བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག 》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་4ལ་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱ་རྒྱུ་གཤམ་གསལ།
གཅིག 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག 》གི་དོན་ཚན་ཉེར་གཉིས་པའི་ནང་ཚན་དང་པོ་དེ “བྱས་ཆོག་པའི་གཏན་འབེབས་ཀྱི་ཚད་བརྒལ་བའི་གློག་ཁབ་ལེན་ཟེར་འགྱེད་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མཁན་དང་དེ་རིགས་ཀྱི་སྒྲིག་བཀོད་བེད་སྤྱོད་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཐོ་དཔོད་དགོས་པ་མ་ཟད་འགོག་སྲུང་བྱ་ཐབས་སྤྱད་དེ་ཁོར་ཡུག་ལ་བཙོག་སྐྱོན་མི་འགྲོ་བ་བྱེད་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་ཟུར་གསལ་གཏན་འབེབས་བྱས་ཡོད་རིགས་གཏན་འབེབས་འདིར་སྲུང་བརྩི་ཞུ་དགོས ”ཞེས་དང་།
དོན་ཚན་སོ་དྲུག་པ་དེ “རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁོར་ཡུག་བཙོག་སྐྱོན་བཅོས་སྒྲིག་སྒྲིག་བཀོད་དབོར་གཉེན་གྱི་རིམ་པ་ཀ་པའི་འོས་ཐོབ་ཞུ་ཡིག་དཔྱད་ཡིག་བདག་སྤྲོད་བྱས་ཉིན་ནས་ལས་ཀའི་ཉིན་20ནང་ཞིབ་བཤེར་བྱས་ཏེ་འཆར་མཆན་འགོད་དགོས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས། ཁོར་ཡུག་བཙོག་སྐྱོན་བཅོས་སྒྲིག་སྒྲིག་བཀོད་དབོར་གཉིས་ཀྱི་རིམ་པ་ཁ་པའི་འོས་ཐོབ་དང་གནས་སྐབས་འོས་ཐོབ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཞིབ་མཆན་འགོད་དགོས ”ཞེས་བཟོ་བཅོས་བྱེད་རྒྱུ།
གཉིས། 《བོད་རང་སྐྱོང་ལྗོངས་ཀྱི་ཨར་ལས་ཁྲོམ་རའི་དོ་དམ་སྲོལ་ཡིག 》གི་དོན་ཚན་བདུན་པ་དང་དོན་ཚན་ང་བཞི་པ་བསུབ་རྒྱུ།
གསུམ། 《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག 》གི་དོན་ཚན་བཅུ་བཞི་པ་དེ “ཁེ་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གཉེར་མཁན་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་གཉེར་སྐྱོང་ཚན་པས་གནས་ཡུལ་གྱི་ས་ཁུལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས ”ཞེས་དང་།
དོན་ཚན་ང་དྲུག་པ་དེ “སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལས་འགལ་ཏེ་ཁེ་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གཉེར་མཁན་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་གཉེར་སྐྱོང་ཚན་པས་གནས་ཡུལ་གྱི་ས་ཁུལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་མ་དཔོད་པའི་རིགས། གནས་ཡུལ་གྱི་ས་ཁུལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འཁྲབ་སྟོན་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ ”ཞེས་བཟོ་བཅོས་བྱེད་རྒྱུ།
བཞི། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་བདུན་པར་ནང་ཚན་གཅིག་སྣོན་ནས་ནང་ཚན་གསུམ་པར་འཇོག་རྒྱུ་ཡིན་པ་སྟེ “རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཡིག་ཚགས་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་བྱ་གཞག་ཚན་པའི་ཡིག་ཚགས་ཁང་དང་ཡིག་ཚགས་བར་དཀྱིལ་ངོ་སྤྲོད་ཞབས་ཞུ་ཚན་པའི་ཐོ་དཔོད་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ ”ཞེས་དང་།
དོན་ཚན་བཅུ་གཉིས་པའི་ནང་ཚན་ལྔ་པ་དེ “བྱ་གཞག་ཚན་པའི་ཡིག་ཚགས་ཁང་འཛུགས་རྒྱུར་གཙོ་འགན་འཁུར་མཁན་ཚན་པའི་ཆོག་མཆན་ཐོབ་དགོས། རྒྱལ་ཁབ་ནས་གཏན་འབེབས་གཞན་བྱས་པ་ཕུད ”ཞེས།
དོན་ཚན་བཅུ་གསུམ་པའི་ནང་ཚན་དང་པོ་དེ “ཡིག་ཚགས་བློ་འདྲི་དང་ལེགས་སྒྲིག་དཔྱད་གདེང་། ཆོད་བསྡོམས། ལག་རྩལ་ཞབས་ཞུ་སོགས་བར་དཀྱིལ་ངོ་སྤྲོད་ཞབས་ཞུ་སྤེལ་མཁན་ཚན་པས་ཁྲིམས་ལྟར་དེབ་སྐྱེལ་ཐོ་འགོད་བྱེད་དགོས ”ཞེས་བཟོ་བཅོས་བྱས་ཡོད།
གཏན་འབེབས་དེ་སྤྱི་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་རྒྱུ།
《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག 》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་4གཏན་འབེབས་དེ་གཞིར་བཟུང་དེ་མཐུན་གྱི་བཟོ་བཅོས་བྱེད་དགོས་ཁར། དོན་ཚན་དང་ནང་ཚན་ལ་དེ་མཐུན་གྱི་ལེགས་སྒྲིག་བྱས་རྗེས་བསྐྱར་དུ་སྤྱི་བསྒྲགས་བྱེད་རྒྱུ།