དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་དེ་2014ལོའི་ཟླ་1ཚེས་8ནས་12ཉིན་བར་ལྷ་སར་སྐོང་ཚོགས་བྱས་པ་རེད།

        ཚོགས་འདུའི་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ཚོགས་འདུར་ཕེབས་པ་དང་འབྲེལ་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་ནས་ཨུ་ཡོན་དང་ལྷན་དུ་རྒྱལ་དོན་མཉམ་གླེང་གནང་ཡོད། ཚོགས་འདུའི་ཐོག བློ་མཐུན་མགོན་པོ་བཀྲ་ཤིས་ནས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་དང་བློ་མཐུན་བློ་བཟང་རྡོ་རྗེ་ནས་གནང་བའི་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་གསན་པ་དང་སྦྲགས་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་། ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་བྱུང་ཡོད། ཚོགས་ཞུགས་ཨུ་ཡོན་རྣམས་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གནང་བའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་ཞིང་གྲོས་བསྡུར་གནང་བ་དང་འབྲེལ་སྙན་སྒྲོན་ལ་མོས་མཐུན་བྱུང་བ་དང་། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་གསན་ཞིང་གྲོས་བསྡུར་གནང་བ་དང་སྦྲགས་གོང་གསལ་སྙན་ཞུ་ཁག་ལ་མོས་མཐུན་བྱུང་ཡོད། ཚོགས་འདུ་གཟབ་ཅིང་རྒྱས་པ་དང་དགའ་སྤྲོ་འཁོལ་བ། གྲུབ་འབྲས་གཡུར་དུ་ཟ་བ་བཅས་བྱུང་ནས་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ངར་སྐུལ་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་ཡོད།

        ཚོགས་འདུའི་ཐོག་2013ལོ་ནི་ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་བརྩམས་པའི་ལོ་ཞིག་དང་། སྐབས་བཅུ་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཕྱོགས་ཡོངས་ནས་འགན་ནུས་སྒྲུབ་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་བསྒྲེངས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། “ལྟེ་བ་གཅིག་དང་དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་རྩེ་གཅིག་ཏུ་དམིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་། སེམས་ནུས་གཅིག་སྒྲིལ་གྱིས་དམངས་འཚོར་ཕན་འདོགས་པ་བཅས་བྱས་པས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་ནས་ཞི་མཐུན་བརྟན་ལྷིང་བྱུང་བ། མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་བྱུང་བ། ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བྱུང་བ། འབྱུང་ཁམས་ཁོར་ཡུག་ལེགས་པོ་མཐའ་འཁྱོངས་བྱུང་བ། ཏང་ལེགས་སྐྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། ཀུན་སྤྱོད་འཛུགས་སྐྱོང་ལེགས་བཅོས་མངོན་གསལ་བྱུང་བ་བཅས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག་སྲ་ཞིང་བརྟན་པའི་གོམ་པ་ཞིག་སྤོས་ཡོད། བོད་ལྗོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་སྟོན་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་བཀའ་སློབ་དགོངས་དོན་རབ་དང་རིམ་པ་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་ཕུགས་ཇུས་ཀྱི་མཛུབ་ཁྲིད་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་བོད་ཡུན་རིང་འཛུགས་སྐྲུན་བྱེད་པའི ”བཀའ་སློབ་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་དང་། རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་ཁོང་དུ་དམ་པོར་ཆུད་པ་བྱས་ཐོག ཐོག་མཐའ་བར་གསུམ་དུ་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ནས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་པ་དང་། སྲིད་གྲོས་ཀྱི་འགན་ནུས་ནན་ཏན་བསྒྲུབས་པ། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་བཅས་བྱས་པས་སྐབས་འདིའི་སྲིད་གྲོས་ཀྱི་འགོ་ཡག་པོ་བརྩམས་ཐུབ་པ་བྱུང་ཡོད་པའི་ངོས་འཛིན་གནང་ཡོད།

        ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་གལ་ཆེའི་དུས་མཚམས་གསར་པར་སླེབས་མཚམས་སུ་སྐོང་འཚོགས་བྱས་ཤིང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་དང་ཚང་འཛོམས་ཚོགས་འདུས་གྲོས་འཆམ་བྱུང་བའི 《ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》ཀྱིས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་མཛུབ་སྟོན་བསམ་བློ་དང་། དམིཌ་ཚད་ལས་འགན། གཞི་རྩའི་རྩ་འཛིན་བཅས་ཁ་གསལ་བཏོན་ཡོད་པ་དང་། སྒྱུར་བཅོས་བྱེད་པའི་སྟེང་གི་ཇུས་འགོད་དང་། སྤྱི་ཡོངས་ཀྱི་བསམ་གཞི། སྤྱི་ཡོངས་ཀྱི་དམིགས་ཚད་བཅས་ལ་རྒྱས་བཤད་གནང་ཡོད་པ། སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་དང་འགངས་ཆེའི་བྱ་ཐབས་བཀོད་སྒྲིག་གནང་ཡོད་པ། སྒྱུར་བཅོས་ཀྱི་དུས་ཚོད་རེའུ་མིག་དང་ལམ་ཕྱོགས་རེའུ་མིག་བཀོད་ཡོད་པ། ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་དང་རྒྱལ་ཡོངས་མི་དམངས་ཀྱི་རེ་འདུན་མཚོན་པ་བཅས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཀྱི་རྩ་འཛིན་དང་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་ཡིན། དེར་བརྟེན་རང་ལྗོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་ངེས་པར་དུ་དགོངས་དོན་ལ་གོ་བ་ལེན་པ་དང་། དོན་དངོས་དང་ཟུང་འབྲེལ་བྱེད་པ། སྒྱུར་བཅོས་ལས་ཀར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ། བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཚང་འཛོམས་ཚོགས་འདུས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྒྲིལ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་འདུན་པ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་གྱུར་བཅས་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི 《གཏན་འབེབས 》དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཐད་འཕྲད་པའི་དུས་བབ་གསར་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ལས་འགན་གསར་པ་ཁ་གསལ་བཏོན་པ་བཅས་ཀྱི་ཐོག་ནས 《〈ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར 》ལ་གྲོས་ཞིབ་དང་གྲོས་འཆམ་གནང་བ་དེས་རང་ལྗོངས་ཀྱིས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་ཡོད། རང་ལྗོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་གྱིས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། སྟངས་འཛིན་ཡང་དག་བྱེད་པ་བཅས་ཀྱི་ཐོག་ནས་ཚོགས་འདུའི་དགོངས་དོན་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བ། བསམ་བློར་དྲག་ཆས་སྤྲས་ནས་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས། ངེས་པར་དུ་རང་ལྗོངས་ཀྱི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་འཐབ་ཇུས་བྱ་ཐབས་བཅས་ལ་དམིགས་ནས་སྒྱུར་བཅོས་ཀྱི་ཐབས་ཇུས་འདོན་པ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་ལག་བསྟར། སྒྱུར་བཅོས་ལ་ནུས་ཤུགས་འདོན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བྱ་གཞག་ཆེན་པོར་ཞབས་འདེགས་ཞུ་དགོས། ངེས་པར་དུ་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་། མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་རང་ལྗོངས་སྲིད་གྲོས་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་དགོས། སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་གསར་གཏོད་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་ཁྲིམས་ལུགས་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཚད་གཞི་མཐོ་ཤོས་ཀྱིས་ཞི་མཐུན་རྒྱུ་རྐྱེན་མང་དུ་གཏོང་རྒྱུ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ལ་དམིགས་ནས་ཕུགས་འཕེར་གྱི་ཐབས་ཇུས་འདིང་བ་དང་རྩ་བ་སྲ་བརྟན་གྱི་བྱ་ཐབས་བཏོན་ཏེ་ཕྱོགས་ཡོངས་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་དགོས་པའི་མཛུབ་སྟོན་གནང་ཡོད།

        ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གྲོས་མོལ་དམངས་གཙོ་ནི་རྒྱ་ཁྱབ་དང་བང་རིམ་མང་བ། ལམ་ལུགས་ཅན་བཅས་ལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་སོགས་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་ཞིག་དང་། རང་ལྗོངས་སྲིད་གྲོས་ཀྱི་ཕྲག་ཏུ་འཁུར་དགོས་པའི་གལ་ཆེའི་ལས་འགན་ཞིག་ཀྱང་ཡིན། རང་ལྗོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས་ངེས་པར་དུ་རང་རྒྱལ་གྱི་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མི་དམངས་སྲིད་གྲོས་འདི་ཉིད་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་གཞི་ཚུགས་ནས་རང་ལྗོངས་ཀྱི་སྲིད་གྲོས་ཁྱབ་ཁོངས་ནང་གི་དམངས་གཙོའི་གྲོས་མོལ་ལ་ཤུགས་སྣོན་དང་། གྲོས་མོལ་དམངས་གཙོའི་ཐབས་ལམ་སོགས་རིག་གཞུང་དང་ལག་ལེན་གྱི་གནད་དོན་རྒྱ་བསྐྱེད་བཏང་སྟེ་བརྒྱུད་རིམ་ལྡན་པའི་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཐད་རོགས་སྐུལ་བྱེད་དགོས། དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པའི་སྒོ་ནས་སྒྱུར་བཅོས་ཀྱི་སྙིང་དོན་དོན་འཁྱོལ་དང་། འཕྲལ་མ་ཉིད་དུ་སྒྲུབ་པ། རང་འགུལ་ངང་འགན་འཁྲི་སྒྲུབ་པ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་འཁོར་གྱི་གྲོས་མོལ་ལས་ཀའི་འཆར་གཞི་ནན་ཏན་ངང་གཏན་འཁེལ་དང་སྒྲིག་འཛུགས་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱེད་དགོས་པ་མ་ཟད། གྲོས་མོལ་གྱི་ནང་དོན་དང་གོ་རིམ་ཚད་ལྡན་དུ་བཟོ་རྒྱུས་ནང་དོན་གཙོ་བོར་བྱས་པའི་སྲིད་གྲོས་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དེ་བས་ཀྱང་གསོན་ཤུགས་དང་གོ་རིམ་ལྡན་པའི་ངང་ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། ལས་རིགས་གྲོས་མོལ། དེ་བཞིན་གྲོས་གཞི་བསྒྲུབ་གཉེར་གྱི་གྲོས་མོལ་བྱ་རྒྱུ་སོགས་སྒྲིག་འཛུགས་བྱས་ནས་གྲོས་མོལ་གྱི་འདུས་ཚད་ལ་ཤུགས་སྣོན་དང་། གྲོས་མོལ་གྱི་ཕན་འབྲས་གོང་མཐོར་བཏང་སྟེ་རང་ལྗོངས་སྲིད་གྲོས་ཀྱི་གལ་ཆེའི་གནས་བབ་དང་། དགེ་མཚན་ཆེ་བའི་ནུས་པ་མངོན་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

        ཚོགས་འདུའི་ཐོག་2014ལོ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་། རང་ལྗོངས་ཀྱིས་མུ་མཐུད་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་རྗེས་སྙེགས་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ་སྐབས་བཅུ་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མུ་མཐུད་སྐུལ་འདེད་དང་ཡང་བསྐྱར་གྲུབ་འབྲས་བཟང་པོ་གཏོད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། ལོ་གསར་པའི་ནང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་རང་འགུལ་ངང་དུས་རབས་དང་མི་དམངས་ཀྱིས་གནང་བའི་གཟི་བརྗིད་ཆེ་བའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏེ་འགན་འཁྲི་འཁུར་ཕོད་པ་དང་། ལག་ལེན་གསར་གཏོད། འགན་ནུས་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་བཀའ་སློབ་དགོངས་དོན་རབ་དང་རིམ་པ། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་ཕུགས་ཇུས་ཀྱི་མཛུབ་ཁྲིད་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་བོད་ཡུན་རིང་འཛུགས་སྐྲུན་བྱེད་པའི ”བཀའ་སློབ་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ། གཙོ་དོན་དང་གཙོ་ཕྱོགས་ལ་དམ་པོར་དམིགས་པ་བཅས་བྱས་ཐོག སྒྱུར་བཅོས་གསར་གཏོད་དང་མཐུན་སྒྲིལ་འབད་འབུངས་ཀྱིས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ལྗོངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནན་ཏན་གྱི་སྒོ་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་བསྒྲུབས་ཏེ་འབད་བརྩོན་ཆེན་པོས་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཐོག་བོད་ལྗོངས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་ཡོད།

        ཚོགས་འདུའི་ཐོག་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་རང་ལྗོངས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ནུས་པ་དང་ཆུ་ཚད་གོང་འཕེལ་ཡོང་བ་བྱེད་དགོས། མུ་མཐུད་བསམ་བློ་ཆབ་སྲིད་དང་། ལྷག་པར་དུ་ཕུགས་བསམ་དད་འདུན་གྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ། མི་རིགས་དང་ལས་རིགས་ཁག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། གུང་ཁྲན་རིང་ལུགས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་བཅས་ལ་ངོས་འཛིན་དང་ཡིད་མཐུན་ཡོང་རྒྱུར་ཤུགས་སྣོན་དང་ཁྲིད་སྟོན་བྱས་ནས་སྔར་བས་གདེང་ཚོད་བརྟན་པོ་དང་། རང་རྟོགས་ལ་ཤུགས་སྣོན། རང་སྟོབས་ཆེར་གཏོང་བཅས་ཡོང་བ་བྱེད་དགོས། ཏང་གི་མང་ཚོགས་ལངས་ཕྱོགས་དང་མང་ཚོགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམིགས་ཡུལ་ཡིད་ལ་ངེས་པ། དམངས་ཆེད་འགན་ནུས་སྒྲུབ་པ། ཏང་གི་བོད་ལྗོངས་སུ་ཆེས་རྒྱ་ཁྱབ་ཀྱི་མང་ཚོགས་ཀྱི་རྨང་གཞི་དང་སྲིད་སྐྱོང་གི་རྩ་བ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྤྱོད་ཚུལ་ལེགས་བཅོས་སྐོར་གྱི་གཏན་འབེབས་དང་བླང་བྱ་སེམས་ཐག་གཙང་བཅད་ཀྱིས་ལག་ལེན་བསྟར་ཏེ “བོད་ཀྱི་ལས་བྱེད་རྒན་གྲས ”ཀྱི་སྙིང་སྟོབས་དང་། “བོད་ལྗོངས་སྲིད་གྲོས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེར་བཏང་ནས་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་སྐུལ་མ་དང་། དོན་དངོས་ལས་ཀར་སྐུལ་འདེད་གཏོང་བ། དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་བོད་ལྗོངས་སྲིད་གྲོས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་མུ་མཐུད་རྩོམ་པ་དང་། དོན་དམ་དངོས་སྒྲུབ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན། དེ་བཞིན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བསམ་བློར་བཅིངས་འགྲོལ་དང་། འགན་འཁྲི་འཁུར་ཕོད་པ། ལམ་བཤངས་མདུན་སྐྱོད་བཅས་ཀྱི་སྒོ་ནས་འབད་བརྩོན་ཆེན་པོས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་། འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།