དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • འཚམས་འདྲི་ཞུ་བའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པའི་རྒྱ་ཆེའི་ལས་བྱེད་དང་ལས་བཟོ། རྒྱ་ཆེའི་ག་སྦྱར་བོད་སྐྱོར་ལས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས། དགོན་སྡེར་བཅའ་སྡོད་ཀྱི་ལས་བྱེད་ཡོངས། སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་དང་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་བློ་མཐུན་ཡོངས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་དང་། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི། གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། གཟི་བརྗིད་ཀྱི་དམག་ལོག་དང་ལས་བསྒྱུར་གྱི་དམག་མི། དམག་དཔུང་ནས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ། དམག་ཁུངས་མེད་པའི་ལས་བྲལ་ལས་བཟོ། ལྗོངས་ཡོངས་ཀྱི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་དང་དེ་བཞིན་གཉིས་ལྡན་དུད་སྦྲེལ་བཅས་ཡོངས་ལ།

        2014ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་འདིར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ནས་ཁྱེད་རྣམ་པར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག་ཞུ་རྒྱུ་ཡིན།

        འདས་མ་ཐག་པའི་2013ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ཞིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས “ལོ་བརྒྱ་བྱས་པ་གཉིས ”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་གྱུར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་འཆར་འགོད་གསར་པ་དང་། རེ་འདུན་གསར་པ། དམིགས་ཚད་གསར་པ་བཅས་གཏན་འཁེལ་བྱས་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་བསམ་གཞི་གསར་པ་དང་། ཆོད་གཏམ་གསར་པ། བྱ་ཐབས་གསར་པ་བཅས་གཅིག་སྡུད་བྱས་པ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་དུང་བརྡ་སྒྲོག་པ་བཅས་བྱས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད།

        ལོ་གཅིག་གི་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ ”དང “མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། “ཁྲིམས་བཞིན་བོད་སྐྱོང་བ་དང་། བོད་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་ཁྲིད་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་ནས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་གོང་འཕེལ་གཏོང་རྒྱུ་དམ་འཛིན་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སེམས་ནུས་གང་ཡོད་ཀྱིས་དམངས་འཚོར་ཕན་པ་འདོགས་པ། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཡར་ཐོན་གསར་པ་ཡོང་བ་བྱེད་པ། སྤྱི་ཚོགས་ཀྱི་དུས་བབ་ཁྱོན་ཡོངས་ནས་རྒྱུན་བསྲིང་དང་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པ། མི་རིགས་མཐུན་སྒྲིལ་སྔར་བས་བརྟན་དུ་གཏོང་བ། ཆོས་ལུགས་ཞི་མཐུན། བསྟན་དོན་ལམ་ལྷོངས། སྣོད་བཅུད་ཁོར་ཡུག་ལེགས་བསྒྱུར། ཏང་འཛུགས་སྐྱོང་ཐད་ཤུགས་སྣོན་རྒྱུན་ཆད་མེད་པ་རྒྱག་པ་བཅས་བྱས་པས་མཆོང་སྐྱོད་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་འགྲོ་ལམ་ཐོག་སླར་ཡང་སྲ་ཞིང་བརྟན་པའི་གོམ་སྟབས་སྤོ་ཐུབ་པ་བྱུང་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འོག་ཐོབ་པའི་འབྲས་བུ་ཞིག་ཡིན་ལ། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ག་སྦྱར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད་དང་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་གཙོ་བོའི་རྒྱབ་སྐྱོར་ཤུགས་ཆེ་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཞིག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་ཞིག་བཅས་ཡིན་པས། དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་། རྒྱ་ཆེའི་ག་སྦྱར་བོད་སྐྱོར་ལས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་བྱེད་ཡོངས། སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ་དང་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་བློ་མཐུན་ཡོངས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི། གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། གཟི་བརྗིད་ཀྱི་དམག་ལོག་དང་ལས་བྲལ་ལས་བསྒྱུར་གྱི་དམག་མི། དམག་དཔུང་ནས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ། དམག་ཁོངས་སུ་མེད་པའི་ལས་བྲལ་ལས་བཟོ། ལྗོངས་ཡོངས་ཀྱི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་དང་གཉིས་ལྡན་དུད་སྦྲེལ་ཡོངས་བཅས་ཀྱི་ཁྲག་དང་རྔུལ་ཆུ་ལས་གྲུབ་པ་ཞིག་རེད། ཁྱེད་རྣམ་པས་ཏང་གི་འབོད་སྐུལ་དང་ལེན་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུར་སྣེ་ཁྲིད་དེ་རང་སོ་སོའི་ལས་གནས་ཐོག་དང་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོའི་ཁྲོད་འབད་འཐབ་ལྷོད་མེད་དང་། གསར་འབྱེད་གསར་གཏོད། ཧུར་ཐག་འབད་ཐག སྒེར་སྤངས་གཞུང་སྒྲུབ་བཅས་བྱས་པས་བོད་ཀྱི་མཆོང་སྐྱོད་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་ཀྲུང་གོའི་ཕུགས་འདུན་ཀྱི་བོད་ཀྱི་ལེའུ་བརྩམ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འདི་གར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ཀྱི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་ལས་འགན་ལེགས་གྲུབ་བྱ་རྒྱུའི་འགག་རྩའི་ལོ་ཞིག་ཀྱང་ཡིན། 2014ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཡང་ལྕི་བ་ཞིག་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། “ཁྲིམས་བཞིན་བོད་སྐྱོང་བ་དང། བོད་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ” ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་ཁྲིད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་གཞིར་བཟུང་བརྟན་པོའི་ངང་ཡར་ཐོན་ཡོང་རྒྱུའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་གསར་འབྱེད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཁྱབ་ཁོངས་སོ་སོ་དང་གནད་འགག་ཐུག་ས་ཚང་མར་ཁྱབ་པ་བྱས་ཐོག་དཔལ་འབྱོར་རྒྱུན་བསྲིང་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་གཏིང་ཟབ་ལ་ཞིབ་ཚགས་པའི་སྒོ་ནས་ཏན་ཏིག་ངང་བསྒྲུབས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཁྱོན་ཡོངས་ནས་རྒྱུན་བསྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ། རྒྱུན་ཆད་མེད་པར་དམངས་ཕན་གྱི “དོན་དངོས་བཅུ ”ཡག་པོ་བསྒྲུབས་ཏེ་སྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་དུ་འཇུག་པ། སྔ་ཕྱི་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མ་མཐའི་མཚམས་ཐིག་དང་། དམར་ཐིག མཐོ་གནོན་མཚམས་ཐིག་བཅས་སུ་བརྩིས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གངས་ལྗོངས་ས་མཐོའི་རྩི་ཤིང་སྐྱེ་དངོས་དང་རི་ཀླུང་ཐམས་བཅད་སྲུང་སྐྱོང་ཏན་ཏིག་བྱེད་པ་དང “དག་ཞིང་མཐའ་མ ”དེ་སྲུང་སྐྱོབ་ཡག་པོ་བྱས་ཐོག་མཆོང་སྐྱོད་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་དགོས།

        དཀའ་ལས་ཇི་ཙམ་བརྒྱབ་པ་ན། འབྲས་བུ་དེ་ཙམ་མང་བ་ཐོབ་ཅེས་པ་ལྟར། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ང་ཚོས་འོད་སྟོང་འཕྲོ་བའི་བྱས་རྗེས་གྲངས་མེད་གཏོད་ཟིན་པས་སླད་ཕྱིན་འོད་སྟོང་གསར་པ་དེ་བས་གཏོད་ཐུབ་ངེས་རེད། ང་ཚོས་ཐུན་མོང་ཐོག་སྔར་བས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་དང་། ཁེ་ལས་བྱ་གཞག་ཚན་པའི་རྒྱ་ཆེའི་ལས་བྱེད་དང་ལས་བཟོ། རྒྱ་ཆེའི་ཁ་གཏད་བོད་སྐྱོར་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་བྱེད་པ་ཡོངས། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་དང་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་བློ་མཐུན་ཡོངས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི་དང་གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། གཟི་བརྗིད་ཀྱི་དམག་ལོག་དང་ལས་བསྒྱུར་གྱི་དམག་མི། དམག་དཔུང་ནས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ། དམག་ཁོངས་སུ་མེད་པའི་ལས་བྲལ་ལས་བཟོ། ལྗོངས་ཡོངས་ཀྱི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་དང་གཉིས་ལྡན་དུད་སྦྲེལ་བཅས་ལ་ལོ་གསར་པའི་ནང་བདེ་སྐྱིད་ཁམས་བཟང་དང་མཛད་འཕྲིན་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་།

        2014ལོའི་ཟླ་1ཚེས་16ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།