་ལྕགས་ལམ་སྐྲུན་འགོ་ཚུགས་པས་ཁྲོན་བོད་ལྕགས་ལམ་གྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཐེབས་ཡོད། གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་བསྡུ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་། བྲག་ཡིབ་ནས་ཀོང་པོ་རྒྱ་མདའི་བར་གྱི་གཙོ་རྐང་ལས་གྲྭའི་70%ལེགས་སྒྲུབ་བྱེད་རྒྱུ་དང་། བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཆེས་ཆེའི་ཟམ་པ་རྒྱ་སྐྱེད་ཀྱི་ལས་གྲྭ་འགོ་ཚུགས་རྒྱུ། གཞིས་རྩེ་དང་། སྤོམ་མདའ། དགུན་ས་བཅས་ཀྱི་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་བཟོ་རྒྱུའི་ཆོག་མཆན་ཞུ་བའི་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ། རྒྱལ་ལམ་དང་། ཞིང་ལམ། རྫོང་འབྲེལ་སྣུམ་ལམ། མཐའ་སྲུང་གཞུང་ལམ། གྲོང་གསེབ་གཞུང་ལམ་བཅས་འཛུགས་སྐྲུན་བྱེད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། སྤོམ་མདའ་གནམ་ཐང་གི་འཕུར་ལམ་ཁུལ་བསྒྱུར་བཀོད་དང་ཉིང་ཁྲི་གནམ་ཐང་གི་རྒྱ་བསྐྱེད་ལས་ཀ་དམ་འཛིན་བྱེད་རྒྱུ། ནག་ཆུ་གནམ་ཐང་གི་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ། ཞིང་ཁའི་ཆུ་བེད་དང་། དམངས་འཚོའི་ཆུ་བེད། འབྱུང་ཁམས་ཆུ་བེད་བཅས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་སྒྲིག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུག་རྒྱུ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་དང་ཕྱྭ་གཡང་ཆུ་མཛོད་སྐྲུན་འགོ་ཚུགས་རྒྱུ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་གྱི་སྔོན་གྲབས་ལས་ཀ་སྤེལ་མགྱོ གས་སུ་གཏོང་རྒྱུ་དང་། རྫམ་གློག་ཁང་གི་གློག་འདོན་འཕྲུལ་ཤུགས་ཐོག་མ་ནས་གློག་གཏོང་ཐུབ་པ་བྱེད་རྒྱུ། རྡོ་ཕུར་དང་མགོ་རྡོག་གློག་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། སོལ་བ་ལུང་གློག་ཁང་སྐྲུན་འགོ་ཚུགས་རྒྱུ། རོང་སྨད་དང་། ཡེར་པ་གྲམ་ཐང་། ལ་འོག་བཅས་ཀྱི་གློག་ཁང་ཨར་སྐྲུན་གྲ་སྒྲིག་ལས་ཀ་འགོ་ཚུགས་རྒྱུ་དང་། དྭགས་པོ་དང་། རྒྱ་ཚྭ། ལྕི་ཤོད། ཨ་ཆེན་སོགས་ཀྱི་གློག་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ཐུབ་པ་བྱས་ནས་ལྗོངས་ཡོངས་ཀྱི་གློག་དྲ་རྫོང་ཁག་58ལ་ཁེབས་པ་བྱེད་རྒྱུ། དེ་བཞིན་སྦྲག་སྲིད་དྲ་ཚིགས་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ་བྱེད་རྒྱུ། འོད་སྐུད་དྲ་ཆེན་སྐྲུན་མགྱོགས་སུ་བཏང་ནས་4Gདྲ་བ་སྤྱོད་རྒྱུ་ཁྱབ་གདལ་བཏང་སྟེ “དྲ་ཆེན་བོད་ལྗོངས ”བསྐྲུན་རྒྱུ། འགུལ་འཁྱེར་འཕྲིན་གཏོང་མི་ཁྱབ་པའི་ས་གཅིག་ཀྱང་མེད་པ་བཟོ་རྒྱུ། རྣམ་གྲངས་གལ་ཆེན་གྱི་སྟབས་བསྟུན་མཐུན་སྦྱོར་དང་ལྟ་བཤེར་ལམ་སྲོལ་བཙུགས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སུ་བཏང་ཐོག་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་བཟང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ།
གཉིས། ཁྱད་ལྡན་ཐོན་ལས་དང་འབྱུང་ཁམས་ཤེས་དཔལ་ལྡན་པ་འཛུགས་སྐྱོང་བྱེད་རྒྱུའི་གཙོ་གནད་གཉིས་ལ་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ།
འབྱུང་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་ཤིག་ཡིན་ལ་ཕན་པ་ཀུན་ཁྱབ་ཀྱི་དམངས་འཚོའི་བདེ་རྩའང་ཡིན། འབྱུང་ཁམས་ཁོར་ཡུག་བཟང་པོ་དེ་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ཁུངས་དང་ཟུང་འབྲེལ་ཡག་པོ་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་ནི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་བྱེད་པའི་འགག་རྩ་ཡིན་པ་དང་། འབྱུང་འཕྲོད་དང་། ཐཱན་ཉུང་། འཁོར་སྦྲེལ་བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཁ་ཕྱོགས་ཡིན། ཐོན་ལས་འཛུགས་སྐྱོང་འབྱུང་འཕྲོད་ཅན་དང་འབྱུང་ཁམས་འཛུགས་སྐྱོང་ཐོན་ལས་ཅན་དུ་སྐུལ་འདེད་གང་ཆེ་བཏང་ན་གཞི་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་འབྱུང་ཁམས་ཀྱི་ལེགས་ཆ་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བསྒྱུར་ཐུབ་རྒྱུ་རེད།
ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཡོང་བར་གཙོ་གནད་དུ་སྐུལ་འདེད་གཏོང་རྒྱུ། གལ་ཆེའི་འཛམ་གླིང་གི་ཡུལ་སྐོར་བྱེད་གནས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི། འཐབ་ཇུས་ཐོན་ཁུངས་ཀྱི་གྲབས་གསོག་རྟེན་གཞི་བཅས་སྐྲུན་རྒྱུའི་འཐབ་ཇུས་ཀྱི་གནས་བབ་གཞིར་བཟུང་ཁྲོམ་རས་ཁྱད་ལྡན་ཐོན་ཁུངས་བགོ་སྒྲིག་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། ཐོན་ལས་འཆར་འགོད་དང་། ཁྲོམ་རའི་ལྟ་འདོམས། དྲང་གཞག་འགྲན་རྩོད་འགན་ལེན་བཅས་བྱེད་པའི་ནང་སྲིད་གཞུང་གི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་གོང་འཕེལ་གཏོང་རྒྱུའི་བསམ་གཞི་སྔར་བས་གསལ་པོ་བཟོ་བ་དང་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གྱི་མིང་གཞུང་བཟོས་ཐོག ནོར་སྲིད་མ་དངུལ་གྱི་རོགས་སྐྱོར་བྱེད་ཐབས་གསར་གཏོད་ཀྱིས་མ་རྩ་དང་། ལག་རྩལ། ཤེས་ལྡན་པ་སོགས་ཐོན་སྐྱེད་རྒྱུ་གཙོ་དེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སུ་རུབ་སྡུད་བྱས་ནས་ཡུལ་སྐོར་ལས་རིགས་དང་། རིག་གནས་ཐོན་ལས། ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན། ལེགས་ཆ་ཆེ་བའི་གཏེར་རྫས། མི་རིགས་ལག་ཤེས་བཟོ་ལས་འཐུང་ཆུ་ལེགས་གཉེར་ལས་རིགས། ནུས་རྒྱུ་གཙང་མའི་ལས་རིགས། འབྱུང་ཁམས་ཤིང་འབྲས་ལས་རིགས་སོགས་དེ་དག་ཚང་མ་རང་ལྗོངས་ཀྱི་འཕེལ་རྒྱས་གཏོང་གཞི་དང་འགྲན་རྩོད་བྱེད་ནུས་ཆེན་པོ་ལྡན་པའི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཤིག་ཏུ་འགྱུར་བ་བྱེད་རྒྱུ། ཨར་ལས་དང་། ཨར་སྐྲུན་རྒྱུ་ཆ། ས་ཁང་ཐོན་ལས་སོགས་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། སྡེ་གླིང་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་བ་དང་བོད་མཚོ་བཟོ་ལས་སྡེ་གླིང་འཛུགས་རྒྱུའི་འཆར་འགོད་ལག་བསྟར་གང་མགྱོགས་བྱས་ཏེ་དུས་ཁག་དང་པོའི་སྤྱི་ལེ་ངོས་གྲུ་མ་20ཙམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་རྣམ་གྲངས་ཁག་གཅིག་སྡེ་གླིང་ནང་ཞུགས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ལས་དྲ་ཚིགས་འཆར་འགོད་བཟོས་ནས་ལག་བསྟར་བྱེད་རྒྱུ་དང་། ཟོག་འགྲེམས་ལས་རིགས་དེ་ཞིང་འབྲོག་ཁུལ་དུ་རྒྱ་བསྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། གློག་རྡུལ་ཚོང་དོན་ལས་སྟེགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཆ་འཕྲིན་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། རྟགས་ལེགས་དང་སྤུས་ཚད་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཡག་ཏུ་གཏོང་རྒྱུ།
ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཡུལ་སྐོར་གྱི་སྤུས་རིམ་གསར་པ་གཏོད་རྒྱུ། ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཚོགས་ཆེན་འཚོགས་ཏེ་ཚད་མཐོའི་ཐོག་ནས་ཡུལ་སྐོར་གོང་འཕེལ་གྱི་འཆར་འགོད་བཟོ་བ་དང་། གལ་ཆེའི་འཛམ་གླིང་གི་ཡུལ་སྐོར་བྱེད་གནས་གང་མགྱོགས་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར་བཟོ་འདོན་བྱས་ཐོག ཡུལ་སྐོར་དང་། རིག་གནས། དེ་བཞིན་འབྱུང་ཁམས་མཉམ་འདྲེས་ཀྱི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་ཕུལ་བྱུང་རིག་གནས་དང་གདོད་མའི་འབྱུང་ཁམས་ཀྱི་མཛེས་ཉམས་གང་ལེགས་མངོན་པ་བྱེད་རྒྱུ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལུགས་ལྟར་ཡུལ་སྐོར་ཁྲོམ་ར་ཚད་ལྡན་བཟོས་ནས་ཡུལ་སྐོར་གོང་འཕེལ་གཏོང་བའི་ཕྱི་དངོས་ནང་དངོས་ཀྱི་མཐུན་རྐྱེན་མི་སྣ་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་རྒྱུ། ཡུལ་སྐོར་དོ་དམ་བྱེད་པའི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་རང་བྱུང་དང་རིག་སྐྲུན་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་ནུས་ལྡན་སྒྲིལ་སྤྱོད་བྱས་ཏེ་ཁེ་ལས་གཞི་རྟེན་དུ་བྱས་ནས་ཡུལ་སྐོར་གྱི་རང་བྱུང་ཐོན་ཁུངས་མ་རྩ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཐོག རྩེར་ཕུད་ཀྱི་ཡུལ་སྐོར་གནས་ལྗོངས་ཁུལ་དང་ཡུལ་སྐོར་རྣམ་གྲངས་རྩེ་གྲ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་བཟོ་འདོན་ཞིབ་ཚགས་བྱེད་དགོས། འབྱོར་སྟོབས་ཆེ་བའི་ཁེ་ལས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་གྱི་སྣེ་འདྲེན་རྐང་འཛིན་ཁེ་ལས་བཟོ་འདོན་བྱེད་རྒྱུ། ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲི་འབྱུང་ཁམས་ཡུལ་སྐོར་ས་ཁུལ་ཆེན་པོ་ཚད་གཞི་མཐོ་བའི་ངང་གསར་སྐྲུན་བྱེད་རྒྱུ་དང་། ཇོ་མོ་གླང་མ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ། གནམ་མཚོ། མངའ་རིས་ཀྱི་གནས་རི་ལྷ་མཚོ་སོགས་རྒྱལ་ཁབ་རིམ་པའི་སྤྱི་གླིང་གཏོད་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་རྒྱུ་དང་། ཡར་ཀླུང་རིག་གནས་དང་། ཞང་ཞུང་རིག་གནས། ཇ་རྟའི་གནའ་ལམ། བྱང་ཐང་བདག་མེད་སྲོག་ཆགས་ལ་གཟིགས་སྐོར་བྱེད་ས་སོགས་ཡུལ་སྐོར་གྲགས་རྟགས་འཛུགས་སྐྱོང་བྱེད་རྒྱུ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་ཡུལ་སྐོར་རྩེར་སོན་དཔེ་མཚོན་ལས་གྲྭ་ཞིག་ཏུ་སྐྲུན་རྒྱུ་བཅས་ཡིན། གསར་བརྗེའི་གནས་རྙིང་ཡུལ་སྐོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལ་གཞོགས་སྐྱོར་ཤུགས་ཆེ་བྱས་ནས་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པའི་མི་གྲངས་ཁྲི་8ཡན་ཟིན་པ་བྱེད་རྒྱུ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྩེ་གྲ་དང་འབྲིང་གྲས་ལ་དམིགས་འཛུགས་ཀྱིས་ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་སྤེལ་ངོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1500ལ་སྣེ་ལེན་ཞུ་བ་དང་ཡུལ་སྐོར་གྱི་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་200ཟིན་པ་བྱེད་རྒྱུ།
འབྱུང་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཞིག་དང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་ཞིག་རེད། དེར་བརྟེན་ངེས་པར་དུ་འབྱུང་ཁམས་དམིགས་བསལ་དུ་འཇོག་པ་དང་། སྲུང་སྐྱོབ་ཨང་དང་པོར་བཟུང་བ། མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་སྲུང་སྐྱོབ་བྱེད་པའི་ནང་གོང་འཕེལ་གཏོང་བ་དང་གོང་འཕེལ་གཏོང་བའི་ནང་སྲུང་སྐྱོབ་ཐུབ་པ་བྱེད་རྒྱུ། འབྱུང་ཁམས་ཤེས་དཔལ་ལྡན་པའི་ལམ་ལུགས་འཛུགས་སྐྱོང་གང་མགྱོགས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་བདའ་འདེད་དང་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་བྱེད་པའི་ལམ་ལུགས་བཟོ་རྒྱུ། འཛུཌ་སྐྲུན་རྣམ་གྲངས་གཉེར་འཐུས་ཞིབ་བཤེར་དོ་ནན་བྱས་ཏེ་འབྱུང་ཁམས་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་ནན་སྲུང་རྒྱུན་འཁྱོངས་བྱས་ཐོག “མཐོ་གསུམ ”རྣམ་གྲངས་བོད་དུ་འཛུལ་གཉེར་བྱེད་རྒྱུ་ནན་འགོག་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ཐད་སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་རྒྱུ་དང་། གཏེར་རྫས་རྩད་ཞིབ་ཐོན་ཁུངས་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས “སྨྱུག་གཅིག་མའི ”མཆན་འགོད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་རྒྱུ། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱེད་ནུས་ཆེ་རུ་བཏང་ནས་ཁྱོན་ཡོངས་ལ་ལྟ་དཔྱད་ཚད་ལེན་བྱེད་ཐུབ་པ་དང་བརྒྱུད་རིམ་ཚང་མར་ལྟ་སྡོམ་ཐུབ་པ་བྱེད་རྒྱུ། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་སྐྱུར་བྱེད་རྒྱུ་དེ་རྒྱལ་ཁབ་ནས་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ས་གནས་དང་གྲོང་ཁྱེར་གྱི་བཙོག་ཆུ་དྭངས་སིང་བྱེད་ས་དང་། སྨན་སྤྱོད་ཟོག་རོ་དབྱེ་གསེད་གཙང་སེལ་ལྟེ་གནས། ཚད་ལྡན་ཅན་གྱི་གད་སྙིགས་སྦས་རྒྱངས་བྱེད་ས་བཅས་གང་མགྱོགས་སྐྲུན་ཐོག འཁོར་སྐྱོད་གཉེར་སྐྱོང་གི་དོ་དམ་ཆུ་ཚད་གོང་མཐོར་གཏོང་རྒྱུ། གཙོ་རྐང་བྱེད་ནུས་ཁུལ་གྱི་འཆར་འགོད་ལེགས་སྒྱུར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་སྤྱི་གླིང་བཟོ་རྒྱུའི་སྙན་ཞུ་ཧུར་ཐག་ཕུལ་ནས་སྔོན་དུ་ལག་བསྟར་བྱེད་པ་དང་སྔོན་དུ་ཚོད་ལྟ་བྱེད་རྒྱུ། “གཙང་གཉིས་ཆུ་བཞིའི ”ནགས་གསོ་སྔོ་སྒྱུར་ལས་གྲྭ་འགོ་བཙུགས་ནས་མུའུ་ཁྲི་100ཡན་གྱི་ནགས་གསོ་ནགས་སྐྱོང་བྱེད་པ་བཅས་བྱས་ཏེ་བོད་ལྗོངས་ཀྱི་རི་ཆུ་དང་རྩྭ་ཤིང་ཚང་མར་སྲུང་སྐྱོབ་ཡག་པོ་བྱས་ཐོག་རྒྱལ་ཁབ་ཀྱི་གལ་ཆེའི་འབྱུང་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བཟོ་རྒྱུ།
གསུམ། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུའི་འགན་ལེན་གཉིས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ནི་ལས་དོན་ཡོངས་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཞིག་ཡིན་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇི་འདྲ་ཡོད་མེད་ནི་སྲིད་གཞུང་གི་ལས་དོན་ལ་ཞིབ་དཔྱད་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་བཅོས་བྱེད་མ་ཐུབ་ཚེ་གོང་འཕེལ་དང་བརྟན་ལྷིང་ཡོང་བར་རྒྱ་ཁྱབ་ཀྱི་མང་ཚོགས་རྨང་གཞི་ཡོང་མི་སྲིད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་གོང་མཐོར་གཏོང་མ་ཐུབ་ཚེ་དྲང་གཞག་དྲང་བདེན་ཡོང་དཀའ་བ་ཞིག་རེད།
དམངས་འཚོའི “བྱ་བ་དངོས་བཅུ ”ཡག་པོ་བསྒྲུབ་རྒྱུ། རང་སྐྱོང་ལྗོངས་ནས་མ་དངུལ་སྒོར་དུང་ཕྱུར་70ལྷག་ཙམ་བཀོད་སྒྲིག་བྱས་ཏེ་མུ་མཐུད་དམངས་འཚོའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་དང་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་དང་སྦྲགས་དམངས་འཚོའི་སྲིད་ཇུས་གསར་པ་མང་པོ་ཞིག་ལག་བསྟར་བྱེད་རྒྱུ། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་302ཁ་སྣོན་རྒྱག་རྒྱུ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་120བར་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གསབ་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་380བར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གསབ་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་340བར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་490བར་དང་ལོ་རེར་མི་རེར་ཆ་སྙོམས་སྒོར་1950བར་མཐོ་རུ་གཏོང་རྒྱུ། “འགན་ལེན་གསུམ ”གྱི་གྲོན་དངུལ་དེ་སློབ་ལོ་རེར་སློབ་ཕྲུག་རེར་སྒོར་200མང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྨན་པ་དང་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་600བར་མཐོ་རུ་གཏོང་རྒྱུ། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་རྒན་གྲས་བཅས་ཀྱི་འཚོ་བའི་གསབ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་50མང་དུ་གཏོང་རྒྱུ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་གྲུབ་འབྲས་དཔྱད་ཞིབ་བྱ་དགའི་གསབ་དངུལ་ཚད་གཞི་དེ་10%མཐོ་རུ་གཏོང་རྒྱུ། མཐའ་མཚམས་གྲོང་མིའི་གསབ་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་200མང་དུ་གཏོང་རྒྱུ། འགན་ལེན་ལྔའི་འཚོ་སྐྱོང་གི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་2900བར་མང་དུ་གཏོང་རྒྱུ། དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུ། ད་ལོ་ནས་བཟུང་ཤང་གྲོང་གི་ལས་བྱེད་ལས་བཟོ་དང་། གྲོང་གསེབ་ཀྱི་དགེ་རྒན། ཤང་གྲོང་གི་འཕྲོད་བསྟེན་པ་བཅས་ལ་འཚོ་སྣོན་གསབ་དངུལ་སྤྲོད་རྒྱུ། ཕྲུ་གུ་དབང་སྐྱོན་མི་སྐྱེ་བའི་སྔོན་འགོག་ལས་གཞི་མུ་མཐུད་ལག་བསྟར་བྱེད་རྒྱུ།
སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ། རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ནང་དོན་གཙོ་བོར་འཛིན་པའི་ཀུན་སྤྱོད་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་དང་། སློབ་གཞི་ཁ་སྐོང་འཐུས་ཚང་དུ་གཏོང་བ། གདེང་འཇོག་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱེད་རྒྱུ། སློབ་གསོ་དྲང་སྙོམས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་འགན་བབས་སློབ་གསོ་ཆ་མཚུངས་ཀྱིས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དེ་ཞིང་འབྲོག་ཁུལ་དང་། ཐག་རིང་ལུང་ཁུག མཐའ་མཚམས་ས་ཁུལ་བཅས་ལ་གཟིགས་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་རྒྱུ། ཉམས་ཞན་སློབ་གྲྭ་123ལེགས་སྒྱུར་དང་མཐའ་མཚམས་ཐག་རིང་ལུང་ཁུག་གི་དཀའ་ངལ་ཡོད་པའི་ས་ཁུལ་གྱི་དགེ་རྒན་ཉལ་ཁང་ཚང་སྒྲིག་1500རྒྱག་རྒྱུ། གྲང་ངར་ཆེ་ལ་ས་ཁད་མཐོ་བའི་སློབ་གྲྭ་འབྲིང་ཆུང་ལ “ཡོད་པ་བཞིའི ”ལས་གཞི་ལག་བསྟར་བྱས་ནས་འཐུང་ཆུའི་ལས་གཞི་དང་། གཟུགས་འཁྲུ་ཁང་། དྲོད་སྲུང་ཁྱམས་ར། ཚལ་དོང་བཅས་100རེ་གསར་རྒྱག་བྱེད་རྒྱུ། “སྐད་གཉིས ”བུ་བཅོལ་ཁང་124གསར་རྒྱག་བྱས་ནས་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བྱིས་པ་ཞུགས་ཚད་55%ཟིན་པ་བྱེད་རྒྱུ། ལས་རིགས་སློབ་གསོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག ལས་རིགས་སློབ་གསོ་དང་ཁྱད་ལྡན་ཐོན་ལས་མཉམ་འདྲེས་དམ་ཟབ་ཀྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ས་གནས་དང་གྲོང་ཁྱེར་ཚང་མར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་རེ་འཛུགས་གཉེར་ཡག་པོ་བྱེད་རྒྱུ། རྒྱལ་སྤྱིའི་རི་འཛེགས་ཡུལ་སྐོར་སློབ་གླིང་གྲབས་འཛུགས་བྱེད་རྒྱུ། དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་བསྒྱུར་བཅོས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། མཐོ་རིམ་སློབ་གྲྭའི་རིག་ཚན་ཆེད་ལས་འཛུགས་རྒྱུ་སྔར་བས་ལེགས་སྒྱུར་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་སློབ་བསྡུའི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་སློབ་བསྡུའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱེད་རྒྱུ།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཤུགས་ཆེར་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་22བཀོད་སྒྲིག་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ། ཆ་རྐྱེན་ཧུར་ཐག་བསྐྲུན་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དེ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་འཕར་གཟིགས་བྱེད་པར་སྐུལ་འདེད་གཏོང་རྒྱུ། གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་སྨན་བཅོས་མི་སྣར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་མེད་གཟུགས་པོ་བརྟག་དཔྱད་བྱེད་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་འདེམས་བཤེར་སྨན་བཅོས་བྱེད་རྒྱུ་རྒྱུན་ལྡན་དུ་གྱུར་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། གྲུམ་བུ་ཚིགས་ཆེན་ནད་སོགས་ཡུལ་ནད་འགོག་བཅོས་དང་ནད་རིམས་ཆེ་རིགས་ཚོད་འཛིན་འགོག་བཅོས་ལས་ཀ་ཡག་པོ་བྱེད་རྒྱུ། སྦྲུམ་མར་ཕྲུ་གུ་མ་སྐྱེས་གོང་རིན་མེད་ལེགས་བཙའི་བདེ་ཐང་བརྟག་དཔྱད་མུ་མཐུད་བྱེད་རྒྱུ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་བྱེད་ཚད་84%ཟིན་པ་བྱས་ནས་གསར་སྐྱེས་ཕྲུ་གུའི་མི་སྤུས་ཟམ་མི་ཆད་པར་ཡག་ཏུ་གཏོང་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེ་བཏང་ནས་གཞི་རིམ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཐོག་ནས་སྨན་ཁང་གཉེར་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། དམངས་བཙུགས་སྨན་བཅོས་ཚན་པ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཁྱབ་ཁོངས་ནང་འཇུག་ཆོག ཁྲིམས་མཐུན་མིན་པའི་སྨན་བཅོས་བྱེད་རིགས་ཁྲིམས་ལྟར་མེད་པ་བཟོ་རྒྱུ།
ལས་ཞུགས་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ། ལས་ཞུགས་དམངས་ཕན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་ད་ཐོན་མཐོ་རིམ་སློབ་ཆེན་ཐོན་པའི་སློབ་མ་ཆ་ཚང་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ། ལས་ཞུགས་ཐོག་ནས་བོད་སྐྱོར་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ཐོག མཐོ་རིམ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཀྱི་ལྟ་བ་འགྱུར་ལྡོག་བཏང་ནས་ཁོང་ཚོ་ཞིང་འབྲོག་ཁུལ་དང་ཁེ་ལས་སུ་བྱ་གཞག་སྒྲུབ་པར་འགྲོ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ་མ་ཟད་རང་བརྟེན་ལས་འདེམས་དང་ལས་ལམ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ལས་ཞུགས་རོགས་སྐྱོར་ལས་ཀ་ཏན་ཏིག་བྱས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཐུབ་པ་བཟོས་ཏེ་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་2.3མང་དུ་འགྲོ་བ་བྱེད་རྒྱུ་དང་། ཞིང་འབྲོག་པ་གྲོང་ཁྱེར་དུ་ཕྱིན་ནས་ལས་ཞུགས་ཀྱིས་ལས་ལམ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་90ཁ་སྒྱུར་ཐུབ་པ་བྱེད་རྒྱུ།
དེ་བས་དྲང་གཞག་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུ། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བསྡུ་འཇལ་དང་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་བསྒྱུར་བཅོས་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་ལེགས་སུ་བཏང་ནས་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཡོང་འབབ་བགོ་འགྲེམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གླ་ཕོགས་རྒྱུན་ལྡན་ལྟར་འཕར་འགྲོ་བའི་ལམ་སྲོལ་ཆ་ཚང་དུ་གཏོང་རྒྱུ། རྒན་གསོའི་ཞབས་ཞུའི་ལས་རིགས་གོང་འཕེལ་བཏང་ནས་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུ་དང་། འགན་ལེན་ལྔའི་འཚོ་སྐྱོང་ཁང་20གསར་སྐྲུན་བྱས་ཐོག གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། ས་གནས་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གསར་སྐྲུན་དང་རྒྱ་སྐྱེད་བཏང་ནས་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ། དབང་སྐྱོན་མི་སྣར་གཅེས་སྐྱོང་ཁ་ཙམ་མིན་པ་བྱེད་རྒྱུ།
གཞི་རིམ་གྱི་རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་དང་། ཏང་ཡོན་སློབ་གསོ། ཚན་རིག་ཁྱབ་གདལ། ལུས་རྩལ་ལུས་སྦྱོང་སོགས་ཀྱི་སྒྲིག་བཀོད་སྒྲིལ་སྤྱོད་བྱས་ནས་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་བཙུགས་ནས་ཚོད་ལྟ་བྱེད་རྒྱུ། ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་543དང་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱེད་ས་ཁག་39འཛུགས་སྐྲུན་ཐུབ་པ་བྱེད་རྒྱུ། བོད་ཀྱི་ཟློས་གར་ཁང་ཆེ་མོ་དང་རླུང་འཕྲིན་བརྙན་འཕྲིན་ལྟེ་གནས་ཀྱི་སྔོན་གྲབས་ལས་དོན་ཇེ་མགྱོགས་སུ་སྤེལ་རྒྱུ་དང་། རྫོང་གྲོང་གི་གྲངས་འཛིན་གློག་བརྙན་ཁང་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ལས་གཞི་དང་། གསར་འགྱུར་པར་སྐྲུན་གྱི “ཤར་རླུང་ལས་གཞི ”འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་ཡག་པོ་བསྒྲུབས་ནས་གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། བོད་ལྗོངས་བརྗོད་བྱར་བྱས་པའི་རིག་རྩལ་དང་གློག་བརྙན་བརྙན་འཕྲིན་གྱི་བརྩམས་བྱ་གསར་རྩོམ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་ཕུལ་བྱུང་གི་རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་གྱི་བརྩམས་བྱ་ཕབ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རླུང་འཕྲིན་བརྙན་འཕྲིན་ཁེབས་ཚད་ཆེ་རུ་གཏོང་རྒྱུ། རིག་གནས་ཐོན་ལས་གོང་འཕེལ་བཏང་ནས་རིག་གནས་ཁྲོམ་ར་དར་རྒྱས་གཏོང་རྒྱུ། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དང་། སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ།
སྡོད་ཁང་འགན་སྲུང་དང་མཁོ་འདོན་བྱེད་པའི་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུ། གཅིག་གྱུར་འཆར་འགོད་དང་། ཐོན་ཁུངས་སྒྲིལ་བཅོས། རྫོང་ཤང་སྔོན་སྤེལ་བཅས་བྱས་ཐོག སྡོད་ཁང་སྐྱོ་ཁུལ་བཟོ་བཅོས་དང་སྤྱི་པའི་བོགས་གཏོང་སྡོད་ཁང་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་གྲོང་རྡལ་གྱི་བདེ་འཁོད་ལས་གཞི་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་དང་། འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་རྒྱུ། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་ཤག་དོ་དམ་ལམ་ལུགས་བསྒྱུར་བཅོས་བརྟན་པོའི་ངང་བྱེད་རྒྱུ་དང་ས་ཁང་ཐོན་ལས་ཀྱི་ཁྲོམ་ར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སེང་གེ་ཁ་འབབ་གྲོང་རྡལ་གྱི་གཅིག་སྡུད་དྲོད་འདོན་ལས་གཞི་ལས་འགོ་འཛུགས་རྒྱུ།
གནོད་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་འདུ་ཤེས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་རྒྱུ། ཆབ་མདོའི་ས་ཡོམ་དང་ནག་ཆུའི་ལྷ་རིའི་ཆུ་ལོག་སོགས་གནོད་འཚེ་ཕོག་ཁུལ་སླར་གསོ་བསྐྱར་སྐྲུན་མུ་མཐུད་ཡག་པོ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་འཚམ་པོ་བྱེད་རྒྱུ། གནོད་འགོག་གེགས་སེལ་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ་གནམ་གཤིས་དང་། ས་གཤིས། ས་ཡོམ། རི་རུད་སོགས་རང་བྱུང་གི་གནོད་འཚེ་ལྟ་ཞིབ་དང་སྔོན་འགོག་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རྒུད་སྐྱོབ་དངོས་ཟོག་གྲབས་གསོག་གཏོང་འགྲེམས་ལས་དོན་ཡག་པོ་སྒྲུབ་རྒྱུ། འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུ། གནོད་འཚེ་ཚབས་ཆེའི་ཉེན་ཟོན་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་རྒྱུ། བཟའ་བཅའ་དང་སྨན་རྫས་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱ་ལམ་འགྲིམ་འགྲུལ་དང་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་རིགས་མི་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ།
བཞི། བསྒྱུར་བཅོས་སྒོ་དབྱེ་དང་ག་སྦྱར་རོགས་སྐྱོར་བྱེད་པའི་སྒུལ་ཤུགས་གཉིས་སྐུལ་སློང་ཤུགས་ཆེ་བྱེད་རྒྱུ།
བསྒྱུར་བཅོས་སྒོ་དབྱེ་ནི་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་སྒུལ་ཤུགས་ཆེ་ཤོས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནི་བོད་ལྗོངས་བརྟན་ལྷིང་དང་དར་རྒྱས་ཡོང་བའི་སྲ་བརྟན་གྱི་རྒྱབ་རྟེན་ཞིག་ཡིན། ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་ཡག་པོ་དང་། ལག་བསྟར་ཆ་ཚང་པོ། སྤྱོད་མཁས་པོ་བཅས་དང་ག་སྦྱར་རོགས་སྐྱོར་གྱི་དགེ་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་བསྒྱུར་བཅོས་ཐོག་ནས་སྒུལ་ཤུགས་འཕེལ་བ་དང་སྒོ་དབྱེའི་ཐོག་ནས་གསོན་ཤུགས་འཕེལ་བ་བྱས་ན་གཞི་ནས་རང་གིས་གསོག་སྒྲུབ་བྱེད་པ་དང་རང་སྟོབས་རང་འཕེལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐུབ་ངེས་རེད།
དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་གི་གཏན་འབེབས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བསམ་འཆར་ལག་ལེན་དོན་འཁྱོལ་ནན་ཏན་བྱེད་རྒྱུ། མུ་མཐུད་ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ས་ཞིང་གི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྨོ་ཞིང་དང་རྩྭ་ར་གོ་རིམ་ལྡན་པའི་སྒོ་ནས་བརྒྱུད་བཤུག་བྱེད་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཁ་གསབ་རོགས་དངུལ་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གྱི་སྒྲིག་གཞི་དང་ལམ་སྲོལ་བསྒྱུར་བཅོས་འཐུས་ཚང་དུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་ཞིང་གློག་ལམ་སྲོལ་བསྒྱུར་བཅོས་སྐུལ་སྤེལ་གཏོང་རྒྱུ། ཆུ་ཤུར་རྫོང་གི་གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ། རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རྒྱུ་ནོར་བདག་དབང་ཉོ་ཚོང་ལས་སྟེགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་རྒྱུ། གཞུང་ཁོངས་རྒྱུ་ནོར་མ་རྩ་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་འགྲིམ་འགྲུལ་དང་ཡུལ་སྐོར་སོགས་ལས་རིགས་རང་བཞིན་གྱི་གཞུང་ཁོངས་མ་རྩའི་འཁོར་སྐྱོད་གཉེར་སྐྱོང་ཀུང་སི་འཛུགས་རྒྱུ་དང་། ལྗོངས་ཕྱིའི་ཁེ་ལས་ཆེ་གྲས་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ནང་ཞུགས་རྒྱུར་ནང་འདྲེན་བྱས་ཐོག ལྗོངས་ཕྱིའི་གཞུང་ཁོངས་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཆེ་གྲས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བདག་དབང་མཉམ་བསྲེས་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་དང་། གཞུང་ཁོངས་ཁེ་ལས་གཉེར་སྐྱོང་མ་འཇོག་གི་འགན་འཁྲི་བདའ་འདེད་ལམ་ལུགས། ལས་རིགས་བདག་གཉེར་པའི་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞུང་ཁོངས་མ་རྩའི་ལྟ་སྐུལ་དོ་དམ་དེ་མ་རྩའི་དོ་དམ་བྱེད་པར་སྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། མ་དངུལ་གཏོང་རྒྱུའི་ལམ་སྲོལ་བསྒྱུར་བཅོས་བྱས་ནས་སྲིད་གཞུང་གིས་ཁ་གསབ་དང་། ཁྲོམ་རས་ཁྲིད་སྟོན། དངུལ་རྩས་འདེགས་སྐུལ་བཅས་བྱེད་པའི་གོང་འཕེལ་གྱི་ལམ་སྲོལ་བཙུགས་ཐོག དམངས་ཁྲོད་ཀྱི་མ་རྩ་དེ་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཕན་བྱ་གཞག ཐོན་ཁུངས་གསར་སྤེལ། ཁྱད་ལྡན་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་ནང་འཇོག་རྒྱུར་སྐུལ་ལྕག་ཁྲིད་སྟོན་བྱེད་རྒྱུ། ལོ་འཁོར་བརྒལ་བའི་སྔོན་རྩིས་སྙོམས་སྒྲིག་ལམ་སྲོལ་འཛུགས་པ་དང་། སྲིད་གཞུང་གི་བུ་ལོན་ཉེན་ཟོན་དོ་དམ་དང་སྔོན་ཚུད་ཉེན་བརྡ་གཏོང་ཐབས་ཞིབ་འཇུག་བཟོ་འདོན་བྱས་ཏེ་རིམ་ཁག་སྲིད་གཞུང་གི་ཁག་ཐེག་དང་མ་དངུལ་བསྡུ་རྒྱུག་བྱེད་རིགས་ལུགས་མཐུན་དང་ཚད་ལྡན་བཟོ་རྒྱུ། འགོ་ཁྲིད་ལས་བྱེད་པས་འགན་ཁུར་རིང་དང་ལས་གནས་མ་བྲལ་གོང་གི་རྩིས་བཤེར་དང་བུན་ལོན་གྱི་འགན་འཁྲི་ཚེ་གང་འགན་འཁུར་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་དོན་དག་གཅོད་དབང་དང་གཏོང་སྒོའི་འགན་འཁྲི་གསལ་པོར་དབྱེ་སྟེ་རང་སྐྱོང་ལྗོངས་དང་། ས་གནས་གྲོང་ཁྱེར། རྫོང་བཅས་ལ་ས་གནས་སྔོན་རྩིས་ཀྱི་ཡོང་འབབ་བགོ་འགྲེམས་བྱེད་པའི་བསྡུར་ཚད་ལེགས་སྒྲིག་འོས་འཚམ་བྱེད་རྒྱུ་དང་། ཀྲུང་དབྱང་གི་ཁྲལ་འབབ་ཕྱིར་སློག་བྱེད་པ་དེ་རྩ་བའི་ཆར་རང་སྐྱོང་ལྗོངས་ནོར་སྲིད་ནས་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ། ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་ཁད་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དང་། ཐག་རིང་ལུང་ཁུག མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་གཙོ་གནད་དུ་འཕར་གཟིགས་བྱེད་རྒྱུ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གཙང་བཤེར་ཚད་ལྡན་བཟོ་རྒྱུ་དང་། འབབ་ཁྲལ་གྱི་སྲིད་ཇུས་མ་ལག་ཁྲིམས་ལུགས་ལྟར་ཚགས་ཚུད་དུ་བཏང་ཐོག ཐོན་ཁུངས་དཔྱ་ཁྲལ་དེ་རིན་གོང་ལ་བསྟུན་ནས་བསྡུ་ལེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་“ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བའི ”ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུ། ཁེ་ཆུང་ཁེ་ལས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དམངས་ཁྲོད་མ་རྩའི་ཐོག་ནས་དངུལ་ཁང་ཆུང་གྲས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་བྱས་ནས་དངུལ་རྩའི་གཙོ་རྐང་མང་འཕེལ་སྟོབས་ཆེར་གཏོང་རྒྱུ་དང་། དངུལ་རྩ་གསར་གཏོད་བྱེད་པར་སྐུལ་ལྕག་གཏོང་རྒྱུ། ཧྭ་གཡུ་གཏེར་ལས་དང་། ལིང་ཁང་སྨན་ལས། ལྕིང་ཚའི་ཚན་རྩལ་བཅས་དང་ཀའོ་ཀྲེང་སོགས་ཁེ་ལས་ཁྲོམ་འགྲེམས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་ཁྲོམ་འགྲེམས་ཀུང་སིས་བསྐྱར་དུ་མ་དངུལ་བསྡུ་རྒྱུག་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། སྲིད་གཞུང་གིས་མ་དངུལ་བསྡུ་རྒྱུག་བྱེད་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་ཀྱི་བུན་འཛིན་དང་ཁེ་ལས་ཀྱི་བུན་འཛིན་འགྲེམ་སྤེལ་བྱེད་རྒྱུ་འཚོལ་ཞིབ་བྱས་ནས་མ་དངུལ་ཐད་ཀར་བསྡུ་རྒྱུག་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། རྒྱུ་གཙོའི་ཁྲོམ་རའི་རིན་གོང་སྔར་བས་མཐུན་སྦྱོར་བྱས་ནས་ཆུ་དང་། གློག རླངས་སོགས་སྤྱི་སྤྱོད་བྱ་གཞག་ཐོན་རྫས་ཀྱི་རིན་གོང་བསྒྱུར་བཅོས་བྱེད་རྒྱུ་དང་རིན་གོང་སྙོམས་སྒྲིག་ཐེབས་རྩའི་ལམ་ལུགས་གང་མགྱོགས་འཛུགས་རྒྱུ།
སྲིད་འཛིན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། སྡེ་ཚན་གྱི་སྒྲིག་གཞིའི་འགན་འཁྲི་སྙོམས་སྒྲིག་ལེགས་སྒྱུར་དང་། སྡེ་ཚན་གྱི་འགན་འཁྲིའི་འབྲེལ་བ་སྔར་བས་ལེགས་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། གསར་འགྱུར་པར་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུད། བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུད། ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་། དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་། ནུས་རྒྱུ་ཅུད་སོགས་ཀྱི་སྒྲིག་གཞི་འཛུགས་རྒྱུ། མུ་མཐུད་རིག་གནས་དང་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཞིབ་མཆན་འགོད་དབང་རྩིས་མེད་དང་གཤམ་སྤྲོད་བྱེད་པར་སྦྲེལ་མཐུད་བྱེད་རྒྱུའི་ལས་དོན་ཡག་པོ་སྤེལ་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་མཆན་འགོད་བྱས་པའི་དོན་གནད་སླར་ཡང་30%ཉུང་དུ་གཏོང་རྒྱུ། ཁེ་ལས་རིགས་འདྲ་མིན་གྱི་མ་འཇོག་རྣམ་གྲངས་དེ་བོད་ཀྱི་བརྟན་ལྷིང་དང་འབྱུང་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། ལྗོངས་ཡོངས་ཀྱི་གལ་ཆེའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཁྱབ་བཀོད་དང་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་གསར་སྤེལ། གལ་ཆེའི་སྤྱི་པའི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་པ་ཕུད། དེ་བྱིངས་ཚང་མ་ཁེ་ལས་སོ་སོས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་རང་ཐག་བཅད་ཆོག་པ་དང་སྲིད་གཞུང་ནས་བསྐྱར་དུ་ཞིབ་མཆན་མི་འགོད་རྒྱུ།
ཕྱི་ནང་གཉིས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ། “ཕྱིར་སྐྱོད་པ ”དང་“ནང་དུ་གདན་འདྲེན་ཞུ་རྒྱུ ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྒྱལ་ནང་གི་ཁུལ་ཁོངས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཕྱིར་སྒོ་དབྱེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། མཐའ་རྒྱུད་ཀྱི་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། བོད་མཚོ་བཟོ་ལས་སྡེ་གླིང་ལ་གཞི་བཅོལ་ཏེ་དར་སིའི་གནའ་ལམ་གྱི་དཔལ་འབྱོར་དར་ཁུལ་ནང་ཧུར་ཐག་འདྲེས་ཞུགས་བྱེད་རྒྱུ། ཨེ་ཤེ་ཡ་ལྷོ་མའི་སྐམ་ཐོག་ཚོང་དོན་བགྲོད་ལམ་ཆེན་མོ་སྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་བཞིའི་དཔལ་འབྱོར་ཁྱམས་རིང་ནང་ཧུར་ཐག་ཞུགས་ཐུབ་པ་བྱེད་རྒྱུ། ཟི་ཁྲོན་དང་ཁྲུང་ཆིང་གི་སྲོལ་རྒྱུན་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་སྔར་བས་སྲ་བརྟན་དུ་བཏང་ཐོག ནང་ས་དང་ལྷག་པར་དུ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་སྤེལ་རེས་མཉམ་ལས་ཤུགས་ཆེར་བཏང་ནས་རྩེར་སོན་འབྲེལ་མཐུད་བྱེད་པ་བརྒྱུད་ཤར་ཕྱོགས་མཚོ་རྒྱུད་དར་རྒྱས་ཆེ་བའི་དཔལ་འབྱོར་ཁུལ་ནང་ཞུགས་ཐུབ་པ་བྱེད་རྒྱུ། བཟོ་ཚོང་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ “མ་མེད་དེབ་སྐྱེལ ”བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་འཁྲོལ་འཛིན་སྔོན་ལ་ཞུ་བ་དང་ལས་གཉེར་ལག་ཁྱེར་རྗེས་ལ་ལེན་དགོས་པ་ནས་ལས་གཉེར་ལག་ཁྱེར་སྔོན་ལ་ལེན་པ་དང་འཁྲོལ་འཛིན་རྗེས་ལ་ཞུ་བར་སྒྱུར་རྒྱུ་དང་། ཐོ་འགོད་མ་རྩ་དེ་དངུལ་སྨར་ཐོ་འཇལ་ལམ་ལུགས་ནས་འཇལ་སྒྲུབ་ཁས་ལེན་ལམ་ལུགས་སུ་སྒྱུར་རྒྱུ། “ལྷུག་གློད་ལྔ ”དང་“རྒྱབ་སྐྱོར་དྲུག ”གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཕར་ཐང་དང་གོང་འབུལ་ཁྲལ་འབབ་ཁག་སོ་སོར་15%ཡན་འཕར་བ་བྱེད་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། “ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་དུ་སྤེལ་བའི ”གན་འཇོག་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་བྱེད་པའི་མ་དངུལ་15%ཡན་འཕར་བ་ཐུབ་པ་བྱེད་རྒྱུ། འགོ་བརྩམ་ས་མཐོ་བའི་ངེས་གནས་གཏན་འཁེལ་དང་། གཅིག་གྱུར་འཆར་འགོད། གོམ་སྟབས་དབྱེ་ནས་ལག་བསྟར་བྱེད་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་སྐྱིད་རོང་འགག་སྒོའི་རྒྱལ་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་“ཁུལ་ནས་བྲལ་བར་དཔྱ་ཁྲལ་རྩ་ཆག ”གཏོང་བའི་ཚོད་ལྟ་བྱེད་ཐུབ་པ་ཧུར་ཐག་བྱས་ཐོག འགག་སྒོའི་རང་མོས་ཚོང་དོན་ཁུལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་གྱི་འཐབ་ཇུས་གཞིར་བཟུང་བོད་འབྲེལ་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་རྒྱུ།
བོད་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་ལ་གཞོགས་འདེགས་བྱས་ནས་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བཞུགས་མོལ་ཚོགས་འདུ་ཡག་པོ་ཚོགས་ཐུབ་པ་བྱེད་རྒྱུ། དཔལ་འབྱོར་གྱི་བོད་སྐྱོར་དང་། ཆེད་ལས་ལག་རྩལ་པའི་བོད་སྐྱོར། ལས་ཞུགས་བོད་སྐྱོར། ལས་བྱེད་པའི་བོད་སྐྱོར་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་ལས་ཀའི་གྲུབ་འབྲས་ཞིབ་དཔྱད་ཚོད་སྐོར་དང་སྐབས་བསྟུན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། རོགས་སྐྱོར་བྱེད་མཁན་དང་དང་ལེན་ཞུ་མཁན་ཕྱོགས་གཉིས་ཀའི་ཧུར་སེམས་འདོན་སྤེལ་གང་ལེགས་བྱེད་རྒྱུ། བོད་སྐྱོར་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུ། མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་སྔར་བས་ཚད་ལྡན་བཟོས་ཏེ་བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་30ཡན་ལེགས་སྒྲུབ་བྱེད་རྒྱུ། བོད་སྐྱོར་ལས་བྱེད་པར་ཆབ་སྲིད་ཐོག་ཡིད་ཆེས་བརྟན་པོ་དང་། ལས་ཀའི་ཐོག་ཤུགས་ཆེའི་རྒྱབ་སྐྱོར། འཚོ་བའི་ཐོག་སེམས་ཁུར་ཚད་མེད། དོ་དམ་ཐོག་བླང་བྱ་ནན་པོ་འདོན་པ་བཅས་བྱེད་རྒྱུ།
བརྟན་པོའི་སྒོ་ནས་གྲོང་ཁྱེར་གྲོང་རྡལ་ཅན་དུ་སྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་ཆེར་བཟུང་ཐོག འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དོ་ཁུར་བྱེད་རྒྱུ་དང་། ཐོན་ལས་དང་གྲོང་རྡལ་མཉམ་འདྲེས་ངང་གོང་འཕེལ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ། མི་འབོར་འོས་འཚམ་དང་གོ་རིམ་ལྡན་པའི་ངང་རུབ་འདུས་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྲོང་རྡལ་ཅན་གསར་པའི་ལམ་བུའི་ཐོག་སྐྱོད་རྒྱུ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྲོང་རྡལ་ཅན་གྱི་ལས་དོན་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་གྲོང་རྡལ་ཅན་གསར་པའི་གོང་འཕེལ་འཆར་འགོད་དང་གྲོང་ཁྱེར་གྲོང་རྡལ་ཅན་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར་འདོན་རྒྱུ། གྲོང་ཁྱེར་གྲོང་རྡལ་མ་ལག་གི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་ནས་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་25%ཟིན་པ་བྱེད་རྒྱུ། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་རྒྱུ། ས་གནས་གྲོང་ཁྱེར་དུ་སྒྱུར་རྒྱུ་དང་རྫོང་གྲོང་ཁྱེར་དུ་སྒྱུར་རྒྱུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།
ལྔ། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་གཉིས་ཤུགས་ཆེར་གཏོང་རྒྱུ།
ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན། ཚན་རིག་ལག་རྩལ་དང་རིགས་འདྲ་མིན་གྱི་ཤེས་ལྡན་པའི་སྣེ་འཁྲིད་དང་འདེགས་སྐྱོར་གཞི་བཅོལ་བྱས་ཏེ་གསར་གཏོད་ཀྱི་སྐུལ་འདེད་དང་ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ན་གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་མངོན་གྱུར་ཡོང་ཐུབ་ངེས་ཡིན།
ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམ་པོར་དམིགས་ནས་སྔོན་ཐོན་གོ་ཆོད་ལག་རྩལ་ནང་འདྲེན་དང་། བཀོལ་སྤྱོད། བསྡུ་ལེན། ཡང་བསྐྱར་གསར་གཏོད་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ནགས་གསུམ་གྱི་སོན་བཟང་རིགས་འདེམས་གསོ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྲོམ་རས་ཕྱོགས་ཁྲིད་བྱེད་པའི་ཚན་ཞིབ་རྣམ་གྲངས་འཛུགས་རྒྱུའི་ལམ་སྲོལ་འཚོལ་ཞིབ་བྱེད་རྒྱུ་དང་། གསར་གཏོད་ཀྱི་འབྲས་བུ་དངོས་སྒྱུར་གྱི་བྱ་དགའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཚན་རིག་ཞིབ་འཇུག་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་རྒྱུ། རྒྱལ་ཁབ་རིམ་པའི་ཚན་རྩལ་ཞིབ་འཇུག་ལས་ཁུངས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ས་མཐོའི་རྨང་གཞིའི་ཚན་ཞིབ་ལས་སྟེགས་གཏོད་རྒྱུ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་རྟོག་ཞིབ་ཀྱི་རྨང་གཞིའི་ཞིབ་འཇུག་འབྲས་བུ་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ། རྒྱལ་ཁབ་ས་ཁམས་དང་། གནམ་གཤིས། ཁོར་ཡུག་བཅས་ཀྱི་ལྟ་ཞིབ་ཚད་ལེན་གྱི་སྲུང་སྐར་རྒྱང་ཚོར་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁེ་ལས་ཀྱི་གསར་གཏོད་གཙོ་རྐང་གནས་བབ་མཐོ་རུ་བཏང་སྟེ་ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་བྱེད་པའི་ལམ་སྲོལ་རིམ་བཞིན་འཛུགས་རྒྱུ། དམངས་ཡོངས་ཀྱི་ཚན་རྩལ་བྱང་ཚད་མཐོར་གཏོང་བྱ་སྤྱོད་ཀྱི་འཆར་གཞིའི་རྩ་གནད་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་། གཞོན་ནུ་ལོ་ཆུང་དང་ཞིང་འབྲོག་མང་ཚོགས་གཙོ་གནད་དུ་བཟུང་ནས་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཚན་རྩལ་མངགས་གཏོང་པའི་ལག་རྩལ་ཞབས་ཞུའི་ནུས་པ་དང་སྒྲིག་འཛུགས་ཅན་དུ་འགྱུར་ཚད་ཆེ་རུ་བཏང་ནས་སྲིད་འཛིན་གྲོང་ཚོར་ཚན་རྩལ་མངགས་གཏོང་པ་ཁེབས་ཚད་90%ཡན་ཟིན་པ་བྱེད་རྒྱུ།
ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། རྒྱལ་ཁབ་ཀྱི་ཤེས་ལྡན་པ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ཀྱི་ཤེས་ལྡན་པའི་གལ་ཆེའི་ལས་གཞིར་བརྟེན་ནས་བོད་ལ་གཙོ་གནད་དུ་རོགས་སྐྱོར་བྱེད་རྒྱུའི་བསམ་འཆར་དང་རང་སྐྱོང་ལྗོངས་ཀྱི་དུས་འབྲིང་དུས་རིང་གི་ཤེས་ལྡན་པ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད་དོན་འཁྱོལ་ནན་ཏན་བྱས་ཏེ་དགེ་རྒན་དཔུང་ཁག་དང་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་གཏན་འཁེལ་བཟོ་རྒྱུ། མཐོ་རིམ་དགེ་འོས་སློབ་གྲྭ་དང་། གསོ་རིག ཞིང་འབྲོག་ནགས་ཆུ་རིགས་ཀྱི་སློབ་ཐོན་སློབ་མ་སྔོན་ལ་ཁ་གཏད་ལས་གནས་ཐོག་བསྡུ་རྒྱུ། ཤེས་ལྡན་པ་གཞི་རིམ་དུ་སྐྱོད་རྒྱུ་དང་། དཀའ་ངལ་ཆེ་བའི་ས་ཁུལ་དུ་བསྐྱོད་རྒྱུ། ས་ཡུལ་དང་པོར་བྱ་གཞག་གཏོད་པ་བཅས་ཀྱི་ངར་སྐུལ་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ། ད་ཡོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། མྱུར་མཁོའི་ཤེས་ལྡན་པ་དཀོན་གྲས་ནང་འདྲེན་ཁ་གསབ་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་ཤེས་ལྡན་པ་དང་། ཉེར་མཁོའི་ཤེས་ལྡན་པ་གཞན་དག་གསོ་སྐྱོང་བྱེད་རྒྱུར་མངོན་ཆེར་དམ་འཛིན་བྱས་ཐོག་རིག་པའི་བང་མཛོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ཇུས་བློ་འདྲིའི་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ནས་ཤེས་ལྡན་པ་ཚང་མར་འཇོན་ཐང་འདོན་ས་དང་ལས་སྒྲུབ་གསར་གཏོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་པ་བྱས་ཏེ་ཉར་སྡོད་ཐུབ་པ་དང་། བེད་སྤྱོད་གཏོང་ཐུབ་པ། བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ལས་སྐྲུན་རྣམ་པ་དང་། གསར་གཏོད་རྣམ་པ། གོ་ཆོད་རྣམ་པ། རྩལ་ནུས་རྣམ་པ་བཅས་ལྡན་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་རྒྱུ། ཤེས་ལྡན་པ་ནང་འདྲེན་བྱེད་པའི་བབ་བསྟུན་ལམ་སྲོལ་དང་འཁོན་མེད་ཐབས་ལམ་བཙུགས་ཏེ་ཁ་ཕྱོགས་གཉིས་ལྡན་གྱི་གནས་སྦྱར་དང་། རྣམ་གྲངས་མཉམ་ལས། དུས་ཐུང་ལས་སྒྲུབ། ཆེད་ལས་ལག་རྩལ་མཛུབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་རིགས་འདྲ་མིན་གྱི་ཤེས་ལྡན་པ་འགུགས་འཐེན་གྱིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་བོད་ཀྱི་གསར་སྤེལ་དང་འཛུགས་སྐྲུན་ནང་ཐེ་ཞུགས་ཐུབ་པ་བྱེད་རྒྱུ།
དྲུག མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྩ་གཉིས་སྲ་བརྟན་གཏོང་རྒྱུར་ཤུགས་རྒྱག་རྒྱུ།
མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་། སྤྱི་ཚོགས་བརྟན་ལྷིང་ནི་བོད་ལྗོངས་གོང་འཕེལ་ཡར་ཐོན་ཡོང་བའི་རྩ་བའི་འགན་སྲུང་དང་རྩ་བའི་སྔོན་འགྲོ་ཡིན། མཐུན་སྒྲིལ་དང་བརྟན་ལྷིང་མེད་ན་ཐམས་ཅད་གླེང་ཐབས་བྲལ་བ་ཞིག་རེད། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་སྟེ་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་ཐུབ་ཚེ་གཞི་ནས་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་འཁོད་ལས་བརྩོན་བཅས་ཡོང་ཐུབ་རྒྱུ་རེད།
མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་རྒྱུ། “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེ་བྱེད་རྒྱུ། མཐའ་དར་དམངས་ཕྱུག་གི་བྱེད་སྒོ་སྤེལ་རྒྱུ་མུ་མཐུད་ལག་བསྟར་བྱས་ནས་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གོང་འཕེལ་ཇེ་མགྱོགས་ཡོང་བར་རོགས་སྐྱོར་བྱེད་རྒྱུ། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་བསམ་བློའི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་གོང་འཕེལ་བཏང་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཐོག མི་རིགས་མཐུན་སྒྲིལ་གྱི་དུས་རབས་སྙིང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་རྒྱུ།
དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་རྒྱུ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་བྱས་ཏེ་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ། “འཛུགས་སྐྱོང་དྲུག ”དང་། “གཅིག་བྱས་པ་དྲུག ” “ཡོད་པ་དགུ ” “ཁེབས་པ་གཅིག ” “གསར་གཏོད་གཅིག ” “སློབ་གསོ་གཅིག ” “ལས་གཞི་གཅིག ” “ཞབས་ཞུ་གཅིག ” “འགན་བཅོལ་གསུམ་དང་འགན་སྲུང་གཅིག ”སོགས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་སྤྲོ་སེམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་འགྲོ་བ་བྱེད་རྒྱུ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཡར་རྒྱས་དང་མཐུན་པའི་གསལ་འགྲེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ།
སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཐུབ་པའི་འགན་ལེན་བྱེད་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་བྱ་ཐབས་ཁག་བཅུ་དོན་འཁྱོལ་བྱས་ནས་དྲ་མིག་ཅན་གྱི་དོ་དམ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་བསྒྲུབ་རྒྱུ་ཁ་ཕྱོགས་སུ་བྱས་ཏེ་གཞི་རིམ་གྱི་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྨང་བརྟན་དམངས་ཕན་བྱེད་སྒོ་དང་“སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གྱི་འཛུགས་སྐྱོང་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མཐའ་ཀུན་ནས་སྤྱི་ཚོགས་བདེ་འཇགས་འགོག་ཟོན་སྟངས་འཛིན་བྱེད་པའི་མ་ལག་གསར་གཏོད་བྱས་ནས་རིགས་འདྲ་མིན་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ། ཁྲིམས་ལུགས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་ལ་ཁྲིམས་བཞིན་མཐའ་འདོམས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་ནང་ཁུལ་གྱི་འགལ་བ་འདུམ་འགྲིག་དང་ཐག་གཅོད་འཚམ་པོ་བྱེད་རྒྱུ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་འགོག་རྐྱེན་དང་གཏོར་བཤིག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞོམ་གཞིག་མེད་པའི་ལྕགས་རི་བརྟན་པོ་ཞིག་བརྒྱབ་སྟེ་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་འགན་ལེན་བྱེད་རྒྱུ།
རྒྱལ་སྲུང་སློབ་གསོར་ཤུགས་སྣོན་དང་རྒྱལ་སྲུང་འདུ་ཤེས་ཆེ་རུ་བཏང་སྟེ་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ། དམག་བཀུར་ཁྱིམ་སྐྱོང་དང་། སྲིད་བཀུར་དམངས་གཅེས། དམག་དམངས་མཉམ་སྐྲུན་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། དམག་དམངས་འབྲེལ་བ་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། མི་དམངས་མཁའ་ཟོན་ལས་དོན་ཡག་པོ་སྤེལ་ནས་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་ཕན་ཚུན་ལེགས་ལམ་སྐུལ་འདེད་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་རྒྱུ།
སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།
ཏང་འཛུགས་སྤྱི་ཕན་དང་སྲི་ཞུ་དམངས་ཕན་བྱེད་རྒྱུ་ནི་ང་ཚོའི་རྩ་བའི་འགན་འཁྲི་ཡིན། འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཆབས་ཅིག་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཡང་ཤུགས་ཆེན་པོ་བརྒྱབ་ཡོད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། “སྤྱོད་ཚུལ་བཞིའི ”ཐད་ལྷག་བསྡད་པའི་མངོན་ཆེའི་གནད་དོན་རིགས་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་པ་དང་། བཅོས་སྒྲིག་དོན་འཁྱོལ་ཡག་པོ་བྱེད་རྒྱུར་དམ་འཛིན་ནན་ཏན་བྱས་ནས་སྲིད་གཞུང་གི་དོན་གྲོས་ཇུས་གཞི་སོགས་ལམ་ལུགས་ཁག་13བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཆེད་དོན་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲགས་ཅན་རིགས་གཅིག་མཁས་དབང་དང་རིག་གནས་པ་གདན་འདྲེན་ཞུས་ནས་རིགས་འདྲ་མིན་གྱི་འཆད་ཁྲིད་ཐེངས་8བྱས་པ་དང་། སློབ་སྦྱོང་ནང་ཞུགས་མཁན་མི་ཐེངས་ཁྲི་5.4ལྷག་ཙམ་ཟིན་ཡོད། བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཇུས་འགོད་བློ་འདྲི་བྱེད་རྒྱུར་དོ་སྣང་བྱས་པ་དང་། ཇུས་འགོད་ཚན་རིག་ཅན་དང་དམངས་གཙོ་ཅན་ཡོང་རྒྱུར་དོ་སྣང་བྱས་ཡོད། སྐུལ་ཁྲིད་དོན་འཁྱོལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད། ཁྲིམས་སྒྱུར་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་དང་ཚན་པ་ཁག་208ལ་ཁྲིམས་བཞིན་རྩིས་བཤེར་བྱས་ནས་སྲིད་གཞུང་གི་ཉོ་སྒྲུབ་སོགས་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུ་བའི་རྣམ་གྲངས་132མེད་པ་བཟོས་ཡོད། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་ལྗོངས་ཏང་ཨུད་ཀྱི “བསྲུང་བྱ་རྣམ་བཅུ ” “བླང་བྱ་ཁག་དགུ ”བཅས་ལག་བསྟར་ནན་པོ་བྱས་པར་བརྟེན “གཞུང་གསུམ ”འགྲོ་གྲོན་གྱི་གཏོང་སྒོ་25%ཆག་ཡོད། རང་འགུལ་ངང་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་དང་ལེན་ཞུས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་དང་གྲོས་འགོ་གཉེར་སྒྲུབ་ལན་འདེབས་ལས་དོན་ཡག་པོ་བསྒྲུབས་ཡོད། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་། གྲོང་ཚོ་དང་དགོན་པར་བཅའ་སྡོད་ལས་བྱེད་པས་གཞི་རིམ་ལ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་སོང་ཞིང་མང་ཚོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
ལྕགས་རྡུང་བར་སྔོན་ལ་ཐོ་བ་མཁྲེགས་པོ་དགོས་ཞེས་པ་ལྟར་ང་ཚོས་ངེས་པར་དུ “དམངས་ཕན་དང་། དོན་གཉེར། སྤྱོད་གཙང་”བཅས་ཀྱི་བླང་བྱ་གཞིར་བཟུང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྲིད་གཞུང་ཞིག་སྐྲུན་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།
གཅིག སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་གཏོང་རྒྱུ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས ”དར་སྤེལ་ཤུགས་ཆེ་བཏང་ཐོག དཀའ་སྤྱད་འབད་འཐབ་དང་ལམ་བཤངས་གསར་གཏོད་ཀྱིས་ཏན་ཏན་ཏིག་ཏིག་གི་སྤྱོད་ཚུལ་ཐོག་ནས་བྱ་གཞག་གོང་དུ་སྤེལ་རྒྱུ་དང་། དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། སློབ་སྦྱོང་བྱེད་པའི་སྲོལ་བཟང་དར་སྤེལ་ཤུགས་ཆེ་བཏང་ནས་སློབ་སྦྱོང་ལ་བརྩོན་པ་དང་། བསམ་གཞིགས་བྱེད་མཁས་པོ། ལག་ལེན་བྱེད་ཕོད་པ་བཅས་བྱས་ཏེ་ཁྲོམ་རའི་དཔལ་འབྱོར་ལ་ཁ་ལོ་སྒྱུར་ཐུབ་པ་དང་རྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ། བརྟག་ཞིབ་བྱེད་པའི་སྲོལ་བཟང་དར་སྤེལ་ཤུགས་ཆེ་བཏང་ནས་མང་ཚོགས་དང་འབྲེལ་འདྲིས་དང་དམངས་ཀྱི་གནས་ཚུལ་གསལ་རྟོགས་བྱས་ཏེ་ཐད་ཀར་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དོན་འཁྱོལ་བྱེད་པའི་སྲོལ་བཟང་དར་སྤེལ་ཤུགས་ཆེ་བཏང་ནས་བྱ་བ་དངོས་སྒྲུབ་རྒྱུར་མཐོང་ཆེན་དང་། ཕན་འབྲས་དངོས་ཐོན་པ། སྐད་ཆ་དྲང་པོ་ཤོད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་སྲིད་གཞུང་གི་སྤྱི་མོས་ཐོབ་ནུས་དང་ལག་ལེན་བསྟར་ནུས་སྔར་བས་ཆེ་རུ་གཏོང་དགོས།
གཉིས། འགན་ནུས་ཏན་ཏིག་བསྒྱུར་རྒྱུ། རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་གཏོང་བའི་བླང་བྱ་དང་འཚམ་པ་བྱས་ཐོག སྲིད་འཛིན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། སྲིད་གཞུང་གི་གཞི་ཆེའི་དོ་དམ་དང་། ཁྲོམ་རའི་ལྟ་འདོམས། སྤྱི་པའི་ཞབས་ཞུ། སྤྱི་ཚོགས་ཀྱི་དོ་དམ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་འགན་ནུས་ཤུགས་ཆེར་བཏང་ནས་རིགས་འདྲ་མིན་གྱི་ཁྲོམ་ར་གཉེར་མཁན་ལ་དྲང་སྙོམས་ངང་འགྲན་རྩོད་བྱེད་པ་དང་། གོ་རིམ་ལྡན་པའི་ངང་གོང་འཕེལ་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ། སྲིད་འཛིན་གྱི་ཞིབ་མཆན་འགོད་རྒྱུ་ཉུང་དུ་བཏང་བ་དང་གཤམ་སྤྲོད་བྱས་རྗེས་སྲིད་གཞུང་སྡེ་ཚན་གྱི་དོ་དམ་དེ་ལས་ཀའི་གོང་གི་ཞིབ་མཆན་འགོད་རྒྱུ་ནས་ལས་ཀ་བྱེད་རིང་དང་ལས་ཀ་བྱས་རྗེས་ཀྱི་ལྟ་འདོམས་ཐོག་གང་མང་བསྒྱུར་ཐུབ་པ་བྱེད་རྒྱུ། ལས་གྲོན་ལས་མི་གྲོན་མི་གཏོང་བའི་རྩ་དོན་གཞིར་བཟུང་སྲིད་གཞུང་གིས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ལ་ཞབས་འདེགས་དང་། གཞི་རིམ་ལ་ཞབས་འདེགས། མང་ཚོགས་ལ་ཞབས་འདེགས། ཁེ་ལས་ལ་ཞབས་འདེགས་བཅས་ཞུ་བའི་བསམ་པ་སྔར་བས་ཤུགས་ཆེར་བཏང་ནས་ཞབས་ཞུའི་རྣམ་པའི་སྲིད་གཞུང་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས།
གསུམ། སྲིད་འཛིན་ཁྲིམས་བཞིན་ཏན་ཏིག་སྐྱོང་རྒྱུ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་མཛད་ཇུས་ཆེ་རིགས་ཀྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྲིམས་སྒྱུར་གཙོ་རྐང་སྒྲིལ་བཅོས་བྱས་ནས་ཕྱོགས་བསྡུས་ཁྲིམས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་དབང་འགན་གཅིག་གྱུར་དང་དབང་གྲགས་ལྡན་པ་ལ་ལས་ཆོད་ཆེ་བའི་སྲིད་འཛིན་ཁྲིམས་སྒྱུར་ལམ་སྲོལ་འཛུགས་རྒྱུ། སྲིད་འཛིན་གྱི་ཁྲིམས་སྒྱུར་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་ཆེའི་རྣམ་གྲངས་ལག་བསྟར་བྱེད་པར་རྗེས་འདེད་ལྟ་ཞིབ་དང་རྗེས་འདེད་རྩིས་བཤེར་བྱེད་རྒྱུ། རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་། ལས་ཀའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་ལེན་ཞུ་རྒྱུ། སྲིད་ལས་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་རང་འགུལ་ངང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་ནས་དབང་ཆ་དེ་ཉིད་ཚང་མས་མཐོང་གསལ་དུ་སྤྱོད་ཐུབ་པ་བྱེད་དགོས།
བཞི། སྤྱོད་གཙང་སྲིད་འཛིན་ཏན་ཏིག་བྱེད་རྒྱུ། སྲིད་གཞུང་གིས་འཚོ་བ་སྐྱེལ་མཁས་པོ་བྱེད་རྒྱུ་དང་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་བསམ་བློ་བརྟན་པོ་བཙུགས་ཏེ་གྲོན་ཆུང་བསྲི་ཚགས་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ནས “གཞུང་གསུམ ”འགྲོ་གྲོན་ཚོད་འཛིན་ནན་པོ་བྱེད་པ་དང་ནོར་དཔལ་སྒྲིག་ལམ་ནན་པོ་བསྲུངས་ཐོག སྔོན་རྩིས་ཀྱི་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱོད་གཙང་རང་སྡོམ་བྱེད་རྒྱུར་ཤུགས་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱས་ཐོག ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་རྩད་ཞིབ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཕན་འབྲས་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་རྒྱུ། རིམ་ཁག་གཞུང་ལས་པས་དབང་ཆར་བརྩི་ཟོན་དང་དབང་ཆ་སྤྱོད་རྒྱུར་ཡིད་གཟབ་ཀྱིས་མི་དྲང་པོ་དྲང་བཞག་བྱེད་པ་དང་སྤྱོད་གཙང་ཐོག་ནས་བྱ་བ་བསྒྲུབས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་མི་དམངས་ཀྱི་སྤྱི་ཞབས་པ་ཡག་པོ་ཞིག་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།
འཐུས་མི་རྣམ་པ། ང་ཚོ་བསྒྱུར་བཅོས་མདུན་སྐྱོད་བྱེད་པའི་རླབས་ཆེན་གྱི་དུས་རབས་སུ་གནས་ཡོད་པས་ལོ་གསར་པའི་ནང་རེ་བ་དང་འགྲན་སློང་གསར་པས་ཁེངས་ཡོད། ང་ཚོས་བློ་མཐུན་ཞིའི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྔར་བས་སྙིང་སྟོབས་ཆེར་སྐྱེད་དང་སྔར་བས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་ཐོག འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣