བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ནོར་བུ་དོན་གྲུབ་ཀྱིས།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
གཅིག འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་གཙོ་བོ།
འདས་ཟིན་པའི་ལོ་ལྔ་ནི་རང་ལྗོངས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་མང་པོ་བྱུང་བ་དང་། གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་ཧ་ཅང་ལྕི་བའི་རྒྱུན་གཏན་མིན་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཤུགས་ཆེའི་མཛུབ་ཁྲིད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ནུས་ལྡན་ལྟ་སྐུལ་དང་། སྲིད་གཞུང་དང་སྲིད་གྲོས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཀྱི་འོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། བཅོ་བརྒྱད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་བྱ་གཞག་གོང་དུ་བཀུར་བ་དང་། མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་བ། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ་བཅས་མཐའ་འཁྱོངས་བྱས་ཤིང་། ཁྱོན་ཡོངས་ལ་ཞབས་ཞུ་དང་མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་ལས་ཀའི་གཙོ་དོན་ལག་ལེན་གཏིང་ཟབ་བྱེད་པ་དང་། སྣ་མང་ཪྙོག་འཛིང་ཆེ་བའི་དགྲ་བོར་འཐབ་རྩོད་བྱེད་པའི་དུས་བབ་ལ་ཁ་གཏད་ཧུར་ཐག་བཅག་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནུས་ལྡན་བཏང་ཐོག སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་ཀྱི་དོ་དམ་བྱེད་ཐབས་གསར་གཏོད། གཞུང་དྲང་སྤྱོད་གཙང་གིས་ཁྲིམས་སྒྱུར་བཅས་ཕྱོགས་ཡོངས་ནས་གཏིང་ཟབ་བྱས་པས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་ཡོད། ལོ་ལྔའི་རིང་། གྱོད་གཞི་རིགས་འདྲ་མིན་ཁྱོན་བསྡོམས་98214བདག་སྤྲོད་བྱས་ཤིང་། གྱོད་གཞི་ཁག་97477ལ་འདྲི་ཞིབ་དང་། ལག་བསྟར། མཐའ་འདོམས་བཅས་བྱས་ཡོད་པ་དེ་གོང་གི་ལོ་ལྔའི་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་98.4%དང་99.2%འཕར་ནས་ལོ་འཁོར་ཕྱོགས་བསྡུས་གྱོད་ཐག་ཆོད་ཚད་ཚང་མ་95%ཡན་དུ་སླེབས་ཡོད། དེའི་ནང་རིམ་ཁག་ཁྲིམས་ཁང་གིས་ཐད་ཀར་བདག་སྤྲོད་བྱས་པའི་དམངས་དོན་དང་། སྲིད་འཛིན། ལག་བསྟར་བྱས་པ་སོགས་ཀྱི་གྱོད་གཞི་ཁག་90343ཡོད་པ་དེ་དུས་མཚུངས་དང་བསྡུར་ན་121.2%འཕར་ཡོད་པས་གྱོད་གཞིའི་བསྡོམས་འབོར་གྱི་91.9%ཟིན་ཡོད་། 2012ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་རིགས་འདྲ་མིན་ཁྱོན་བསྡོམས་24572བདག་སྤྲོད་བྱས་པ་དང་གྱོད་ཐག་བཅད་པ་ཁག་23835ཡིན་ཞིང་། ཕྱོགས་བསྡུས་གྱོད་ཐག་ཆོད་ཚད་97%ཟིན་ཡོད།
(གཅིག ) གོང་འཕེལ་གྱི་བསམ་གཞིའི་ཐོག་ནས་འདྲི་གཅོད་ལས་དོན་གསར་གཏོད་བྱས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ལག་ལེན་ཧུར་ཐག་བྱས་ཡོད། ཁྲིམས་བཞིན་ཕྱོད་ཆེའི་ཐོག་ནས་འདྲི་གཅོད་ལས་དོན་སྤེལ་ཏེ་ཏང་གི་འདོད་ཚུལ་དང་། རྒྱལ་ཁབ་ཀྱི་བློ་སྟོབས། མི་དམངས་ཀྱི་འདོད་བློ། དྲང་གཞག་དྲང་བདེན་བཅས་གང་ལེགས་མཚོན་པ་བྱེད་རྒྱུ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་འདྲི་གཅོད་ལས་ཁུངས་ལ་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་ཡིན་ལ་དུས་རབས་ཀྱིས་འདྲི་གཅོད་ལས་ཁུངས་ལ་སྤྲད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཀྱང་ཡིན། ལོ་ལྔའི་རིང་ང་ཚོས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ཀྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་མཛད་ཕྱོགས་ལ་དམ་པོར་དམིགས་པ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་དམིགས་ནས་དུས་བབ་གསར་པའི་འོག་ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་ཀའི་བསམ་གཞི་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཐོག “ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་མངོན་ཆེར་བཟུང་ནས་བརྟན་ལྷིང་དམ་འཛིན་དང་། ལེགས་ཆ་འདོན་སྤེལ་བྱས་ནས་བཀྲག་ཆེ་ས་དམ་འཛིན། སྤྱོད་ཚུལ་འགྱུར་ལྡོག་བཏང་ནས་ཞབས་ཞུ་དམ་འཛིན། འགག་རྩ་སྟངས་འཛིན་བྱས་ནས་དཔུང་ཁག་དམ་འཛིན། འདྲི་གཅོད་བྱེད་རྒྱུར་བསྟུན་ནས་འགན་སྲུང་དམ་འཛིན། ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་དོན་འཁྱོལ་དམ་འཛིན ”བཅས་བྱེད་པའི་ལས་ཀའི་བསམ་གཞི་བཏོན་པ་དང་། “ཁ་ཕྱོགས་བརྟན་པོ་དང་། ཉེས་དོན་དང་དམངས་དོན་མཉམ་འཛིན། འདྲི་གཅོད་དང་ལག་བསྟར་གལ་ཆེ་མཉམ་འཇོག དོ་དམ་བྱེད་ཐབས་གསར་གཏོད། ཁྱོན་ཡོངས་ནས་འདོན་སྤེལ ”བཅས་ཀྱི་ལས་ཀ་བྱེད་སྲོལ་བཙུགས་པར་བརྟེན་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུ་དང་འཚམ་པའི་ཁྲིམས་འཛིན་ཞབས་ཞུ་འགན་ལེན་བྱེད་པའི་ཐབས་རྣམ་ཞིག་གཞི་རྩའི་ཆར་ཆགས་ཡོད། དེ་བཞིན་འདྲི་གཅོད་ལས་ཀའི་ལས་ཕྱོད་དང་སྤུས་ཚད་ཡག་ཏུ་སོང་བ་དང་། བྱ་ཐབས་ཚན་རིག་དང་དེ་བས་མཐུན་པ། གྱོད་ཐག་བཅད་དེ་དོན་ཐག་གཅོད་པའི་ནུས་པ་ཆེ་རུ་སོང་བ་བཅས་བྱུང་ཡོད།
ང་ཚོས་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་དང་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་ཁུངས་ཀྱི་བླ་ན་མེད་པའི་འགན་འཁྲི་དང་ལས་འགན་ཨང་དང་པོར་བཞག་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཀྲུང་དབྱང་གི་མཛད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་ཐོག སྤྱི་ཡོངས་ཀྱི་འདུ་ཤེས་དང་འཐབ་ས་མདུན་མའི་འདུ་ཤེས་བརྟན་པོ་བཙུགས་ཤིང་། འདྲི་གཅོད་ཁོ་ན་བྱེད་པའི་བསམ་བློར་འགྱུར་བ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་སྤྱོད་ཧྲིལ་པོའི་ནང་ཧུར་ཐག་ཞུགས་ཏེ་འཚུབ་ཆ་ཆེ་བའི་དུས་མཚམས་དང་གལ་ཆེའི་དུས་ཆེན་རིང་གི་སྤྱི་ཚོགས་བརྟན་ལྷིང་ཐུབ་རྒྱུ་འགན་ལེན་བྱས་ཡོད། སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་དང་མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་བདེ་འཇགས་ཐད་ཀྱི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་རིགས་དམ་འཛིན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག སྤྱི་བྱིངས་དང་འབྲེལ་བའི་དཔལ་འབྱོར་གྱི་ཉེས་གསོག ཐོན་མང་བའི་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག་བཅས་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དེ་འདྲི་གཅོད་ལས་ཀའི་གཙོ་གནད་དུ་བཞག་ནས་གྱོད་གཞིའི་དོན་དངོས་དང་། དཔང་རྟགས། གོ་རིམ། བཅའ་ཁྲིམས་སྤྱོད་འཐུས་བཅས་ཀྱི་འགག་སྒོ་ནན་སྲུང་བྱས་ཤིང་། ལོ་ལྔའི་ནང་ཁྱོན་བསྡོམས་ཉེས་དོན་གྱོད་གཞི་རིགས་འདྲ་མིན་ཁག་7286འདྲི་ཞིབ་མཐའ་འདོམས་བྱས་པ་དང་ཉེས་གསོག་པ་མི་གྲངས་8249ལ་ཁྲིམས་ཆད་བཅད་ཅིང་། དེའི་ནང་ལོ་ལྔ་ཡན་གྱི་ཁྲིམས་ཆད་བཅད་པ་མི་གྲངས་2277ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་16.1%དང་། 12% 11.6%བཅས་ཆག་ཡོད། ནན་ཡང་ཟུང་གཅོད་ཀྱི་ཉེས་དོན་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་འཛིན་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པར་བྱས་ཤིང་། ཁྲིམས་ལུགས་ལྟར་བཀག་ཉར་ལས་སྐུལ་དང་། དོ་དམ། ཁྲིམས་ཆད་འགྱངས་གཅོད་བཅས་ཁྲིམས་ཆད་བཅད་པའི་ཉེས་ཅན་མི་གྲངས་1528ཡོད་པ་དེ་དུས་མཚུངས་དང་བསྡུར་ན་24.2%ཆག་ཡོད། “ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། གོ་རིམ་ཚད་ལྡན་བཟོ་བ། འདྲི་ཞིབ་ནན་ཏན་དང་ཞིབ་བཤེར་ཞིབ་ཚགས་བྱེད་པ ”བཅས་ཀྱི་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་ཉེས་ཁག་ཁྲིམས་འཁུར་དང་བསྒྱུར་བཀོད་དང་ལེན་བྱེད་ཡག་ཙམ་གྱི་ཉེས་གསོག་པ་མི་གྲངས་8291ལ་ཁྲིམས་ཆད་ཡང་བཟོས་དང་དངོས་མིན་བཙོན་འགྲོལ་བཏང་བ་དེ་དུས་མཚུངས་དང་བསྡུར་ན་25.9%འཕར་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།
རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ཞབས་འདེགས་སྔར་ལས་ཡག་པ་ཞུ་རྒྱུ་དེ་ལས་འགན་ཨང་དང་པོ་དང་གལ་ཆེའི་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། ལྗོངས་ཏང་ཨུད་ཀྱི “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ཀྱི་བླང་བྱ་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་བརྗོད་དོན་གཙོ་བོར་བསྟུན་པ་དང་འབྱོར་འབྲིང་ནང་མཉམ་དུ་སླེབས་པ་བྱེད་པའི་དམིགས་ཚད་ལ་ལྡིར་ཏེ་རང་འགུལ་ངང་ཞབས་ཞུ་བྱེད་པ་དང་རང་སྟོབས་ཀྱིས་ཁྲིམས་འཛིན་བྱས་ནས་ཁྲིམས་འཛིན་གྱི་འགན་སྲུང་བསམ་འཆར་ཁག་23ཞིབ་འཇུག་བཟོ་འགོད་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དེ་བས་ཡག་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཡོང་ཕྱིར་ཁྲིམས་འཛིན་གྱི་འགན་སྲུང་གང་ཐུབ་བྱས་ཡོད། དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ནང་གི་དམངས་དོན་འདྲི་གཅོད་ཀྱི་དམིགས་བསལ་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་དངུལ་རྩའི་ཡིད་རྟོན་དངུལ་བུན་དང་། ཚོང་དོན་ཉོ་ཚོང་། ལས་གྲྭའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནང་ཐོན་པའི་གྱོད་གཞིའི་རིགས་ལ་དུས་ཐོག་ཏུ་འདྲི་ཞིབ་འཚམ་པོ་བྱས་ཤིང་། ལོ་ལྔའི་ནང་ཁྱོན་བསྡོམས་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་རིགས་འདྲ་མིན་ཁག་46926ལ་འདྲི་ཞིབ་མཐའ་འདོམས་བྱས་པ་དང་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་52.6ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་117.4%དང་74.2%འཕར་ཡོད། ལྗོངས་ཏང་ཨུད་ཀྱི “བློས་འགེལ་བ་དང་། བཀག་རྒྱ་གློད་པ། ལྷུག་ཏུ་གཏོང་བ། བློ་ཁོག་ཆེན་པོ། ལག་རྒྱ་གློད་པ ”བཅས་ཀྱི་སྒོ་ནས་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་དགོས་པའི་བླང་བྱ་གཞིར་བཟུང་རིམ་ཁག་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་དང་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ་ཁྲོམ་རའི་གཙོ་རྐང་རིགས་འདྲ་མིན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་འདྲ་མཉམ་སྲུང་སྐྱོང་བྱས་ཤིང་། སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ནང་ཐོན་པའི་གྱོད་གཞི་ཁག་8771ལ་འདྲི་ཞིབ་འཚམ་པོ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་72.4%འཕར་ཡོད། རང་རྟེན་གསར་གཏོད་བྱེད་པར་ཁྲིམས་འཛིན་གྱི་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་ནས་ཐོ་འཁོད་ཚོང་རྟགས་དང་ཁེ་ལས་མིང་འདོགས་ཀྱི་རྩོད་ཪྙོག་གྱོད་གཞི་བདག་སྤྲོད་བྱེད་རྒྱུའི་གོ་རིམ་ཚད་ལྡན་བཟོས་ཐོག་ཤེས་རིག་བདག་དབང་ལ་ཁྲིམས་འཛིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཤེས་རིག་བདག་དབང་གི་གྱོད་གཞི་ཁག་70འདྲི་ཞིབ་འཚམ་པོ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་34.6%འཕར་ཡོད། སྲིད་འཛིན་འདྲི་གཅོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྲིད་འཛིན་འདྲི་གཅོད་ཀྱི་ལམ་སྲོལ་གསར་པ་ཧུར་ཐག་བཙུགས་ཐོག སྲིད་འཛིན་གྱི་རྩོད་གཞིར་ཐག་གཅོད་འཚམ་པོ་བྱས་ཤིང་། སྲིད་འཛིན་དང་རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཁག་ཁྱོན་བསྡོམས་313ལ་འདྲི་ཞིབ་མཐའ་འདོམས་བྱས་པ་དེ་དུས་མཚུངས་དང་བསྡུར་ན་8.7%ཆག་ཡོད། ཁྲིམས་འཛིན་གྱི་ཞབས་ཞུའི་འགན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་གལ་ཆེའི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཙུགས་ཏེ་གྱོད་གཞིར་འདྲི་ཞིབ་བྱེད་པའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་བའི་གནད་དོན་ཐོན་བཟོ་ཡོད་རིགས་དང་། ཕྱོགས་ལྷུང་རང་བཞིན། ཡོངས་ཁྱབ་རང་བཞིན་བཅས་ལ་དུས་ཐོག་ཏུ་སྲིད་འཛིན་ལས་ཁུངས་ལ་བརྡ་ཁྱབ་བཏང་ཐོག་སྲིད་འཛིན་གྱི་རྩོད་གཞི་མི་ཐོན་འགོག་ཟོན་བྱས་ནས་སྲིད་འཛིན་ལས་ཁུངས་ལ་ཁྲིམས་འཛིན་གྱི་གྲོས་འཆར་ཁག་219བཏོན་ཡོད་པ་དེ་གོང་གི་ལོ་ལྔའི་ལྡབ་4.3ཡིན་པས་ཁྲིམས་འཛིན་དང་སྲིད་འཛིན་ལས་ཁུངས་དབར་ཕན་སྐུལ་ཡོང་བར་སྐུལ་འདེད་ཐེབས་ཡོད།
ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུར་དམིགས་ཏེ “འདུམ་འགྲིག་སྔོན་དུ་བྱེད་པ་དང་། འདུམ་འགྲིག་དང་འདྲི་ཞིབ་ཟུང་དུ་སྦྲེལ་བ། གྱོད་ཐག་བཅད་རྗེས་དོན་དག་ཐག་ཆོད་པ ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་རིགས་འདྲ་མིན་སེལ་རྒྱུ་དང་ཞི་མཐུན་སྤྱི་ཚོགས་ཀྱི་འབྲེལ་བ་བསང་རྒྱུ་དང་འཛུགས་རྒྱུ་དེ་འདྲི་གཅོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་དོ་དམ་འགན་འཁྲི་བསྒྲུབ་པའི་ཐབས་ལམ་ཡག་པོ་ཞིག་ཏུ་བརྩིས་ཡོད། སྤྱི་ཚོགས་ལ་ཁ་ཕྱོགས་པ་དང་། བྱེད་ནུས་ཆ་ཚང་བ། བྱེད་ཐབས་མང་བ། ཐབས་ཤེས་བཟང་བ། ནུས་པ་རྒྱ་ཆེ་བ་བཅས་ཀྱི་འདུམ་འགྲིག་ཞབས་ཞུའི་ལྟེ་གནས་འཛུགས་རྒྱུ་ལས་སྟེགས་སུ་བྱས་ཏེ་བཅའ་ཁྲིམས་ཀྱི་འདུམ་འགྲིག་དང་། དཔལ་འབྱོར་གྱི་འདུམ་འགྲིག རིག་གནས་ཀྱི་འདུམ་འགྲིག བརྩེ་དུང་གི་འདུམ་འགྲིག དམངས་ཁྲོད་ཀྱི་འདུམ་འགྲིག ལས་རིགས་ཀྱི་འདུམ་འགྲིག ཁོར་ཡུག་གི་འདུམ་འགྲིག་བཅས་བྱེད་པའི་ལས་ཀའི་ཐབས་ལམ་ཞིག་རྒྱ་ཁྱབ་ངང་འཚོལ་ཞིབ་བྱས་ཡོད། དེ་བཞིན་ས་ཞིང་བསྡུ་སྤྱོད་དང་། ངལ་རྩོལ་གྱི་འབྲེལ་བ། ཐོན་ཁུངས་དཀོན་རིགས་སྔོག་འདོན། རྒྱལ་ཁབ་ཀྱི་གལ་ཆེའི་རྣམ་གྲངས་ལག་བསྟར། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་བརྟན་ལྷིང་དང་། གོང་འཕེལ། དམངས་ཀྱི་འཚོ་བ་བཅས་དང་འབྲེལ་བ་ཡོད་པའི་གྱོད་གཞི་མངོན་ཆེར་བཟུང་སྟེ་མི་དང་གྱོད་གཞིར་བསྟུན་པ་དང་། དུས་དང་བབ་ལ་གཞིགས་ནས་ཁྲིད་སྟོན་མཐའ་འཁྱོངས་བྱས་ཐོག ལྷག་བསམ་ཟོལ་མེད་ཀྱིས་སྤྱི་མོས་ཡོང་ཐབས་བྱེད་པ་དང་། ངང་རྒྱུད་རིང་པོས་འདུམ་འགྲིག་ཐུབ་ཐབས་བྱེད་པ། ཞིབ་ཚགས་གཟབ་ནན་གྱིས་རྩོད་ཪྙོག་མེད་པ་བཟོ་བ། དྲང་བདེན་གྱི་སྒོ་ནས་ཀུན་གྱི་ཡིད་ཆེས་ཐོབ་ཐབས་བྱེད་པ་བཅས་བྱས་ཏེ “གཞུང་དུ་མཐིལ་ལ་སླེབས་པ་དང་འཕྲེད་དུ་མཐའ་ལ་སླེབས་པའི ”འགལ་ཟླ་དང་རྩོད་ཪྙོག་ཕྱོགས་བསྡུས་ཐོག་མེད་པ་བཟོ་བའི་མ་ལག་ཅིག་ཆགས་ཐུབ་པ་དང་གྱོད་ཐག་བཅད་རྗེས་དོན་དག་ཐག་ཆོད་པ་བྱས་ནས་འགལ་ཟླ་དང་རྩོད་ཪྙོག་འབོར་ཆེན་གཏུག་བཤེར་མ་བྱས་གོང་དང་ཁྲིམས་སའི་ཕྱི་རོལ་དུ་མེད་པ་བཟོས་པས་འདུམ་འགྲིག་གི་ལས་དོན་ལ་འགག་སྒྲོལ་གསར་པ་བྱུང་ཡོད། ལོ་ལྔའི་རིང་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁག་ཁྱོན་བསྡོམས་35617འདུམ་འགྲིག་བྱེད་ཐུབ་པས་འདུམ་འགྲིག་ཕྱིར་འཐེན་བྱེད་ཚད་75.9%ཟིན་པ་དེ་དུས་མཚུངས་དང་བསྡུར་ན་24.9%འཕར་ནས་རྒྱལ་ཡོངས་ཁྲིམས་ཁང་གི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་9ཡིས་མཐོ་བ་ཡོད། གཞན་ཡང་གཏུག་བཤེར་མ་བྱས་གོང་གི་འགལ་ཟླ་དང་རྩོད་ཪྙོག་ཁག་23240འདུམ་འགྲིག་བྱས་པ་དང་། དམངས་ཁྲོད་ཀྱི་འདུམ་འགྲིག་རྩ་འཛུགས་ལ་མཛུབ་ཁྲིད་བྱས་ནས་རྩོད་ཪྙོག་ཁག་13600ལྷག་ཙམ་འདུམ་འགྲིག་ཐག་གཅོད་བྱས་པ་དེ་ཁག་སོ་སོར་གོང་གི་ལོ་ལྔའི་ལྡབ་5.3དང་ལྡབ་4.6ཡིན།
(གཉིས ) ཁྲིམས་འཛིན་འདྲི་གཅོད་ཀྱི་ཞབས་ཞུ་གསར་གཏོད་བྱས་ནས་མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་སར་བསྟུན་ཏེ་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ཧུར་ཐག་བྱས་ཡོད། མི་དམངས་ཁྲིམས་ཁང་གི་མི་དམངས་ངོ་བོའི་ཁྱད་ཆོས་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་ཀྱི་སྒམ་ནན་རང་གཞིན་དང་། ཁྲུན་གཅོད་ཀྱི་དྲང་བདེན་རང་བཞིན། ཁྲིམས་འཛིན་གྱི་དབང་གྲགས་རང་བཞིན་བཅས་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་བསམ་པའི་དབར་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་ཐག་གཅོད་བྱས་ནས་དམངས་ཀྱིས་གཏུག་བཤེར་བྱེད་པར་སྟབས་བདེ་ཡོང་བ་དང་། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཐུབ་པ། དམངས་ཕན་རོགས་སྐྱོབ་ཡོང་བ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུའི་བྱེད་ཐབས་གསར་པ་ལག་བསྟར་ཤུགས་ཆེ་བྱས་ཡོད། རང་ལྗོངས་ཀྱི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་དོན་དངོས་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་73ལ་ཁྱབ་རྒྱ་ཆེ་བ་དང་། ཞབས་ཞུ་བྱེད་རྒྱ་ཆེ་བ། བབ་བསྟུན་མྱུར་མགྱོགས་བཅས་ཀྱི “འཁོར་ཐོག་སྐོར་སྐྱོད་ཁྲིམས་ས ”ཐོག་མར་གསར་འཛུགས་དང་འབྲེལ་ཁྱབ་སྤེལ་ཡང་བཏང་ཞིང་། དེའང་ལམ་ལུགས་ཀྱི་ཐོག་ནས་འཁོར་ཐོག་སྐོར་སྐྱོད་ཁྲིམས་ས་ཁྲིམས་གཏན་འཁེལ་བར་འགྱུར་བ་དང་། གོ་ཆས་ཚད་ལྡན་དུ་འགྱུར་བ། སྐོར་སྐྱོད་གྱོད་སྒྲུབ་རྒྱུན་ལྡན་ཅན་དུ་འགྱུར་བ། ཞབས་ཞུའི་ནུས་པ་སྣ་མང་ཅན་དུ་འགྱུར་བ་བཅས་བྱས་ནས་ཁྲིམས་དཔོན་གྱིས་ཁྲིམས་སར་བསྡད་དེ་གྱོད་གཞི་འདྲི་བ་དང་མང་ཚོགས་ཞུ་གཏུག་བྱེད་ཁག་པའི་གནས་ཚུལ་ལ་འགྱུར་ལྡོག་བཏང་ཞིང་། འདྲི་གཅོད་ལས་ཁུངས་ཀྱི་ལས་ཀ་དེ་འདྲི་གཅོད་ཁོ་ན་བྱེད་པ་ནས་སྤྱི་ཚོགས་ཀྱི་དོ་དམ་ནང་ཞུགས་པ་དང་། དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་བ། ཁྲིམས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། རང་འགུལ་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཕྱོགས་མཐའ་ཀུན་དང་ཁྱབ་ཁོངས་རྒྱ་ཆེ་བའི་ཐོག་ནས་ཞབས་འདེགས་ཞུ་བའི་ཚན་རིག་དང་མཐུན་པའི་ཁ་སྒྱུར་ཐུབ་པ་བྱུང་ཡོད། འཁོར་ཐོག་སྐོར་སྐྱོད་ཁྲིམས་ས་སྤེལ་འགོ་ཚུགས་པ་ནས་བཟུང་ཁྱོན་བསྡོམས་སྤྱི་ལེ་ཁྲི་362ལྷག་ཙམ་བསྐྱོད་པ་དང་། སྐོར་སྐྱོད་གྱོད་ཞིབ་ཐེངས་གྲངས་17819བྱས་པ། གྱོད་གཞི་རིགས་འདྲ་མིན་ཁག་13228འདྲི་ཞིབ་བྱས་པས་དུད་ཚང་ཚང་མར་ཁྱབ་པ་དང་མི་ཐོག་ཏུ་ཞབས་ཞུ་བྱེད་ཐུབ་པར་བརྟེན་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གདེང་འཇོག་གང་ལེགས་ཐོབ་པ་དང་མི་དམངས་མང་ཚོགས་ཀྱི་ཡོངས་ཁྱབ་དགའ་བསུ་ཐོབ་ཡོད།
སྤུས་ཚད་དེ་བས་ཡག་པ་དང་། མྱུར་ཚད་དེ་བས་མགྱོགས་པ། ཕན་ནུས་དེ་བས་ཆེ་བ། མ་གནས་དེ་བས་ཆུང་བ། མི་དམངས་བློ་མོས་ཡོང་བ་བཅས་དམིགས་ཡུལ་དུ་བཟུང་ནས་མི་དམངས་མང་ཚོགས་ཀྱིས་མི་ལུས་རང་དབང་དང་། རྒྱུ་ནོར་བདག་དབང་། ངལ་རྩོལ་གྱི་དབང་ཆ། ངལ་རྩོལ་ཐོབ་ཆའི་དབང་ཆ་སོགས་ཁྲིམས་མཐུན་ཁེ་དབང་ལ་དོ་འཁུར་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་14554ལ་ཁྲིམས་ལུགས་ལྟར་འདྲི་ཞིབ་འཚམ་པོ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་52.2%འཕར་ཡོད། ཁེ་ཕན་གྱི་ཞུ་རེ་མཚོན་པར་བྱེད་ལམ་འཁོན་ཐོགས་མེད་པ་བཟོས་ནས “ཁྲིམས་དཔོན་གཞི་རིམ་དུ་སྐྱོད་པ ”དང་། “གནས་བདུན་ལ་བཅའ་ཁྲིམས་སྐྱེལ་བ ”“ཁྲིམས་དཔོན་གྱི་འཆད་སྟེགས ”སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། ཁྲིམས་ལུགས་དྲིལ་བསྒྲགས་རིགས་འདྲ་མིན་ཐེངས་གྲངས་ཁྱོན་བསྡོམས་13705བྱས་པས་དམངས་ཀྱི་དབང་ཆ་འགན་སྲུང་དང་དམངས་ཀྱི་འཁོན་འགྲས་འདུམ་སེལ་བྱས་ཡོད། ཁྲིམས་འཛིན་གྱི་ཉེན་སྐྱོབ་དཀའ་རོགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཁྲིམས་འཛིན་གྱི་རོགས་སྐྱོབ་ཐེབས་རྩ་ཡོངས་ཁྱབ་ཏུ་བཙུགས་ནས་དཀའ་ངལ་ཡོད་པའི་དོ་བདག་ལ་གཏུག་བཤེར་བྱེད་པའི་རིན་དངུལ་ཁྱོན་བསྡོམས་སྒོར་ཁྲི་2543.6དུས་འགྱངས་དང་། ཆག་ཡང་། རྩ་ཆག་བཅས་བཏང་བ་དང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི་1023.5སྤྲད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་ལྡབ་3.2དང་ལྡབ་7.3འཕར་ཡོད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་ལམ་ལུགས་ཀྱི་མི་ཆོས་ལྡན་པའི་སེམས་འཁུར་མཚོན་པར་བྱས་ཡོད།
ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་སྲུང་སྐྱོང་བྱེད་པ་དང་། ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བྱེད་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ་བཅས་ཀྱི་མཐོ་ཚད་ཐོག་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་ལག་བསྟར་བྱེད་རྒྱུའི་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ལག་བསྟར་ལས་དོན་གྱི་ཁོར་ཡུག་ཞན་པ་དང་འགག་སྒྲོལ་བྱེད་ནུས་ཆེན་པོ་མེད་པ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་དམ་པོར་བཟུང་ཐོག “ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། ལས་རིགས་ཁག་གིས་གཞོགས་འདེགས་བྱེད་པ། ཁྲིམས་ཁང་གིས་གཙོ་གཉེར་བྱེད་པ ”བཅས་ཀྱི་ལག་བསྟར་ལས་དོན་གྱི་ལམ་སྲོལ་གསར་པ་ཞིག་ཆགས་པ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལག་བསྟར་གསོག་ཐེབས་གྱོད་གཞི་གཅིག་སྡུད་གཙང་སེལ་བྱས་ཐོག་ལག་བསྟར་གསོག་ཐེབས་ཀྱི་གྱོད་གཞི་མེད་པའི་སྔོན་ཐོན་ཁྲིམས་ཁང་གསར་གཏོད་བྱེད་པའི་བྱེད་སྒོ་སྤེལ་ནས་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། རང་གི་འཇོན་ཐང་ཆེ་རུ་གཏོང་བ། བཅའ་ཁྲིམས་ལ་བརྟེན་པ། ཐབས་ཤེས་ཡག་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་བཟུང་སྟེ “མཁྲེགས་སར་གཏུགས་ཕོད་པའི ”སྙིང་སྟོབས་དར་སྤེལ་བཏང་ཞིང་། ལོ་རིམ་བྱུང་གི་ལག་བསྟར་གསོག་ཐེབས་ཀྱི་གྱོད་གཞི་ཁྱོན་བསྡོམས་575ཐག་གཅོད་བྱས་ནས་ལག་བསྟར་གྱི་ལས་དོན་དེ་གསོག་ཐེབས་ཀྱི་གྱོད་གཞི་ཉུང་བ་དང་། གོ་རིམ་ཚད་ལྡན་ཡིན་པ། ལམ་སྲོལ་ཆ་ཚང་བ། ལག་བསྟར་མཐའ་འདོམས་བྱེད་ཚད་མཐོ་བ་བཅས་ཀྱི་ལེགས་ལམ་ཐོག་སླེབས་ཐུབ་པ་བྱུང་ནས་ལག་བསྟར་ལས་དོན་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཁེ་ལས་ཀྱི་གཉེར་སྐྱོང་ལ་འགོག་རྐྱེན་བྱུང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུན་ཕོག་པ། མི་དམངས་ཀྱི་འཚོ་བར་དཀའ་ངལ་འཕྲད་པ་བཅས་ཀྱི་གནས་ཚུལ་མི་ཐོན་པ་བྱས་ཡོད། ལོ་ལྔའི་ནང་ཁྱོན་བསྡོམས་གྱོད་གཞི་ལག་བསྟར་མཐའ་འདོམས་ཁག་10692བྱས་པ་དང་ལག་བསྟར་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་21.4ཟིན་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་77.8%དང་74.1%འཕར་ཏེ་རྒྱལ་ཡོངས་ཁྲིམས་ཁང་གི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་12མཐོ་བ་ཡོད།
སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དང་མང་ཚོགས་ཀྱི་ཞུ་རེ་སྒྲུབ་གཉེར་འགན་སྲུང་བྱེད་རྒྱུ་གཉིས་ཀར་དམིགས་ནས་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། “ངེས་པར་དུ་བྱེད་དགོས་པ་བཞི ”ལག་བསྟར་ནན་ཏན་དང་། “ལམ་ལུགས་ཁག་ལྔ ”ཁྱབ་སྤེལ་ཤུགས་ཆེ་གཏོང་བ། “གཏན་འཁེལ་བཞི་དང་འགན་གཙང་གཅིག ”གི་འགན་འཁྲི་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གསོག་ཐེབས་གྱོད་གཞི་གཅིག་སྡུད་ཐོག་གཙང་བཤེར་བྱེད་པའི་ཆེད་དོན་བྱེད་སྒོ་ཤུགས་ཆེ་སྤེལ་ཏེ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་མངོན་ཆེའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱས་ཤིང་ལོ་རིམ་བྱུང་གི་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གསོག་ཐེབས་གྱོད་གཞི་ཁག་77ཐག་གཅོད་བྱས་ཡོད། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས “འགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་པ་དང་། ལས་བྱ་ཡོངས་ཀྱིས་ཐེ་ཞུགས་བྱེད་པ། ལས་བགོས་ཁ་གསལ་བཟོ་བ། གོང་འོག་མཉམ་འགུལ་བྱེད་པ། འཕྲེད་ཕྱོགས་རོགས་ལས་བྱེད་པ། འགན་འཁྲི་དོན་འཁྱོལ་བྱེད་པ ”བཅས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ཤིང་། ཁྱོན་བསྡོམས་ཞུ་གཏུག་དང་བསྐྱར་ཞིབ་ཞུ་རེའི་གྱོད་གཞི་རིགས་འདྲ་མིན་ཁག་729འདྲི་ཞིབ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་གྱོད་གཞི་ཁག་603ཉུང་དུ་སོང་བ་དང་། ཞུ་གཏུག་དང་བཅའ་ཁྲིམས་དང་འབྲེལ་བ་ཡོད་པའི་ཞུ་བཅར་དང་ཡིག་འབུལ་བྱེད་མཁན་མི་ཐེངས་9385ཐག་གཅོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་མི་ཐེངས་11486ཉུང་དུ་སོང་ཡོད།
(གསུམ ) རང་ངོས་ལེགས་སྐྱོང་ཤུགས་ཆེན་བྱས་ནས་ཁྲིམས་འཛིན་ནུས་པ་ཆེ་རུ་བཏང་སྟེ་ཁྲིམས་འཛིན་དྲང་གཞག་དང་སྤྱོད་གཙང་ཡོང་བ་བྱས་ཡོད། དར་ཆ་མཐོར་བསྒྲེངས་དང་ཁ་ཕྱོགས་བརྟན་བཟུང་བྱེད་རྒྱུ་འགག་གནད་དུ་བརྩིས་པ་དང་། ནུས་པ་ཆེར་གཏོང་དང་ལམ་སྲོལ་འཐུས་ཚང་བཟོ་རྒྱུ་གཙོ་གནད་དུ་བཟུང་བ། རྨང་གཞི་བརྟན་གཏོང་དང་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་འགན་སྲུང་དུ་བྱས་ཏེ་རང་ངོས་ལེགས་སྐྱོང་ལ་ཤུགས་སྣོན་གང་ཆེ་བརྒྱབ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་དང་འཚམ་པའི་རང་ངོས་ལེགས་སྐྱོང་བྱེད་རྒྱུའི་ལམ་སྲོལ་གསར་པ་འཛུགས་རྒྱུར་ཤུགས་བརྒྱབ་ཡོད།
ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་བྱེད་རྒྱུ་ནས་འགོ་བཙུགས་ཏེ་དཔུང་ཁག་ཁྲོད་ཀྱི་མངོན་ཆེའི་གནད་དོན་ཐག་གཅོད་བྱེད་རྒྱུར་དམིགས་ནས་དུས་བབ་གསར་པའི་འོག་ཁྲིམས་ཁང་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུའི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་བརྒྱད་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ “ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་ལེན་བྱེད་པ ”དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་དད་སེམས་གཡོ་འགུལ་མེད་པ་དང་ཆབ་སྲིད་ལངས་ཕྱོགས་བརྟན་ཞིང་བློས་འཁེལ་ཡོང་བ་བྱས་ཐོག་དུས་ནམ་ཡང་སེམས་ནང་ཏང་དང་། མི་དམངས། ཁྲིམས་ལུགས། དྲང་བདེན་བཅས་ཡོད་པ་བྱས་ཡོད། རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ལས་བྱེད་པས “ལས་གནས་གཅིག་བཟུང་ན་འགན་འཁྲི་གཉིས་ཁུར་བ་དང་། བྱ་ཐབས་གཉིས་སྤྱོད་པ། ཕན་འབྲས་གཉིས་ཐོན་པ ”བཅས་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་ལས་བྱེད་པར་གཞོགས་འདེགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་སྣ་འདེམས་སྤྱོད་ལམ་སྲོལ་གསར་གཏོད་བྱས་ཤིང་། ཕུལ་བྱུང་མི་སྣ་འབུར་ཐོན་ཐུབ་པའི་མི་བཀོལ་སྤྱོད་ཀྱི་ཁོར་ཡུག་ཧུར་ཐག་གཏོད་པ་དང་རིམ་ཁག་ཁྲིམས་ཁང་གི་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱས་ཏེ་ཁྲིམས་འཛིན་འདྲི་གཅོད་བྱེད་ནུས་སྔར་བས་ཆེ་རུ་གཏོང་རྒྱུར་འགོ་ཁྲིད་བྱས་ཡོད། བསམ་གཞི་རྒྱ་ཆེར་གཏོང་བ་དང་བྱ་ཐབས་གསར་གཏོད་ཀྱིས་དཔུང་ཁག་ལ་ཕྱོགས་ཡོངས་ནས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་མཐའ་ཀུན་དང་། ཁྱབ་ཁོངས་རྒྱ་ཆེ་བ། བང་རིམ་མང་བ་བཅས་ཀྱི་སྦྱོང་བརྡར་ཆེན་པོ་སྤྲོས་པའི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་གཏོད་ཡོད། ཕྱོགས་མང་པོའི་མཐུན་སྦྱོར་བརྩོན་ལེན་བྱས་པ་བརྒྱུད་ནུབ་རྒྱུད་ཁུལ་དུ་སྔོན་ལ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་བཙུགས་པ་མ་ཟད། སློབ་ཁྲིད་ཆ་རྐྱེན་བཟང་པོ་དང་། སློབ་ཁྲིད་དོ་དམ་ནན་པོ། སློབ་གསོའི་ནང་དོན་དམིགས་ས་ཆེ་བ། ཤེས་ལྡན་པ་གསོ་སྐྱོང་གི་དམིགས་ཡུལ་ཁ་གསལ་བ་བཅས་བྱུང་སྟེ་ཉེས་དོན་འདྲི་གཅོད་རྩེར་སོན་སྟོབས་ཤུགས་དང་། དམངས་དོན་འདྲི་གཅོད་རྐང་འཛིན་སྟོབས་ཤུགས། ལག་བསྟར་ལས་ཀའི་འགག་སྒྲོལ་སྟོབས་ཤུགས་བཅས་མང་པོ་ཞིག་ལ་སྦྱོང་བརྡར་སྤྲས་པས་རང་ལྗོངས་ཀྱི་ཁྲིམས་ཁང་དཔུང་ཁག་གི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་གོང་མཐོར་སོང་ཡོད། ལོ་ལྔའི་རིང་ལས་བྱེད་ཉེན་རྟོག་པ་མི་ཐེངས་4921ལ་སྦྱོང་བརྡར་སྤྲས་པ་དེ་གོང་གི་ལོ་ལྔའི་ལྡབ་6.4ཡིན་པ་དང་། ནོར་སྲིད་དང་། གོང་འཕེལ་བསྒྱུར་བཅོས། དངུལ་རྩ། རྩ་འཛུགས་མི་དོན་སོགས་སྡེ་ཚན་ལ་ལས་བྱེད་ཉེན་རྟོག་པ་56རྗེས་འབྲངས་སློབ་སྦྱོང་བྱེད་པར་བཏང་བ་དང་རྫོང (ཤང )ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན (ཤང་ཀྲང )གཞོན་པར་གནས་སྦྱར་འདེམས་གཏོང་བྱས་ཤིང་། ཁྲིམས་ཁང་ནང་ཁུལ་གྱི་སྦྱོང་བརྡར་དང་། སློབ་ཁྲིད་སྦྱོང་བརྡར། ཁེར་རྐྱང་གི་འདྲི་གཅོད་ལས་སྒོའི་ཤེས་བྱ་སྦྱོང་བརྡར་བཅས་བྱེད་པ་ནས་དེང་རབས་བཪྙན་ལམ་སློབ་ཁྲིད་དང་དྲ་རྒྱའི་རྒྱང་སྟོན་སློབ་ཁྲིད་བྱེད་པ་དང་། ནང་སའི་ཁྲིམས་ཁང་དུ་གྱོད་གཞི་དང་སྦྲགས་ནས་སློབ་སྦྱོང་བྱེད་པ། ལས་རིགས་དང་ས་གནས་བརྒལ་ཏེ་ཁྱབ་ཁོངས་ཁག་ནང་སྦྱོང་བརྡར་བྱེད་པ་བཅས་ཀྱི་ཕྱོགས་སུ་སྒྱུར་ཡོད། ཁྲིམས་དཔོན་ཧ་ཅང་དཀོན་པོ་ཆགས་པའི་གནད་དོན་ཐག་གཅོད་ཏན་ཏིག་ཡོང་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཁྲིམས་འཛིན་པུའུ་བཅས་ཀྱིས་རྒྱ་ཁྱབ་ཏུ་མཐུན་སྦྱོར་བྱས་ནས་བོད་ལ་ཁྲིམས་འཛིན་རྒྱུགས་ལེན་ཐད་ལོགས་སུ་ཡིག་རྒྱུགས་འདོན་པ་དང་། ཡིག་རྒྱུགས་གཏོང་བ། སྐར་གྲངས་ཚད་གཞི་བཟོ་བ་སོགས་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་ཧུར་ཐག་བྱས་པས་ལྗོངས་ཡོངས་ཀྱི་ཁྲིམས་དཔོན་དེ་2007ལོའི་མི་གྲངས་639ནས་ད་ལྟ་མི་གྲངས་1341བར་མང་དུ་སོང་སྟེ་ཁྲིམས་དཔོན་དཀོན་པའི་གནད་དོན་ཐག་གཅོད་ཡག་ཙམ་ཐུབ་ཡོད། ཆད་གཅོད་དང་སྔོན་འགོག་གི་མ་ལག་འཛུགས་རྒྱུའི་འཆར་འགོད་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་གཙོ་གནད་ལས་གནས་དང་གཙོ་གནད་ལྷུ་ཚིགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། གཅིག་སྡུད་ཐོག “གཏིང་ཟབ་གཉིས་དང་བརྗེ་སྒྱུར་ལྔ ”གཙོ་དོན་བྱས་པའི་སློབ་གསོའི་བྱེད་སྒོ་དང་། སྒྲིག་ཁྲིམས་དང་ཀུན་སྤྱོད་ཀྱི་གཅིག་སྡུད་སློབ་གསོ་བཅོས་སྒྲིག་བྱས་ནས “ནན་འགོག་ལྔ ”དང “བཀག་རྒྱ་དྲུག ”ལག་བསྟར་ནན་པོ་བྱས་པས་ལས་བྱེད་ཉེན་རྟོག་པ་ཉུང་ཤས་ཁྲོད་གནས་པའི “དྲང་བདེན་མི་བྱེད་པའི་ཚུལ་ངན་དང་། མང་ཚོགས་དང་ཁ་བྲལ་བའི་དཔོན་ཉམས། འགན་འཁྲི་མི་ཁུར་བའི་ལྷོད་སེམས། མཐོ་བཤད་དམའ་བཤད་བྱས་ནས་མཐུན་སྒྲིལ་ལ་གནོད་པའི་སྤྱོད་ངན། དཀའ་སྤྱད་བྱེད་མི་འདོད་པའི་ལང་ཤོར། སྡུག་མི་འཁྱོག་པའི་བློ་ཆུང་། གྲུབ་འབྲས་ཕྲན་ཙམ་བྱུང་ན་སྤོབས་གྱེར་བྱེད་པའི་སྤོབས་ཉམས ”སོགས་ཚུལ་མིན་སྤྱོད་ཚུལ་བཀག་སྡོམ་ནུས་ལྡན་ཐུབ་པ་མ་ཟད། དཔུང་ཁག་ཧྲིལ་པོའི་བྱང་ཚད་མཐོ་རུ་སོང་བ་དང་། སྤྱོད་ཚུལ་སྔར་བས་འགྱུར་ལྡོག་བྱུང་བ་བཅས་སྔོན་གཏོད་ལེགས་བརྩོན་གྱི་དར་སྲོལ་ཆེན་པོ་ཞིག་ཆགས་ནས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ནང་མཉམ་སྡེབ་42དང་མི་སྒེར་59ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་ཡོད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུའི་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་གལ་ཆེན་ལ་དང་ལེན་མཐའ་གཅིག་ཏུ་ཞུས་ཏེ་ཕུལ་བྱུང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པར་འདེམས་གཏོང་གིས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་དམངས་ཕན་བྱ་ཐབས་དོན་འཁྱོལ་བྱས་ཐོག མ་དངུལ་སྒོར་ཁྲི་6754མཐུན་སྦྱོར་དོན་འཁྱོལ་བྱས་པ་དང་། མང་ཚོགས་ལ་བྱ་བ་དངོས་ཁག་536བསྒྲུབས་ཏེ་ཏང་གི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་ནང་བསྐྱལ་བས་མི་དམངས་མང་ཚོགས་དང་བརྩེ་དུང་ཟབ་ཏུ་སོང་བ་མ་ཟད་དཔུང་ཁག་ལའང་སྦྱོང་བརྡར་ཐེབས་ཡོད།
འདྲི་གཅོད་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་རྒྱུའི་ཐོག་ནས་ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་རྒྱུ་སྔོན་འགྲོར་བྱས་ཏེ་ཁྲིམས་འཛིན་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། “སྲོག་ཁྲིམས་གཅོད་རྒྱུ་སྟངས་འཛིན་ནན་པོ་དང་གཟབ་ནན་ལག་བསྟར་བྱེད་རྒྱུའི ”སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་མ་ཉེས་ཁ་གཡོགས་ཀྱི་གྱོད་གཞི་གཅིག་ཀྱང་མི་ཐོན་པ་དང་མི་གཅིག་ཀྱང་གསོད་ནོར་ཤོར་རིགས་མི་ཡོང་བ་བྱས་ཡོད། ཉེས་གཅོད་ཀྱི་ཚད་གཞི་ཚད་ལྡན་ཅན་དུ་འགྱུར་བའི་བསྒྱུར་བཅོས་ལ་སྐུལ་སྤེལ་ཧུར་ཐག་བཏང་སྟེ་ཉེས་གཅོད་ཚད་གཞི་དེ་ཁྲིམས་སའི་འདྲི་ཞིབ་གོ་རིམ་ནང་བཅུག་ནས་ཁྲིམས་དཔོན་གྱིས་རང་མོས་ཁྲིམས་ཚད་བྱེད་དབང་ཚད་ལྡན་ནན་པོ་བཟོས་པས་གྱོད་གཞི་གཅིག་ལ་འདྲི་གཅོད་མི་འདྲ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ་དང་། ཉེས་ཆད་གཅོད་ཚད་ཡོངས་བསྒྲགས་དང་། འདྲ་སྙོམས། དྲང་གཞག་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། འདྲི་གཅོད་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གྱོད་ཁོངས་སུ་འཇུག་པ་དང་། ཁྲིམས་སར་ཞིབ་གཅོད། ལག་བསྟར། གཟུ་ཉན། དཔྱད་ཁྲ་བཅས “དྲུག་ཡོངས་བསྒྲགས ”བྱས་ནས་དམངས་དོན་དང་ཉེས་དོན་གྱི་འདྲི་གཅོད་གཉིས་པའི་གྱོད་གཞི་ཡོངས་བསྒྲགས་སུ་ཁྲིམས་ས་ཚོགས་ཚད་དེ་ཁག་སོ་སོར་ལོ་ལྔའི་གོང་གི་42.3%དང་44.5%ནས་91.5%དང་93.7%ལ་འཕར་ཡོད། འདྲི་གཅོད་ཨུ་ལྷན་གྱི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག་ཉེས་དོན་དང་དམངས་དོན་གྱི་སྲིད་འཛིན་ཆེད་ལས་ཨུ་ཡོན་ལྷན་ཁང་གཉིས་ལོགས་སུ་བཙུགས་པ་དང་། གྱོད་གཞིའི་གོ་རིམ་དོ་དམ་དང་། གཙོ་གནད་ལྷུ་ཚིགས་དོ་དམ། གྱོད་གཞིའི་བང་རིམ་དོ་དམ། གྱོད་གཞིའི་སྤུས་ཚད་དོ་དམ། གྲུབ་འབྲས་དང་ཕན་འབྲས་ཀྱི་དམིགས་ཚད་ཞིབ་དཔྱད་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་120ལྷག་ཙམ་ཆ་ཚང་པོ་བཟོས་པས་སྤྱོད་གཙང་ཁྲིམས་སྒྱུར་དང་སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུ་དེ་ཁྲིམས་འཛིན་ནུས་ཆོད་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱུང་བ་དང་། འདྲི་གཅོད་དང་པོའི་གྱོད་གཞིའི་དཔྱད་ཁྲ་དང་ལེན་དང་ཞུ་གཏུག་མཚམས་འཇོག་བྱེད་ཚད་དེ་དུས་མཚུངས་དང་བསྡུར་ན་13.4%འཕར་བ་དང་། ཕར་སློག་འདྲི་གཅོད་བསྐྱར་མ་བྱེད་ཚད་དང་དཔྱད་མཚམས་བསྒྱུར་ཚད་ཁག་སོ་སོར་དུས་མཚུངས་དང་བསྡུར་ན་17.6%དང་19.2%ཆག་ཡོད།
གཞི་རིམ་སྲ་བརྟན་དང་རྨང་གཞི་བརྟན་གཏོང་བྱས་ཏེ་གཞི་རིམ་ཁྲིམས་ཁང་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ་གསར་གཏོད་ལྡན་པའི་ངང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་ཚངས་ཐིག་གཞི་རིམ་རྨང་གཞིའི་ལས་གཞི་སྤེལ་ནས་མིག་མཐོང་ལག་ཟིན་ཐུབ་པ་དང་། གོ་ཆོད་པ། ཕུགས་ཕན་ཐོབ་པ། རྨང་རྩ་གཉིས་བརྟན་བཅས་ཀྱི་བྱ་བ་དངོས་བསྒྲུབས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། རྩ་འཛུགས་མི་དོན། སྒྲིག་གཞི། གོང་འཕེལ་སྒྱུར་བཅོས། ནོར་སྲིད་སོགས་སྡེ་ཚན་གྱིས་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག ཚངས་ཐིག་གཞི་རིམ་རྨང་གཞིའི་ལས་གཞིའི་ནང་དུ་གཏན་འཁེལ་བྱས་པའི་ལས་འགན་ཁག་ཆ་ཚང་ལེགས་གྲུབ་བྱུང་ཡོད། ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་ཚང་མར་འདྲི་གཅོད་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། འདྲི་གཅོད་རྩ་འཛུགས་འཐུས་ཚང་དུ་བཏང་ནས་འདྲི་གཅོད་དང་ཞབས་ཞུའི་ལས་ཀ་དེ་བས་ཁྲིམས་དང་མཐུན་ཐུབ་པ་བྱས་ཡོད། “ལམ་རྒྱུད་གསུམ་དང་འབྲེལ་མཚམས་གཅིག དམིགས་བསལ་དྲུག ”གཙོ་གནད་དུ་བཟུང་སྟེ་མི་དམངས་ཁྲིམས་སའི་ཁྱབ་བཀོད་ཚན་རིག་དང་མཐུན་པའི་ལེགས་སྒྲིག་བྱས་ནས་འདྲི་གཅོད་དང་ཞབས་ཞུའི་ལས་ཀ་དེ་བས་ཕྱོད་ཆེ་སྟབས་འདུས་ཡོང་བ་བྱས་ཡོད། འགྲོ་གྲོན་དང་སྒྲིག་ཆས་འགན་སྲུང་ཚད་གཞི་མཐུན་སྦྱོར་བཟོ་སྒྲིག་བྱས་ཏེ “འཆར་འགོད་གཅིག་གྱུར་དང་། ཚད་གཞི་གཅིག་གྱུར། བགོ་སྒྲིག་གཅིག་གྱུར། དོ་དམ་ཚད་ལྡན ”བཅས་ཡིན་པའི་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་འགྲོ་གྲོན་འགན་སྲུང་དང་སྒྲིག་ཆས་བགོ་སྒྲིག་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཤིང་། འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་གི་མི་རེའི་ཆ་སྙོམས་འགྲོ་གྲོན་ཁག་སོ་སོར་སྒོར་ཁྲི་8དང་སྒོར་ཁྲི་5.8ཟིན་པ་དེ་2007ལོའི་ལྡབ་4དང་ལྡབ་3ཟིན་ཡོད། མ་དངུལ་95%ཡན་གཞི་རིམ་ལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཉར་བཟུང་མི་བྱེད་པ་དང་། བཀག་ཉར་མི་བྱེད་པ། གཞན་སྤྱོད་མི་བྱེད་པ། འཕྲི་འཐེན་མི་བྱེད་པ་བཅས་ཀྱི་ཐོག མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་ཀྲུང་དབྱང་ནས་སྤོ་སྒྱུར་གཏོང་སྤྲོད་ཀྱི་གྲོན་དངུལ་སྒོར་དུང་ཕྱུར་8.42དོན་འཁྱོལ་བྱུང་བས་དུས་མཚུངས་དང་བསྡུར་ན་ལྡབ་10འཕར་ཡོད་པ་དང་། སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་3.16བཏང་བ་དེ་དུས་མཚུངས་དང་བསྡུར་ན་ལྡབ་3.5འཕར་ཡོད། “ཁྲིམས་ས་གཉིས ”གཙོ་གནད་དུ་བཟུང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ཞིབ་ཚགས་བྱས་ཏེ་མཐུན་སྦྱོར་རྣམ་གྲངས་ཁོངས་སུ་རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར་11.78བཏང་བ་དེ་དུས་མཚུངས་དང་བསྡུར་ན་ལྡབ་6འཕར་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་སྒྱུར་གྱོད་ཞིབ་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། བོད་སྐྱོར་ལས་ཀ་ཏན་ཏིག་ངང་སྤེལ་ཞིང་། བརྩོན་ལེན་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད་རྒྱལ་ཡོངས་ཁྲིམས་ཁང་གིས་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་སྐོང་ཚོགས་བྱས་ཏེ་རིག་སྟོབས་ཐད་ནས་རོགས་སྐྱོར་བྱེད་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། རྣམ་གྲངས་ཐད་ནས་རོགས་སྐྱོར་བྱེད་རྒྱུ་བྱེད་ཐབས་སུ་འཛིན་པ། ལམ་སྲོལ་འཐུས་ཚང་བཟོ་རྒྱུ་འགན་སྲུང་དུ་བྱེད་པ་བཅས་ཀྱི་བོད་སྐྱོར་ལས་ཀའི་བསམ་གཞི་ཞིག་ཆགས་པ་དང་། “གཅིག་གཉིས་གསུམ་གྱི་དྲོ་སྐྱིད་ལས་གཞིའི ”བོད་སྐྱོར་རྣམ་གྲངས་ལག་བསྟར་ཤུགས་ཆེ་བྱས་ཤིང་། འཆར་གཞི་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3གཏོང་རྒྱུ་ཡིན་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.73མཐུན་སྦྱོར་དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལྔའི་ལྡབ་3.6ཡིན།
(བཞི )ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུས་ནས་ཁྲིམས་ཁང་ལས་ཀ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འཛིན་ཐུབ་པ་བྱས་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིམས་འཛིན་འདྲི་གཅོད་ལས་ཀར་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་ཐོག ཀྲུང་དབྱང་གི་ཇུས་ཆེན་མཛད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་དང་ཁྲིམས་འཛིན་དྲང་གཞག་ནན་པོ་བྱེད་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ནས་མཉམ་འདྲེས་ཁྱབ་སྤེལ་གྱིས་ཏང་གི་དགོངས་པ་དང་འདོད་ཚུལ་དེ་ཁྲིམས་འཛིན་འདྲི་གཅོད་བྱེད་པའི་ཁྱབ་ཁོངས་ནང་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཐུབ་པ་བྱས་ཡོད། 《ལས་ཀའི་དོན་དག་གལ་ཆེ་རིགས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས 》བཟོས་ནས་དོན་འཁྱོལ་ནན་ཏན་བྱས་ཏེ་གལ་ཆེའི་བཀོད་སྒྲིག་དང་། གལ་ཆེའི་ལས་ཀ གལ་ཆེའི་གནད་དོན། གལ་ཆེའི་གྱོད་གཞི་བཅས་དུས་ཐོག་ཏུ་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་ཐུབ་པ་བྱས་ཡོད། གཞི་རིམ་ཁྲིམས་ཁང་གི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། གཞི་རིམ་ཁྲིམས་ཁང་73ཚང་མར་ཏང་ཙུའུ་བཙུགས་པ་དང་། གཞི་རིམ་ཁྲིམས་ཁང་གི་ཏང་ཙུའི་དོན་གྲོས་ལམ་སྲོལ་འཛུགས་རྒྱུར་མཛུབ་ཁྲིད་བྱས་པས་རྩ་འཛུགས་ཐོག་ཏང་གིས་ཁྲིམས་འཛིན་འདྲི་གཅོད་ལས་ཀར་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་འགན་སྲུང་ནུས་ལྡན་ཐུབ་ཡོད། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུས་ཏེ་ཁ་ཕྱོགས་གཏན་འཁེལ་གྱིས་འབྲེལ་གཏུག་དང་། གྲོས་གཞི་གཉེར་སྒྲུབ། འདྲི་ཞིབ་གཟུ་ཉན། དོན་དག་བརྡ་ཁྱབ་གཏོང་བ། ཆ་འཕྲིན་འབུལ་སྐྱེལ་སོགས་བྱེད་པའི་ལམ་ལུགས་བཙུགས་པ་དང་འཐུས་ཚང་བཟོས་ཡོད། ལོ་ལྔའི་རིང་ཁྲིམས་ཁང་ལ་རྟོག་ཞིབ་དང་གྱོད་གཞི་འདྲི་ཞིབ་ལ་གཟུ་ཉན་བྱེད་པར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་མི་ཐེངས་4305གདན་ཞུ་བྱས་པ་དང་། བསམ་འཆར་དང་གྲོས་འཆར་ཁག་39གཉེར་སྒྲུབ་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཁྲིམས་ལྟར་དང་ལེན་ཞུས་ཏེ་ཞིབ་དཔྱོད་ཀྲང་འདྲི་ཞིབ་ཨུ་ལྷན་ལ་ཟུར་ཞུགས་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་པ་དང་། བསྐྱར་གཅོད་ཞུ་གཏུག་གྱོད་གཞི་ཁག་40འདྲི་ཞིབ་མཐའ་འདོམས་བྱས་ཡོད།
འཐུས་མི་རྣམ་པ། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་ཁག་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་སོང་བ་དང་གྲུབ་འབྲས་གསར་པ་ཐོབ་པ་དེ་ནི་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཛུབ་ཁྲིད་ནུས་ལྡན་དང་རྒྱལ་ཡོངས་ཁྲིམས་ཁང་གིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ཤུགས་ཆེ་དང་། སྲིད་གཞུང་དང་སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུ་བཅས་ཡིན། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཚབ་ཞུས་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
ལོ་ལྔའི་ལས་དོན་ལ་ཕྱི་མིག་ལྟ་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ནི་ཁྲིམས་ཁང་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བ་བརྟན་པོ་བཙུགས་ཐོག ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་ཁང་ལས་ཀའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཁྲིམས་འཛིན་འདྲི་གཅོད་ལས་ཀ་དེ་ཏང་དང་རྒྱལ་ཁབ་ཀྱིས་བོད་སྐྱོང་ལས་ཀའི་ཁྱོན་ཡོངས་ནང་བཞག་ནས་བསམ་གཞིགས་དང་། འཆར་འགོད། སྐུལ་སྤེལ་བཅས་བཏང་སྟེ་རང་འགུལ་ཐོག་ཞབས་ཞུ་དང་རང་སྟོབས་ཀྱིས་ཁྲིམས་འཛིན་བྱས་ནས་ཁྲིམས་ཁང་ལས་ཀ་དེ་གོང་འཕེལ་གྱི་དགོས་མཁོ་དང་འཚམ་ཐུབ་པ་བྱེད་དགོས་པ། ངེས་པར་དུ་མི་རྩ་བར་འཛིན་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་ཀའི་བརྒྱུད་རིམ་ཆ་ཚང་ནང་ཁྱབ་པ་བྱས་ཐོག རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ནས་ཁྲིམས་ཁང་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་རྨང་གཞིའི་ཐོག་འཇོག་ཐུབ་པ་བྱེད་དགོས། ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་དུས་བསྟུན་ཡར་རྒྱས་བྱས་ནས་བསྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་ཀྱིས་དྲང་གཞག་ཕྱོད་ཆེ་དང་སྤྱོད་གཙང་གི་ཁྲིམས་འཛིན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་པ། ངེས་པར་དུ “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས ”དར་སྤེལ་ཤུགས་ཆེ་བཏང་སྟེ་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་འབད་འཐབ། འགག་སྒྲོལ་དཀའ་སེལ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དཔུང་ཁག་གི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་དུས་མཚུངས། ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པར། ཁྲིམས་ཁང་ལས་ཀ་དེ་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་འདུན་དང་ད་དུང་ཧེ་བག་ཆེན་པོ་ཡོད་ཅིང་། དེ་ཡང་གཙོ་བོ་ནི་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་གཞི་ཕྱོགས་ཡོངས་དང་གཏིང་ཟབ་ངང་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་། དེ་བས་རང་རྟོགས་དང་གསར་གཏོད་ལྡན་པའི་ངང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས་པ། བསྒྱུར་བཅོས་གོང་འཕེལ་ཁྲོད་ཐོན་པའི་འདྲི་གཅོད་ཀྱི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་གཏིང་ཟབ་པོ་མ་བྱུང་བ་དང་ཐག་གཅོད་བྱེད་ཐབས་མང་པོ་མེད་པ། དཔུང་ཁག་ཧྲིལ་པོའི་བྱང་ཚད་སྔར་བས་གོང་མཐོར་གཏོང་དགོས་པ་དང་། དཔུང་ཁག་ལེགས་སྐྱོང་བྱེད་པའི་ཕུགས་འཕེར་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། ཁྲིམས་ཁང་ལས་བྱེད་པ་དང་ཉེན་རྟོག་པའི་སྤྱོད་ཚུལ་སྔར་བས་ལེགས་བཅོས་བྱེད་དགོས་པ་དང་། ཞབས་ཞུའི་འདུ་ཤེས་དང་། ཞབས་ཞུ་བྱེད་སྟངས། ལས་ཀའི་བྱ་ཐབས་བཅས་ད་དུང་སྤྱི་ཚོགས་གོང་འཕེལ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་དེ་བས་ཉེ་བར་བཅར་དགོས་པ། ཆགས་ཟིན་པའི་ལས་ཀའི་ལམ་སྲོལ་ད་དུང་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན། གནད་དོན་དེ་དག་སླད་ཕྱིན་ལས་ཀའི་ནང་མཐོང་ཆེན་བྱས་ནས་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་དགོས་ཀྱི་ཡོད།
གཉིས། སླད་ཕྱིན་ལས་ཀའི་གྲོས་འཆར།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པ་དང་། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་ཐོག “དྲུག་ལྡན་བོད་ལྗོངས ”བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་བཏོན་ཡོད་པས་ཁྲིམས་འཛིན་འདྲི་གཅོད་ལས་ཀར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཤིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཐོག བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་གཏོད། དུས་བསྟུན་ཡར་རྒྱས་བཅས་བྱས་ནས་ཁྲིམས་ཁང་གི་ལས་དོན་ཁག་ལ་གོང་འཕེལ་གསར་པ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་སྐྲུན་ཐུབ་པ་བྱེད་རྒྱུར་དེ་བས་ནུས་པ་ལྡན་པའི་ཁྲིམས་འཛིན་འགན་སྲུང་བྱེད་དགོས།
གཅིག་ནས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་མཐའ་འཁྱོངས་ཀྱིས་ཁ་ཕྱོགས་བརྟན་འཁྱོངས་དང་ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པའི་ནུས་པ་སྔར་བས་གོང་མཐོར་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ་ལངས་ཕྱོགས་བརྟན་པོ་དང་ཁ་ཕྱོགས་སྟངས་འཛིན་བྱེད་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ཐད་ངོས་འཛིན་གཅིག་གྱུར་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་ཐོག ཪྙོག་འཛིང་ཆེ་བའི་དུས་བབ་ཁྲོད་རིག་པ་དྭངས་གསལ་དང་འགྲིག་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་བྱས་ཏེ་ཁྲིམས་ཁང་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བཟུང་ཐུབ་པ་བྱེད་དགོས།
གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་སྔར་བས་གོང་མཐོར་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ “སྔ་ཙམ་ནས་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ ”བཅས་བྱེད་རྒྱུའི་བླང་བྱ་གཞིར་བཟུང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་མངོན་ཆེར་བཟུང་ཐོག ནུས་འབྲས་མངོན་གསལ་དོད་པའི་འདྲི་གཅོད་ལས་ཀའི་ཐོག་ནས་ཏང་གི་འགོ་ཁྲིད་སྲུང་སྐྱོང་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་དབང་ཆ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་སྲུང་སྐྱོང་། བསྒྱུར་འཕེལ་བརྟན་གསུམ་གྱི་འབྲས་བཟང་སྲུང་སྐྱོང་། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས།
གསུམ་ནས་སྤྱི་ཡོངས་ལ་ཞབས་ཞུ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས “དྲུག་ལྡན་བོད་ལྗོངས ”བསྐྲུན་རྒྱུར་ཞབས་ཞུ་བྱེད་པའི་ནུས་པ་སྔར་བས་གོང་མཐོར་གཏོང་དགོས། འབྱོར་ཕྱུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་ལྡན་པའི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་བསྐྲུན་རྒྱུར་དམ་པོར་དམིགས་ཏེ་བརྗིད་ཆེའི་དམིགས་ཚད་ལ་གཞི་བཅོལ་ནས་ཁྲིམས་འཛིན་གྱི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག་སྒྲིལ ”བྱེད་པར་དམིགས་ནས་རང་སྟོབས་ཀྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་དོན་གཙོ་རྐང་མངོན་ཆེར་བཟུང་ནས་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་ཡོང་བར་དམིཌ་ནས་འདུམ་འགྲིག་སྔོན་འགྲོར་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་བདེ་སྐྱིད་ཡོང་བར་ཤུགས་བརྒྱབ་སྟེ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ཤུགས་ཆེན་བྱེད་པ་བཅས་བྱས་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་དེ་བས་དྲང་གཞག་དང་། ཕྱོད་ཆེ། དབང་གྲཌ་ལྡན་པ་བཅས་ཀྱི་ཁྲིམས་འཛིན་འགན་སྲུང་བྱེད་དགོས།
བཞི་ནས་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་དོ་དམ་ཚད་ལྡན་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་དྲང་གཞག་ཁྲིམས་འཛིན་བྱེད་པའི་ནུས་པ་སྔར་བས་གོང་མཐོར་གཏོང་དགོས། ཏང་འཛུགས་སྐྱོང་བྱེད་པའི་ཚན་རིག་དང་མཐུན་པའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུའི་བླང་བྱ་གསར་པ་གནད་འཕིགས་ཁོང་དུ་ཆུད་པ་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་ལེགས་སྐྱོང་དང་། བྱང་ཚད་མཐོར་གཏོང་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེར་གཏོང་བ། ཉེན་རྟོག་ནན་སྐྱོང་བྱེད་པ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། རྒྱུན་བསྲིང་ལྷོད་མེད་ཀྱིས་ཁྲིམས་ཁང་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་བརྒྱབ་ཐོག་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། འགན་བབ་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། ཁྲིམས་སྒྱུར་དྲང་གཞག་བཅས་ཀྱི་ཁྲིམས་ཁང་དཔུང་ཁག་ཅིག་སྐྱེད་བསྲིང་ཧུར་ཐག་བྱེད་དགོས།
ལྔ་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་རྨང་གཞིའི་ལས་ཀའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་དགོས། ཚངས་ཐིག་གཞི་རིམ་རྨང་གཞིའི་ལས་གཞིའི་འབྲས་བུ་སྔར་བས་སྲ་བརྟན་དང་གོང་འཕེལ་བཏང་སྟེ་གཞི་རིམ་ཁྲིམས་ཁང་གི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཐོག སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་། ཁྲིམས་ཁང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་དང་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་མུ་མཐུད་དམ་འཛིན་བྱས་ཐོག ལེགས་སྒྲུབ་ལམ་ལྷོངས་ཡོང་བ་བྱས་ཏེ་གཞི་རིམ་ལ་མི་རྒྱུ་དངོས་གསུམ་དེ་བས་མང་བ་བཏང་ནས་གཞི་རིམ་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་གསོན་ཤུགས་སྔར་བས་སྐུལ་སློང་བྱེད་པ། གཞི་རིམ་གྱི་དམག་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
འཐུས་མི་རྣམ་པ། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དར་ཆ་མཐོན་པོར་བསྒྲེངས་ཤིང་དད་སེམས་བརྟན་པོར་བཅངས་ནས་གཡོ་འགུལ་མི་གཏོང་བ་དང་། སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ཤིང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་རྒྱུ་ལྷོད་གཡེངས་མི་གཏོང་བ། བསྒྱུར་བཅོས་གསར་གཏོད་བྱས་ཏེ་རྨང་རྩ་གཉིས་བརྟན་ཡོང་རྒྱུར་སྒྱིད་ལུག་མི་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་རྣམ་དག་བསྒྲུབས་པ་བཅས་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣