ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་ཕྱོགས་ཀྱི་སྲོལ་ཡིག
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་དོན་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག 》ལ་གཞིགས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཏང་ནང་གི་ཁྲིམས་སྲོལ་ནི་ཏང་གི་ཀྲུང་དབྱང་རྩ་འཛུགས་དང་དེ་བཞིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་བཟོས་པའི་ཏང་རྩ་འཛུགས་ཀྱི་ལས་དོན་དང་བྱེད་སྒོ་དང་ཏང་ཡོན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཏང་ནང་གི་སྒྲིག་སྲོལ་ལམ་ལུགས་ཀྱི་སྤྱི་མིང་ལ་བརྗོད་ཀྱི་ཡོད།
ཏང་གི་སྒྲིག་ཡིག་ནི་ཆེས་རྩ་བར་གྱུར་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་བཟོ་བའི་རྨང་གཞི་དང་གཞི་འཛིན་ས་ཡིན།
དོན་ཚན་གསུམ་པ། ཏང་གི་ཀྲུང་དབྱང་རྩ་འཛུགས་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་ལ་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་ཞེས་བརྗོད་ཀྱི་ཡོད། གཤམ་གསལ་གྱི་ལས་དོན་ནི་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་གྱིས་གཏན་འབེབས་བྱེད་དགོས་པ་སྟེ།
(གཅིག )ཏང་གི་ངོ་བོ་དང་དམིགས་ཡུལ་དང་། ལམ་ཕྱོགས་དང་རྩ་འཛིན། མཛུབ་ཁྲིད་བསམ་བློ་དང་འབད་འཐབ་དམིགས་ཚད་དང་།
(གཉིས )ཏང་གི་རིམ་ཁག་རྩ་འཛུགས་ཐོན་པ་དང་། གྲུབ་པ། དེའི་འགན་དབང་།
(གསུམ )ཏང་ཡོན་གྱི་འོས་འགན་དང་ཁེ་དབང་ཐད་ཀྱི་རྩ་བའི་ལམ་ལུགས།
(བཞི )ཕྱོགས་གང་ཅིའི་ཐད་ཀྱི་ཏང་གི་ལས་ཀའི་རྩ་བའི་ལམ་ལུགས།
(ལྔ )ཏང་གི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ལས་དོན།
(དྲུག )ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་གྱིས་གཏན་འབེབས་བྱེད་དགོས་པའི་བྱ་བ་གཞན་དག་བཅས་སོ།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྡེ་ཚན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་དེའི་འགན་དབང་ཁྱབ་ཁོངས་ནང་གི་འབྲེལ་ཡོད་ལས་དོན་ཐད་ཏང་ནང་གི་ཁྲིམས་སྲོལ་བཟོ་དགོས།
དོན་ཚན་བཞི་པ། ཏང་ནང་གི་ཁྲིམས་སྲོལ་གྱི་མིང་ལ་ཏང་གི་སྒྲིག་ཡིག་དང་། སྲུང་བྱ། སྲོལ་ཡིག ལམ་སྲོལ། གཏན་འབེབས། བྱ་ཐབས། ཞིབ་སྲོལ་བཅས་བརྗོད་ཀྱི་ཡོད།
ཏང་གི་སྒྲིག་ཡིག་ནང་ཏང་གི་ངོ་བོ་དང་དམིགས་ཡུལ་དང་། ལམ་ཕྱོགས་དང་རྩ་འཛིན། མཛུབ་ཁྲིད་བསམ་བློ་དང་འབད་འཐབ་དམིགས་ཚད། རྩ་འཛུགས་ཀྱི་རྩ་དོན་དང་རྩ་འཛུགས་ཀྱི་སྒྲིག་གཞི། ཏང་ཡོན་གྱི་འོས་འགན་དང་ཁེ་དབང་བཅས་དང་དེ་བཞིན་ཏང་གི་སྒྲིག་ལམ་སོགས་ཀྱི་ཐད་རྩ་བའི་གཏན་འབེབས་བྱས་ཡོད།
བསྲུང་བྱའི་ནང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་འཚོ་བ་དང་། རྩ་འཛུགས་ཀྱི་འཚོ་བ། ཏང་ཡོན་ཡོངས་ཀྱི་བྱ་སྤྱོད་བཅས་ཀྱི་ཐད་གཞི་རྩའི་གཏན་འབེབས་བྱས་ཡོད། སྲོལ་ཡིག་ནང་ཏང་གི་ཁྱབ་ཁོངས་ཤིག་གི་འབྲེལ་བ་གལ་ཆེའམ་ཡང་ན་ཕྱོགས་ཤིག་ཐད་ཀྱི་ལས་དོན་གལ་ཆེར་སྒོ་ཀུན་ནས་གཏན་འབེབས་བྱས་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་ལ་ལམ་སྲོལ་དང་། གཏན་འབེབས། བྱ་ཐབས། ཞིབ་སྲོལ་བཅས་བརྗོད་ཀྱི་ཡོད།
དོན་ཚན་ལྔ་པ། ཏང་ནང་གི་ཁྲིམས་སྲོལ་གྱི་ནང་དོན་དེ་དོན་ཚན་རྣམ་པའི་ཐོག་ནས་རྒྱས་གླེང་བྱས་པས་དོན་ཚན་རྣམ་པའི་ཐོག་ནས་རྒྱས་གླེང་མི་བྱེད་པའི་གྲོས་ཆོད་དང་། གཏན་འབེབས། བསམ་འཆར། བརྡ་ཐོ་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་འདྲ་གི་མེད།
དོན་ཚན་དྲུག་པ། ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ཏང་ནང་གི་ཁྲིམས་སྲོལ་བཟོ་གི་ཡོད། ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་རྒྱུན་ལྡན་ལས་དོན་དེ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་འགན་ཁུར་གྱི་ཡོད།
ཀྲུང་དབྱང་གཞུང་ལས་ཐིང་གིས་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་གཅིག་འདོམས་མཐུན་འགྲིག་ལས་དོན་གྱི་འགན་ཁུར་བ་དང་དེའི་ཁོངས་གཏོགས་ཁྲིམས་སྲོལ་ལས་དོན་གྱི་སྒྲིག་གཞིས་ཞིབ་ཕྲའི་ལས་དོན་སྒྲུབ་ཀྱི་ཡོད།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱི་འགན་དབང་ཁྱབ་ཁོངས་ནང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་དོན་དེ་དེའི་ཁོངས་གཏོགས་ཀྱི་ཁྲིམས་སྲོལ་ལས་དོན་འགན་ཁུར་མཁན་སྒྲིག་གཞིས་ཞིབ་ཕྲའི་སྒྲུབ་འགན་འཁུར་རྒྱུ།
དོན་ཚན་བདུན་པ། ཏང་ནང་གི་ཁྲིམས་སྲོལ་བཟོ་བར་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
(གཅིག )ཏང་གི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཏང་འཛུགས་སྐྱོང་གི་དོན་དངོས་དང་བསྟུན་དགོས་པ་དང་།
(གཉིས )ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་བསྟར་དགོས་པ།
(གསུམ )ཏང་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བའི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ།
(བཞི )ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་བ་དང་། དམངས་གཙོའི་སྒོ་ནས་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་བླང་བྱ་དང་འཚམས་དགོས་པ།
(ལྔ )ཏང་འཛུགས་སྐྱོང་གི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་དགོས་པ།
(དྲུག )དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ནས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་ཏང་གི་གཅིག་སྡུད་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་པ།
(བདུན )ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་གི་གཅིག་གྱུར་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་དགོས་པ།
(བརྒྱད )བསྡུས་གསལ་ཉེར་སྤྱོད་ལ་མཐོང་ཆེན་བྱས་ནས་ཪྙོག་འཛིང་བསྐྱར་ཟློས་བཀག་འགོག་བྱེད་དགོས་པ་བཅས་སོ།
ལེའུ་གཉིས་པ། འཆར་འགོད་དང་འཆར་གཞི།
དོན་ཚན་བརྒྱད་པ། ཏང་ནང་གི་ཁྲིམས་སྲོལ་བཟོ་བར་གཅིག་འདོམས་བྱེད་དགོས་པ་དང་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་དོན་གྱི་ལོ་ལྔའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་གཙོ་གནད་མངོན་གསལ་དུ་འཇོག་པ་དང་ཁྱོན་ཡོངས་ལ་སྐུལ་མ་བཏང་སྟེ་ནང་དོན་མཐུན་འགྲིག་དང་། གོ་རིམ་དོ་ནན། ཆ་ལག་ཚང་བ། ནུས་ལྡན་གོ་ཆོད་བཅས་ཀྱི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་རིམ་བཞིན་འཛུགས་དགོས།
དོན་ཚན་དགུ་པ། ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་དོན་གྱི་ལོ་ལྔའི་འཆར་འགོད་དེ་ཀྲུང་དབྱང་གཞུང་ལས་ཐིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་བཏོན་པའི་གྲོས་འགོ་ཕྱོགས་བསྒྲིགས་བྱས་པ་དང་འབྲེལ་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་རྗེས་བཟོ་རྒྱུའི་འཆར་ཟིན་འགོད་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་གཞུང་ལས་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པ་བརྒྱུད་ཀྲུང་དབྱང་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས།
ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་དོན་གྱི་ལོ་འཁོར་འཆར་གཞི་དེ་ཀྲུང་དབྱང་གཞུང་ལས་ཐིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་ལོ་ལྟར་ལོ་མཇུག་གི་གོང་དུ་བཏོན་པའི་ལོ་འཁོར་རྗེས་མར་བཟོ་རྒྱུའི་གྲོས་འགོ་ཕྱོགས་སྒྲིག་བྱས་རྗེས་བཟོ་རྒྱུའི་འཆར་ཟིན་བཀོད་ནས་ཀྲུང་དབྱང་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས།
དོན་ཚན་བཅུ་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་བཏོན་པའི་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་ཕྱོགས་ཀྱི་གྲོས་འགོའི་ནང་ཏང་ནང་གི་ཁྲིམས་སྲོལ་གྱི་མིང་དང་། བཟོ་བའི་དགོས་ངེས་རང་བཞིན། འབུལ་བའི་དུས་ཚོད། མ་ཟིན་འགོད་མཁན་ཚན་པ་སོགས་ཚུད་དགོས། དོན་ཚན་བཅུ་གཅིག་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་འགན་དབང་དང་དགོས་མཁོ་དངོས་ལ་གཞིགས་ཏེ་ཁོངས་གཏོགས་དེ་ག་དང་ས་ཁུལ་དེ་གའི་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་ཀའི་འཆར་འགོད་དང་འཆར་གཞི་བཟོ་ཆོག
དོན་ཚན་བཅུ་གཉིས་པ། ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་ལས་ཀའི་འཆར་འགོད་དང་འཆར་གཞི་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱེད་ཆོག
ལེའུ་གསུམ་པ། མ་ཟིན་འགོད་པ།
དོན་ཚན་བཅུ་གསུམ་པ། ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་རྣམས་དེའི་ནང་དོན་ལ་གཞིགས་ཏེ་སྤྱིར་ན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་མ་ཟིན་འགོད་དགོས་པ་དང་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་རྣམས་ཀྲུང་དབྱང་གཞུང་དོན་ཐིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱས་ཏེ་འགོད་པའམ་ཡང་ན་ཆེད་དོན་ཟིན་འགོད་ཚོགས་ཆུང་བཙུགས་ཏེ་འགོད་དགོས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱི་ཏང་ནང་གི་ཁྲིམས་སྲོལ་དག་རང་སོ་སོས་སྒྲིག་འཛུགས་ཀྱིས་མ་ཟིན་འགོད་དགོས།
དོན་ཚན་བཅུ་བཞི་པ། ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་ནང་སྤྱིར་བཏང་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ།
(གཅིག ) མིང་དང་།
(གཉིས )བཟོ་བའི་དམིགས་ཡུལ་དང་གཞི་འཛིན་ས།
(གསུམ ) སྤྱོད་ཁྱོན།
(བཞི ) ཞིབ་ཕྲའི་ཚད་གཞི།
(ལྔ ) གསལ་འགྲེལ་ལས་ཁུངས།
(དྲུག )ལག་བསྟར་དུས་ཚོད་བཅས་རེད།
དོན་ཚན་བཅོ་ལྔ་པ། ཏང་ནང་གི་ཁྲིམས་སྲོལ་གྱི་ཁ་ཕྱོགས་ཡང་དག་དང་། ནང་དོན་ཁ་གསལ། གཏན་ཚིགས་ཚགས་ཚུད། རྒྱས་བཤད་མ་འཕྱུགས་པ། ཚད་དང་ལྡན་པ། སྟབས་བདེ་བ་བཅས་ཡོད་དགོས་ལ་བཀོལ་སྤྱོད་བདེ་བའང་དགོས།
དོན་ཚན་བཅུ་དྲུག་པ། ཏང་ནང་གི་ཁྲིམས་སྲོལ་གྱི་མ་ཟིན་འགོད་པར་བརྟག་ཞིབ་གཏིང་ཟབ་བྱས་ཏེ་དོན་དངོས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་སྟངས་འཛིན་བྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དང་ལག་ལེན་གྱི་ཉམས་མྱོང་གསར་པར་ཕྱོགས་སྡོམ་ནན་ཏན་བྱེད་པ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་གང་ལེགས་བཅས་བྱེད་དགོས། དགོས་ངེས་སྐབས་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཞུགས་སུ་འཇུག་པའམ་ཡང་ན་ཆེད་དོན་སྒྲིག་གཞི་མངགས་སྟེ་ཞིབ་འཇུག་བྱེད་དགོས།
དོན་ཚན་བཅུ་བདུན་པ། ཏང་ནང་གི་ཁྲིམས་སྲོལ་མ་ཟིན་འགོད་མཁན་སྡེ་ཚན་དང་ཚན་པས་ངེས་པར་དུ་སྡེ་ཚན་དང་ཚན་པ་གཞན་གྱི་ལས་ཀའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་དོན་ཚན་ཡིན་རིགས་འབྲེལ་ཡོད་སྡེ་ཚན་དང་ཚན་པ་དང་གྲོས་མོལ་གཅིག་མཐུན་ཡོང་བ་བྱེད་དགོས། གྲོས་མོལ་བྱས་ཀྱང་བསམ་འཆར་གཅིག་མཐུན་མ་བྱུང་རིགས་ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་སྙན་ཞུ་བྱེད་སྐབས་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཏང་ནང་གི་ཁྲིམས་སྲོལ་མ་ཟིན་འགོད་སྐབས་ངེས་པར་དུ་ད་ལྟ་སྤྱོད་མུས་ཀྱི་ཏང་ནང་གི་ཁྲིམས་སྲོལ་དང་འབྲེལ་མཐུད་ཡོང་བ་བྱེད་དགོས། དོན་ཚན་གཅིག་པ་ཡིན་རིགས་ད་ལྟ་སྤྱོད་མུས་ཀྱི་ཏང་ནང་གི་ཁྲིམས་སྲོལ་དང་གཅིག་མཚུངས་མིན་པའི་གཏན་འབེབས་བྱེད་དགོས་ཚེ་ངེས་པར་དུ་འཆར་ཟིན་ཁྲོད་ད་ལྟ་སྤྱོད་མུས་ཀྱི་ཏང་ནང་གི་ཁྲིམས་སྲོལ་མེད་པ་བཟོ་བའམ་ཡང་ན་ཇི་ལྟར་སྤྱོད་ཚུལ་གཏན་འབེབས་བྱེད་དགོས་པ་དང་འབྲེལ་འཆར་ཟིན་འགོད་པ་དང་སྙན་ཞུ་བྱེད་སྐབས་དེའི་གནས་ཚུལ་དང་རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་བཅུ་དགུ་པ། ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་གྲུབ་རྗེས་ངེས་པར་དུ་རྒྱ་ཁྱབ་ངང་བསམ་འཆར་བསྡུ་དགོས། བསམ་འཆར་བསྡུ་ཁྱོན་དེ་ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་གྱི་ཞིབ་ཕྲའི་ནང་དོན་གཞིར་བཟུང་གཏན་འབེབས་བྱེད་དགོས་པ་དང་དགོས་ངེས་སྐབས་ཏང་ཡོངས་ཀྱི་ཁྱབ་ཁོངས་ནང་བསམ་འཆར་བསྡུ་ལེན་བྱེད་དགོས། བསམ་འཆར་བསྡུ་ལེན་བྱེད་སྐབས་ངེས་པར་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་བསམ་འཆར་ཉན་རྒྱུར་དོ་སྣང་བྱེད་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་ཐད་མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་དགོས།
བསམ་འཆར་བསྡུ་ལེན་ཐད་ཡིག་ཐོག་གི་རྣམ་པ་སྤྱོད་ཆོག་ལ་བཞུགས་མོལ་ཚོགས་འདུ་དང་། རིགས་པས་ཁུངས་སྐྱེལ་ཚོགས་འདུ། དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་རྣམ་པའམ་སྤྱོད་ཆོག
དོན་ཚན་ཉི་ཤུ་པ། མ་ཟིན་འགོད་མཁན་སྡེ་ཚན་དང་ཚན་པས་གྲོས་ཞིབ་ཆོག་མཆན་ལས་ཁུངས་ལ་ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་གྱི་སྙན་ཞུ་བྱེད་དགོས་པ་དང་དུས་མཚུངས་འཆར་ཟིན་བཟོ་དོན་གསལ་བཤད་ཀྱང་བྱེད་དགོས། འཆར་ཟིན་བཟོ་དོན་གསལ་བཤད་ནང་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་དགོས་གལ་དང་། ནང་དོན་གཙོ་བོ། བསམ་འཆར་བསྡུ་ལེན་བྱེད་ཚུལ། འབྲེལ་ཡོད་སྡེ་ཚན་དང་ཚན་པ་དང་གྲོས་མོལ་བྱེད་ཚུལ་སོགས་ཚུད་ཡོད།
ལེའུ་བཞི་པ། ཞིབ་བཤེར་མཆན་འགོད་དང་ཡོངས་བསྒྲགས།
དོན་ཚན་ཉེར་གཅིག་པ། གྲོས་ཞིབ་ཆོག་མཆན་ལས་ཁུངས་ལ་ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་འབྱོར་རྗེས་ཁྲིམས་སྲོལ་ལས་དོན་གྱི་འགན་འཁུར་མཁན་ཁོངས་གཏོགས་སྒྲིག་གཞིར་དཔྱད་ཞིབ་བྱ་རྒྱུར་སྤྲོད་དགོས། ཞིབ་དཔྱད་ཀྱི་ནང་དོན་གཙོ་བོ་གཤམ་གསལ།
(གཅིག ) ཏང་གི་སྒྲིག་ཡིག་དང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་འགལ་ཟླ་ཡོད་མེད་དང་།
(གཉིས ) རྩ་ཁྲིམས་དང་བཅའ་ཁྲིམས་དང་མཐུན་མིན།
(གསུམ ) གོང་རིམ་གྱི་ཏང་ནང་གི་ཁྲིམས་སྲོལ་དང་འགལ་ཟླ་ཡོད་མེད།
(བཞི ) རིམ་མཚུངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་གཞན་གྱི་གཏན་འབེབས་དང་འགལ་ཟླ་ཡོད་མེད།
(ལྔ ) འབྲེལ་བ་ཡོད་པའི་སྲིད་ཇུས་བྱེད་ཐབས་གལ་ཆེན་དེ་འབྲེལ་ཡོད་སྡེ་ཚན་དང་ཚན་པ་དང་གྲོས་བསྡུར་བྱས་མིན།
(དྲུག ) གཏན་འཁེལ་བྱས་པའི་དབང་ཚད་དང་གོ་རིམ་དང་འཚམ་མིན་བཅས་ཡིན།
གནད་དོན་ལྷག་པའི་ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་ལ་ཞིབ་དཔྱད་སྒྲིག་གཞིའི་ཆོག་མཆན་ཐོབ་རྗེས་འཆར་ཟིན་འགོད་མཁན་སྡེ་ཚན་དང་ཚན་པར་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་འདོན་ཆོག གལ་ཏེ་འཆར་ཟིན་འགོད་མཁན་སྡེ་ཚན་དང་ཚན་པས་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་དང་ལེན་མ་བྱས་ཚེ་ཞིབ་དཔྱད་ལས་ཁུངས་ཀྱིས་གྲོས་ཞིབ་ཆོག་མཆན་ལས་ཁུངས་ལ་བཟོ་བཅོས་རྒྱག་པ་དང་ནར་འགྱངས་བྱས་ནས་སྒྲུབ་པའམ་ཡང་ན་ཕྱིར་སློག་བྱ་རྒྱུའི་གྲོས་འགོ་འདོན་ཆོག
དོན་ཚན་ཉེར་གཉིས་པ། ཏང་ནང་གི་ཁྲིམས་སྲོལ་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲོད་སྐབས་གཤམ་གསལ་གྱི་འགན་དབང་གཞིར་བཟུང་བྱེད་དགོས།
(གཅིག ) ཏང་གི་ཀྲུང་དབྱང་རྩ་འཛུགས་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ཐོན་པ་དང་། གྲུབ་པ། འགན་དབང་བཅས་དང་འབྲེལ་བ་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་དང་དེ་བཞིན་ཏང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་ཏང་ནང་གི་ཁྲིམས་སྲོལ་དེ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲོད་དགོས་པ་དང་།
(གཉིས ) ཏང་གི་ས་གནས་རྩ་འཛུགས་དང་གཞི་རིམ་རྩ་འཛུགས་ཐོན་པ་དང་། གྲུབ་པ། འགན་དབང་བཅས་དང་འབྲེལ་བ་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་དང་། ཏང་ཡོན་གྱི་འོས་འགན་དང་དབང་ཆའི་ཐད་ཀྱི་གཞི་རྩའི་ལམ་ལུགས་དང་འབྲེལ་བ་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ། ཏང་གི་ཕྱོགས་ཁག་གི་ལས་ཀའི་རྩ་བའི་ལམ་ལུགས་དང་འབྲེལ་བ་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་བཅས་ཏང་གི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའམ་ཡང་ན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲོད་དགོས་པ།
(གསུམ ) ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་དེ་མིན་གྱི་ཏང་ནང་གི་ཁྲིམས་སྲོལ་གནས་ཚུལ་གཞིར་བཟུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་པའམ་ཡང་ན་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་ཆོག་མཆན་སྤྲོད་རྒྱུར་འབུལ་དགོས་པ།
(བཞི ) ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་ཁྱབ་བསྒྲགས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲོད་དགོས་པ།
(ལྔ ) ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་ཁྱབ་བསྒྲགས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲོད་དགོས།
དོན་ཚན་ཉེར་གསུམ་པ། ཏང་ནང་གི་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་རྗེས་ཁྲིམས་སྲོལ་ལས་དོན་གྱི་འགན་འཁུར་སྒྲིག་གཞིས་ཡིག་ཆར་ཞིབ་དཔྱད་བྱས་རྗེས་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་ཁྱབ་བསྒྲགས་བྱ་རྒྱུའི་གོང་ཞུ་བྱེད་དགོས།
ཏང་ནང་གི་ཁྲིམས་སྲོལ་དེ་སྤྱིར་ན་ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཁང་གི་ཡིག་ཆ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཡིག་ཆ། ཀྲུང་དབྱང་སྡེ་ཚན་ཁག་གི་ཡིག་ཆ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱི་ཡིག་ཆ། ཏང་ཨུད་གཞུང་དོན་ཁང་གི་ཡིག་ཆ་བཅས་ཀྱི་རྣམ་པའི་ཐོག་ནས་ཁྱབ་བསྒྲགས་བྱེད་དགོས།
ཏང་ནང་གི་ཁྲིམས་སྲོལ་ལ་ཆོག་མཆན་ཐོབ་རྗེས་སྤྱིར་ན་མངོན་གསལ་དུ་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཉེར་བཞི་པ། ལས་ཀའི་དོན་དངོས་ལ་དགོས་མཁོ་ཆེན་པོ་ལྡན་ཡང་ཏང་ནང་གི་ཁྲིམས་སྲོལ་འཐུས་ཚང་བྱུང་མེད་རིགས་སྔོན་ལ་ཚོད་ལྟ་བྱས་ནས་ལག་བསྟར་བྱེད་ཆོག་པ་དང་ལག་ལེན་ནང་འཐུས་ཚང་བྱུང་རྗེས་བསྐྱར་དུ་ཡོངས་བསྒྲགས་བྱེད་དགོས།
ལེའུ་ལྔ་པ། སྤྱོད་པ་དང་འགྲེལ་བཤད།
དོན་ཚན་ཉེར་ལྔ་པ། ཏང་ནང་གི་ཁྲིམས་སྲོལ་ནང་ཏང་གི་སྒྲིག་ཡིག་ལ་ནུས་པ་ཆེན་པོ་ལྡན་ཡོད། ཏང་ནང་གི་ཁྲིམས་སྲོལ་གཞན་དག་ཏང་གི་སྒྲིག་ཡིག་དང་འགལ་མི་རུང་།
ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་ནུས་པ་དེ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་ལས་ཆེ་བ་ཡོད།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་དེ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་དང་འགལ་ཟླ་ཐོན་མི་ཆོག
དོན་ཚན་ཉེར་དྲུག་པ། ལས་ཁུངས་གཅིག་མཚུངས་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་གྱི་སྤྱིར་བཏང་གཏན་འབེབས་དང་དམིགས་བསལ་གཏན་འབེབས་གཅིག་པ་མེད་སྐབས་དམིགས་བསལ་གྱི་གཏན་འབེབས་སྤྱོད་དགོས། གཏན་འབེབས་ཪྙིང་པ་དང་གཏན་འབེབས་གསར་པ་གཅིག་པ་མེད་རིགས་ལ་གཏན་འབེབས་གསར་པ་སྤྱོད་དགོས།
དོན་ཚན་ཉེར་བདུན་པ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་དེ་གཅིག་མཚུངས་ཀྱི་གཏན་འབེབས་དང་མི་མཐུན་རིགས་ཀྲུང་དབྱང་ལ་ཐག་གཅོད་བྱ་རྒྱུར་གོང་འབུལ་ཞུ་དགོས།
དོན་ཚན་ཉེར་བརྒྱད་པ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་ཡོངས་བསྒྲགས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་རིགས་ཀྲུང་དབྱང་གིས་ཡོ་བསྲང་བྱེད་པའམ་ཡང་ན་མེད་པ་བཟོ་རྒྱུའི་བཀའ་གཏོང་དགོས་པ་སྟེ།
(གཅིག )ཏང་གི་སྒྲིག་ཡིག་དང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་འགལ་ཟླ་ཡོད་རིགས་དང་།
(གཉིས )རྩ་ཁྲིམས་དང་བཅའ་ཁྲིམས་དང་མི་མཐུན་རིགས།
(གསུམ ) ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་དང་འགལ་ཟླ་ཡོད་རིགས་བཅས་ཡིན།
དོན་ཚན་ཉེར་དགུ་པ། ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་ལ་འགྲེལ་བཤད་རྒྱག་པའི་ལས་དོན་དེ་དེ་ཉིད་ཀྱིས་གཏན་འཁེལ་བྱས་པའི་འགྲེལ་པ་རྒྱག་མཁན་ལས་ཁུངས་ཀྱིས་འགན་འཁུར་དགོས། སྲོལ་ཡིག་དེ་ལག་བསྟར་མ་བྱས་གོང་ཁྱབ་བསྒྲགས་བྱས་པའི་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་འགྲེལ་བཤད་རྒྱག་མཁན་ལས་ཁུངས་གཏན་འཁེལ་གསལ་པོ་བྱུང་མེད་རིགས་ཀྲུང་དབྱང་གཞུང་དོན་ཁང་གིས་ཀྲུང་དབྱང་ལ་གོང་ཞུ་བྱས་རྗེས་ལག་བསྟར་བྱེད་དགོས།
ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་དེ་རང་ཉིད་ཀྱིས་འགྲེལ་བཤད་རྒྱག་དགོས།
ཏང་ནང་གི་ཁྲིམས་སྲོལ་འགྲེལ་བཤད་དེ་ཏང་ནང་གི་ཁྲིམས་སྲོལ་དང་རིམ་པ་གཅིག་མཚུངས་ལྡན་ཡོད།
ལེའུ་དྲུག་པ། ཐོ་འགོད་སྙན་སེང་དང་། གཙང་བཤེར། དཔྱད་དཔོག
དོན་ཚན་སུམ་བཅུ་པ། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཏང་ཨུད་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་དེ་ཡོངས་བསྒྲགས་བྱས་ཉིན་ནས་བཟུང་གི་ཉིན་30ནང་ཀྲུང་དབྱང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུར་སྐྱེལ་དགོས་པ་དང་ཐོ་འགོད་སྙན་སེང་གི་ལས་དོན་ཀྲུང་དབྱང་གཞུང་དོན་ཁང་གིས་སྒྲུབ་འགན་འཁུར་དགོས། ཞིབ་ཕྲའི་ཐོ་འགོད་སྙན་སེང་བྱེད་ཐབས་ཀྲུང་དབྱང་གཞུང་དོན་ཁང་གིས་ལོགས་སུ་གཏན་འབེབས་བྱེད་དགོས།
དོན་ཚན་སོ་གཅིག་པ། ཏང་ནང་གི་ཁྲིམས་སྲོལ་བཟོ་མཁན་ལས་ཁུངས་ཀྱིས་ཏང་ནང་གི་ཁྲིམས་སྲོལ་ལ་དུས་ཐོག་ཏུ་གཙང་བཤེར་བྱེད་པ་དང་འབྲེལ་གཙང་བཤེར་བྱེད་པའི་གནས་ཚུལ་གཞིར་བཟུང་དུས་ཐོག་ཏུ་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་བཟོ་བཅོས་རྒྱག་པ་དང་མེད་པ་བཟོ་བ་སོགས་དགོས་ངེས་ཀྱི་ཐག་གཅོད་བྱེད་དགོས།
དོན་ཚན་སོ་གཉིས་པ། ཏང་ནང་གི་ཁྲིམས་སྲོལ་བཟོ་མཁན་ལས་ཁུངས་དང་འཆར་ཟིན་འགོད་མཁན་སྡེ་ཚན་དང་ཚན་པས་འགན་དབང་གཞིར་བཟུང་ཏང་ནང་གི་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་ལག་བསྟར་གྱི་ཕན་འབྲས་ལ་དཔྱད་དཔོག་བྱེད་ཆོག
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་སོ་གསུམ་པ། ཏང་ནང་གི་ཁྲིམས་སྲོལ་བཟོ་བཅོས་རྒྱག་པ་དང་མེད་པ་བཟོ་སྐབས་སྲོལ་ཡིག་དེ་སྤྱོད་དགོས།
ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་སྐབས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་སྤྱོད་དགོས།
དོན་ཚན་སོ་བཞི་པ། ཀྲུང་དབྱང་དམག་དོན་ཨུ་ལྷན་དང་དེ་བཞིན་དེའི་སྤྱི་ཁྱབ་ཆབ་སྲིད་པུས་སྲོལ་ཡིག་འདིའི་གཞི་རྩའི་དགོངས་དོན་གཞིར་བཟུང་དམག་དཔུང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་དགོས།
དོན་ཚན་སོ་ལྔ་པ། སྲོལ་ཡིག་འདི་ཀྲུང་དབྱང་གཞུང་དོན་ཁང་གིས་འགན་འཁུར་ནས་འགྲེལ་བཤད་རྒྱག་རྒྱུ།
དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི་བཏོན་ཉིན་ནས་བཟུང་ལག་བསྟར་བྱེད་དགོས། 1990ལོའི་ཟླ་7ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་བརྒྱུད་རིམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག 》དུས་གཅིག་ཏུ་མེད་པ་བཟོ་རྒྱུ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27འབྱོར་པའི་གློག་འཕྲིན )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣