བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། བྱམས་པ་ཕུན་ཚོགས་ཀྱིས།
ཟླ་1ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།
འཐུས་མི་རྣམ་པ།
ངས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ལ་ལོ་ལྔའི་རིང་གི་ལས་དོན་གཙོ་བོ་སྙན་སྒྲོན་ཞུ་རྒྱུ་མ་ཟད། གོམ་སྟབས་རྗེས་མའི་ལས་ཀར་གྲོས་འཆར་འདོན་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།
འདས་ཟིན་པའི་ལོ་ལྔ་ནི་རང་ལྗོངས་ཀྱི་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཐད་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་པ་དང་གྲུབ་འབྲས་ཆེན་པོ་ཐོབ་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། ཚོགས་ཆེན་བཅོ་བརྒྱད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་ནུས་ལྡན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། ཁྲིམས་ལྟར་འགན་འཁྲི་ནན་སྒྲུབ་བཅས་བྱས་པས་ལས་དོན་ཁག་ལ་གོང་འཕེལ་གསར་པ་བྱུང་བ་དང་གྲུབ་འབྲས་གསར་པ་ཐོབ་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
གཅིག བོད་ཀྱི་དོན་དངོས་ལ་དམིགས་ནས་ས་གནས་ཀྱི་ཁྲིམས་བཟོར་སྐུལ་འདེད་གཏིང་ཟབ་བཏང་ཡོད།
ས་གནས་ཀྱི་ཁྲིམས་བཟོ་ནི་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་འཐབ་ཇུས་ལག་བསྟར་དང་བོད་ལྗོངས་ཁྲིམས་བཞིན་སྐྱོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་ཀ་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་དོན་དངོས་ལ་དམིགས་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་དངོས་ཡོད་ཀྱི་དགོས་མཁོ་དང་འཚམ་པ་བྱས་ནས་ཁྲིམས་བཟོའི་ལས་ཀར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དུས་ཐོག་ཏུ་ཆགས་པ་བྱེད་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་ཚད་མཐུན་བཟོ་རྒྱུ་དང་། དེར་ཁྲིད་སྟོན། འགན་སྲུང་། སྐུལ་འདེད་བཅས་བྱེད་པར་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། ལོ་ལྔའི་རིང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་ཆོད་དོན་ཁག་བཟོས་པ་68ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེའི་ནང་གཏན་འཁེལ་བཟོས་པ་དང་བཟོ་བཅོས་བརྒྱབ་པ་ཁག་56དང་། བེད་མེད་དུ་བཏང་བ་ཁག་4 ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་ཞུས་པའི་ཁྲིམས་སྲོལ་ཁག་7ལ་ཆོག་མཆན་སྤྲད་པ། ཁྲིམས་སྲོལ་གྱི་འཆར་ཟིན་1ལ་གྲོས་ཞིབ་བྱེད་བཞིན་པ་བཅས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྒྲུབ་འགན་སྤྲད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཆར་ཟིན་ཁག་50ལ་བཟོ་བཅོས་ཀྱི་བསམ་འཆར་ཡང་བཏོན་ཡོད།
(གཅིག ) ལག་བསྟར་རང་བཞིན་གྱི་ཁྲིམས་བཟོ་རྒྱུ་གཙོ་གནད་དུ་བཟུང་ཡོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་ཐུབ་རྒྱུར་དམ་ཟབ་དམིགས་ནས་ལག་བསྟར་རང་བཞིན་གྱི་ཁྲིམས་བཟོའི་ལས་ཀ་དམ་འཛིན་ལྷོད་མེད་བྱས་ཡོད། ཚན་རིག་ལག་རྩལ་ཡར་ཐོན་གྱི་བཅའ་ཁྲིམས་དང་། སྡོམ་རྩིས་བཅའ་ཁྲིམས། ལྟ་སྐུལ་བཅའ་ཁྲིམས། ཡིག་ཚགས་བཅའ་ཁྲིམས་སོགས་ལག་བསྟར་བྱ་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཡོམ་ཟོན་གེགས་སེལ་བཅའ་ཁྲིམས་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས། ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས་སོགས་ཀྱི་ལག་བསྟར་བྱ་ཐབས་ལ་དག་བཅོས་བྱས་ཡོད་པས་གོང་ཁྲིམས་དང་མཐུན་སྦྱོར་གཞི་མཚུངས་ཡོང་རྒྱུ་འགན་སྲུང་བྱས་ཡོད། དམངས་འཚོ་དང་འབྲེལ་བ་ཡོད་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་། འགན་བབས་སློབ་གསོའི་བཅའ་ཁྲིམས། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་སོགས་ཀྱི་ལག་བསྟར་བྱ་ཐབས་ཀྱི་འཆར་ཟིན་བཟོས་ཏེ་གྲོས་ཞིབ་ཀྱིས་དུས་ཐོག་ཏུ་འགྲེམས་བསྒྲགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཧུར་ཐག་བྱས་ཡོད། ད་ལྟ་སྤྱོད་མུས་ཀྱི་2007ལོའི་སྔོན་གྱི་ཁྲིམས་སྲོལ་ཁག་75གཅིག་བསྡུས་ཐོག་གཙང་བཤེར་བྱས་པ་དང་། ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་ཡོད། 2011ལོར་སྲིད་འཛིན་གྱི་བཙན་ཤེད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ད་ལྟ་སྤྱོད་མུས་ཀྱི་ཁྲིམས་སྲོལ་ཁག་86གཙང་བཤེར་བྱས་པ་དང་། སྲིད་འཛིན་གྱི་བཙན་ཤེད་བཅའ་ཁྲིམས་དང་གཅིག་མཐུན་མིན་པའི་གཏན་འབེབས་དོན་ཚན་9ལ་བཟོ་བཅོས་བརྒྱབ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་རིགས་ཚན་རིག་དང་མཐུན་ཞིང་ཞི་མཐུན་གཅིག་གྱུར་ཡོང་བའི་འགན་སྲུང་བྱས་ཡོད།
(གཉིས ) རང་བརྟེན་གྱི་ཁྲིམས་བཟོ་རྒྱུར་ཤུགས་བརྒྱབ་ཡོད། རང་སྐྱོང་དབང་ཆ་བེད་སྤྱོད་ཡང་དག་པ་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་རང་བརྟེན་གྱི་ཁྲིམས་བཟོ་རྒྱུར་དོ་སྣང་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་རང་བདག་ཐོག་ས་གནས་དེ་ག་དང་རང་མི་རིགས་ཀྱི་བྱ་བར་དོ་དམ་བྱེད་རྒྱུ་ཁྲིམས་ལྟར་འགན་སྲུང་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། རིག་གནས་ཁྲོམ་ར་དོ་དམ། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ། རྒྱ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས། ལས་བཟོའི་འཐུས་མི་ཚོགས་ཆེན། སྦྲག་ལས། མེ་སྐྱོན་འགོག་ཟོན། ཚད་འཇལ་ཐིག་ལེན་སོགས་ཀྱི་སྲོལ་ཡིག་བཟོས་པའམ་ཡང་ན་དག་བཅོས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་མཐུན་སྦྱོར་ངང་གོང་འཕེལ་རྒྱུན་མཐུད་ཡོང་བར་ཞབས་འདེགས་ཡག་པོ་ཞུས་ཡོད། བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་ཞིག་ཏུ་སྐྲུན་ཆེད་ཡུལ་སྐོར་སྲོལ་ཡིག་བཟོས་ཏེ་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་དང་། གསར་སྤེལ། བེད་སྤྱོད་སོགས་བྱེད་རྒྱུའི་སྐོར་གཏན་འབེབས་བཟོས་ནས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་མགྱོགས་མྱུར་འགྲོ་བར་སྐུལ་འདེད་བཏང་ཡོད། བོད་འདི་ཉིད་རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་བཅད་ཅིག་ཏུ་སྐྲུན་རྒྱུའི་བླང་བྱ་གཞིར་བཟུང་གཤེར་ས་སྲུང་སྐྱོབ་སྲོལ་ཡིག་བཟོས་ཏེ། ཞིབ་ཕྲའི་བྱ་ཐབས་སྤྱོད་ཤུགས་ཆེ་རུ་བཏང་བ་དང་། མཆན་འགོད་གོ་རིམ་ནན་པོ་བཟོས་ཏེ་ས་མཐོའི་འབྱུང་ཁམས་གཤེར་ས་སྲུང་སྐྱོབ་བྱེད་པར་གཞི་འཛིན་སའི་བཅའ་ཁྲིམས་མཁོ་འདོན་བྱས་ཡོད།
(གསུམ )སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་རང་བཞིན་གྱི་ཁྲིམས་བཟོའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། འབྱུང་ཁམས་བཟང་བའི་བོད་ལྗོངས་སྐྲུན་རྒྱུའི་དགོས་མཁོར་དམིགས་ནས་གོང་ཁྲིམས་ཀྱང་མེད་པ་དང་དཔྱད་གཞིར་འཛིན་འཐུས་ཀྱི་ཉམས་མྱོང་མང་པོའང་མེད་པའི་གནས་ཚུལ་འོག་འཚོལ་ཞིབ་ཧུར་ཐག་དང་གསར་གཏོད་བྱེད་ཕོད་པ་བྱས་ནས་གནམ་གཤིས་ཐོན་ཁུངས་ཀྱི་སྲོལ་ཡིག་བཟོས་ཏེ་གནམ་གཤིས་ཐོན་ཁུངས་ལྟ་དཔྱད་ཚད་ལེན་དང་། དཔྱད་གདེང་། ཁུལ་དབྱེ་བཅས་ཀྱི་གཏན་འབེབས་ཞིབ་ཚགས་སུ་བཏང་བ་དང་། གནམ་གཤིས་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་སྲུང་སྐྱོབ་བྱེད་རྒྱུ་ནན་བཤད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་དེ་འབྱུང་ཁམས་ཁོར་ཡུག་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། རང་ལྗོངས་ཀྱི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ཐད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཟུང་འབྲེལ་བྱས་ཏེ་གསར་གཏོད་ཐོག་ནས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག་བཟོས་ཏེ་ཞབས་ཞུ་སྔོན་འགྲོ་དང་དོ་དམ་གཙོར་བཟུང་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱོགས་མི་དབྱེ་འབྱེད་དང་། དེར་ཞབས་ཞུ་དང་དོ་དམ་གྱི་བྱ་ཐབས་སོགས་ཚད་ལྡན་བཟོས་ནས་དུས་བབ་གསར་པའི་འོག་སྤྱི་ཚོགས་ཀྱི་ཞབས་ཞུ་དང་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་རྒྱུར་གཞི་འཛིན་སའི་བཅའ་ཁྲིམས་མཁོ་འདོན་བྱས་ཡོད། མཉམ་སྦྲེལ་དྲ་རྒྱའི་དོ་དམ་ནང་ཐོན་པའི་གནད་དོན་ལ་དམིགས་ཏེ་རྒྱལ་ཡོངས་ཀྱི་སྔོན་ལ་ཁ་པར་དང་མཉམ་སྦྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་བབ་ངོ་མ་ཐོ་འགོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་བཟོས་ཏེ་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་གློག་འཕྲིན་ཁྲོམ་རའི་བྱ་སྤྱོད་ཚད་ལྡན་བཟོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོབ་བྱས་ཡོད།
(བཞི )ཁྲིམས་བཟོའི་སྤུས་ཚད་གོང་མཐོར་ཧུར་ཐག་བཏང་ཡོད། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་གཙོ་དང་ལྡན་པའི་ཁྲིམས་བཟོ་རྒྱུན་འཁྱོངས་བྱས་ནས་བཟོ་འབེབས་བྱས་པའི་ཁྲིམས་སྲོལ་ཐོག་ནས་རྒྱལ་ཁབ་ཧྲིལ་པོའི་ཁེ་ཕན་དང་། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན། འདྲ་མཉམ་དྲང་གཞག་གི་རྩ་དོན་བཅས་གསལ་པོར་མངོན་པ་བྱས་ཡོད། དེའང་གཅིག་ནི་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། བརྟག་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་གཏིང་ཟབ་བྱེད་པ་དང་ཕྱོགས་ཚང་མའི་བསམ་འཆར་ཉན་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་དང་ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི་ནན་ཏན་བཟོས་ཏེ་དམིགས་ཚད་ལས་འགན་དང་། ལས་ཀའི་བླང་བྱ། བྱ་ཐབས་དོན་འཁྱོལ་བྱེད་ཕྱོགས་བཅས་ཁ་གསལ་བཏོན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་རྗེས་དུས་ཐོག་ཏུ་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ལ་ལེགས་སྒྲིག་ཆེ་ཙམ་བྱས་ཏེ་འོས་སྐུལ་འོས་དཔོད་ཀྱི་དོ་དམ་སྲོལ་ཡིག་དང་། སྦྲག་ལས་སྲོལ་ཡིག ཚན་རིག་ལག་རྩལ་ཡར་ཐོན་གྱི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་སོགས་ཁྲིམས་བཟོའི་རྣམ་གྲངས་ཁག་7གསར་སྣོན་བྱས་ཡོད། གཉིས་ནི་བརྟག་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུར་དོ་སྣང་བྱས་ཡོད། ཁྲིམས་མ་བཟོས་གོང་བརྟག་ཞིབ་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ཕྱོགས་འགལ་ཆེ་བའི་གནད་དོན་རིགས་ལ་བརྟག་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་ཡང་ཡང་བྱས་པ་དང་། རིགས་གཅིག་མཁས་དབང་གི་བློ་འདོན་ནུས་པ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ནས་གཅིག་མཐུན་གང་ཐུབ་ཡོང་བ་བྱས་ཡོད། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཀུན་གྱིས་དོ་སྣང་བྱེད་པ་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཁྲིམས་སྲོལ་གྱི་འཆར་ཟིན་རིགས་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞི་རིམ་ཚན་པ། མི་དམངས་མང་ཚོགས་བཅས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་རྒྱུར་དོ་སྣང་བྱས་ཡོད། གསུམ་ནི་གྲོས་ཞིབ་ཀྱི་གོ་རིམ་ཚད་ལྡན་བཟོས་ཡོད། ཁྲིམས་བཟོའི་ལས་ཀའི་ནང་རྒྱུན་ལས་ཨུ་ལྷན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྲིམས་བཟོའི་ལག་རྩལ་ཚད་གཞི་གཏན་ལ་ཕབ་ཐོག་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་སྔ་ཙམ་ཁྲིམས་སྲོལ་འཆར་ཟིན་བཟོ་འགོད་ལས་ཀའི་ནང་ཐེ་ཞུགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀྲུའུ་རེན་ཚོགས་འདུས་ཁྲིམས་བཟོའི་ལས་ཀར་མཐུན་སྦྱོར་བྱས་ཐོག་ཁྲིམས་སྲོལ་འཆར་ཟིན་སྐོར་ལ་ཞིབ་འཇུག་བྱེད་པ། རྒྱུན་ལས་ཨུ་ལྷན་ཚོགས་འདུས་གྲོས་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད། གྲོས་འཆམ་བྱུང་བའི་ཁྲིམས་སྲོལ་ལ་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་ཐེངས་གཉིས་རེ་བྱས་པ་དང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་ཐེངས་གཉིས་ཡན་བྱས་ཡོད།
གཉིས། ཁྲིམས་ལྟར་ལྟ་སྐུལ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་དང་འགན་སྲུང་བྱས་ཡོད།
རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྤྱིའི་ལས་དོན་ལ་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཙོ་དོན་དང་གཙོ་རྐང་དམ་པོར་བཟུང་བ་དང་། ཡོངས་ཁྱབ་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་ལྡན་པའི་གནད་དོན་དམ་འཛིན་བྱས་ཏེ་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་ལྔའི་རིང་རང་སྐྱོང་ལྗོངས་ཀྱི “གཞུང་གཅིག་ཁང་གཉིས ”ཀྱི་ཆེད་དོན་ལས་ཀའི་སྙན་སྒྲོན་ཁག་24དང་། འཆར་གཞི་ལག་བསྟར་བྱས་ཚུལ་དང་། ངེས་རྩིས། སྔོན་རྩིས། རྩིས་བཤེར་བཅས་ཀྱི་སྙན་སྒྲོན་ཁག་25བཅས་ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་21ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་ཞིབ་ཐེངས་5དང་ཆེད་དོན་བརྟག་ཞིབ་ཐེངས་37བཅས་བྱས་ཡོད།
(གཅིག ) བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་ཁྲིམས་བཞིན་སྐྱོང་རྒྱུ་དང་དྲང་གཞག་ཁྲིམས་འཛིན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ཡང་དག་པ་བྱེད་རྒྱུ་ནི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནང་དོན་གལ་ཆེན་ཞིག་ཡིན། ལོ་ལྔའི་རིང་ཕྱུགས་ལས་བཅའ་ཁྲིམས་དང་། འོས་སྐུལ་འོས་དཔོད་བཅའ་ཁྲིམས། རྩིས་བཤེར་བཅའ་ཁྲིམས། གྲོང་གསེབ་ཀྱི་ས་ཆ་འགན་གཙང་བཅའ་ཁྲིམས། རྒན་རྒོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མང་པོ་ཞིག་གི་ཐད་ལ་སྔ་རྗེས་སུ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཚུལ་ཤེས་རྟོགས་བྱས་པ་དང་། ལྷག་བསྡད་པའི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་ལས་ཀར་ཤུགས་སྣོན་དང་ལེགས་བཅོས། སྲིད་འཛིན་གྱི་བྱ་སྤྱོད་ཚད་ལྡན་བཟོ་རྒྱུའི་ཐད་བསམ་འཆར་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སྒྲོན་དུས་བཀག་ནང་ཉན་ལེན་བྱས་ནས་འདྲི་གཅོད་ལས་ཀ་དང་ཞིབ་དཔྱོད་ལས་ཀའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་། “ཁང་གཉིས ”ཀྱིས་ཁྲིམས་ལྟར་འགན་དབང་རང་ཚུགས་ཀྱིས་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། འདྲི་གཅོད་ལས་ཀ་དང་ཞིབ་དཔྱོད་ལས་ཀར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་དང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་སྔ་རྟིང་དུ་བཟོས་ཡོད་པ་མ་ཟད། ལག་བསྟར་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། དྲང་གཞག་སྤྱོད་གཙང་གིས་ཁྲིམས་སྒྱུར་བཅས་བྱེད་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད། ཁྲིམས་ལུགས་ཁྱབ་གདལ་གྱི “ལོ་ལྔ་ཚན་ལྔ་པའི ”རིང་ཁྲིམས་ལྟར་བཅོས་སྐྱོང་བྱས་ཚུལ་གྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ “ལོ་ལྔ་ཚན་ལྔ་པའི ”རིང་ཁྲིམས་ལུགས་ཁྱབ་གདལ་བཏང་ཚུལ་ཐད་བརྟག་ཞིབ་བྱས་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་གྲོས་ཆོད་བཟོས་ཐོག རང་འགུལ་གྱིས་ཁྲིམས་ལུགས་སློབ་སྦྱོང་དང་། ཁྲིམས་ལུགས་ལ་བརྩི་བཀུར། ཁྲིམས་ལུགས་ལ་སྲུང་བརྩི། ཁྲིམས་ལུགས་བེད་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གང་མགྱོགས་ཆགས་པ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཚད་ལྡན་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུའི་སྲོལ་ཡིག་ལག་བསྟར་ཏན་ཏིག་བྱས་ཏེ་སྔ་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་སྙན་འབུལ་ཞུས་པའི་ཚད་ལྡན་ཡིག་ཆ་ཁ་གྲངས 42ལ་སྔ་རྗེས་སུ་སྙན་དཔོད་ཞིབ་བཤེར་བྱས་ཡོད། སྦྱོང་བརྡར་བྱེད་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྙན་དཔོད་ཞིབ་བཤེར་ལས་ཀར་མཛུབ་ཁྲིད་ཀྱང་བྱས་ཡོད།
(གཉིས )ལས་ཀའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། དེའང་གཅིག་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལ་དུས་འབྲིང་གྱི་ཚོད་སྐོར་དང་། དེ་བཞིན་འཆར་འགོད་དང་རྣམ་གྲངས་ཇུས་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུའི་སྙན་སྒྲོན་དང་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ཇུས་གཞིའི་རྣམ་གྲངས་ཁག་226གི་འཕེལ་རིམ་གནས་ཚུལ་གྱི་སྙན་སྒྲོན་ཐད་ཆེད་དོན་བརྟག་ཞིབ་བྱས་པ་མ་ཟད་ཉན་ལེན་དང་གྲོས་ཞིབ་ཀྱང་བྱས་ཡོད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐད་བཟོས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་འབྲེལ་ཡོད་ཕྱོགས་ལ “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ཀྱི་ཐད་སྐུལ་འདེད་བཏང་ནས་བྱེད་སྟངས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག འཕར་ཐབས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་མཛད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུ་འགན་ལེན་བྱས་ཡོད། ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་ནས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་དང་། ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས་དབུལ་པོའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆུ་ཚད་མགྱོགས་པོའི་ངང་མཐོ་རུ་གཏོང་རྒྱུ་དང་དབུལ་ཕོངས་མི་འབོར་གྱི་ཡོང་འབབ་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་གོང་འཕེལ་དང་ཁྲོམ་རའི་དོ་དམ་གནས་ཚུལ་གྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་ནས་རང་ལྗོངས་ཀྱི་རིག་གནས་ཁྲོམ་རའི་དོ་དམ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་། ཁྱད་ལྡན་རིག་གནས་ཐོན་ལས་དང་སྤྱི་པའི་རིག་གནས་ཞབས་ཞུ་ཆ་མཚུངས་ཅན་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། གཉིས་ནས་དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། འཆར་གཞི་དང་། སྔོན་རྩིས། ངེས་རྩིས། རྩིས་བཤེར་བཅས་ཀྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་ཏེ་སྔོན་རྩིས་ཞིབ་བཤེར་ལེགས་སྒྲིག་དང་ངེས་རྩིས་ལ་ཆོག་མཆན་སྤྲད་ཡོད། དུས་བཀག་ནང་དཔལ་འབྱོར་འཁོར་རྒྱུགས་ཀྱི་གནས་ཚུལ་དང་སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་བེད་སྤྱོད་བཏང་ཚུལ་ལ་བརྟག་ཞིབ་དང་དབྱེ་ཞིབ་བྱས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་དཔལ་འབྱོར་འཁོར་རྒྱུགས་ཁྲོད་ཀྱི་འགལ་ཟླ་གཙོ་བོ་དང་འགལ་ཟླ་གཙོ་བོའི་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐག་གཅོད་འོས་འཚམ་བྱས་ཐོག་ནོར་སྲིད་གཏོང་སྒོའི་གྲུབ་ཆ་ཇེ་ལེགས་སུ་བཏང་ནས་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས་པའི་རེ་བ་བཏོན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལས་དོན་དང་། ཚོང་དོན་ལས་དོན། དངུལ་རྩའི་ལས་དོན་སོགས་ཀྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཁྲོམ་རའི་ནང་མཁོ་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བཏང་སྟེ “བརྟན་ཐོག་ཡར་འཕེལ ”གྱི་ལས་ཀའི་རྩ་བའི་དགོངས་གཞི་གཞིར་བཟུང་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། མྱུར་བ། ཆེ་བ་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བའང་བཏོན་ཡོད། གསུམ་ནས་དམངས་འཚོའི་ལས་དོན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད། སྔ་རྗེས་སུ་ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་རྒྱུའི་ལས་དོན་སྙན་སྒྲོན་དང་ཞིང་འབྲེལ་མ་དངུལ་བེད་སྤྱོད་བཏང་ཚུལ་གྱི་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་ཤིང་། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་པ་ཕྱུག་འགྱུར་ཡོང་བ་བཅས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ཞིང་འབྲོག་པའི་བདེ་འཁོད་ལས་གཞི་འཛུགས་སྐྲུན། ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་ལས་རིགས། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་བཟོ་སྣོན་ཞིབ་ཚགས། གྲོང་གསེབ་ཀྱི་ཆུ་གློག་གློག་འདོན་ས་ཚིགས་ཆུང་གྲས་འཛུགས་སྐྲུན་དང་དོ་དམ་བྱས་ཚུལ་བཅས་ཀྱི་ཐད་ཆེད་དོན་བརྟག་ཞིབ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྔར་ལས་ལྷག་པའི་སྒོ་ནས་ཞིང་འབྲེལ་མ་དངུལ་ལ་དོ་དམ་བྱས་ནས་ཁྱད་ལྡན་གཙོ་རྟེན་ཐོན་ལས་སྐྱོང་སྤེལ་བྱེད་རྒྱུར་ཤུགས་སྣོན་དང་། ཞིང་འབྲོག་ལས་རྒྱུན་མཐུད་གོང་འཕེལ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་ཡོད། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་དང་། གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་དོ་དམ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་སྙན་སྒྲོན་ཉན་ལེན་དང་གྲོས་ཞིབ་བྱས་ཤིང་། ཤང་(གྲོང་རྡལ )འཕྲོད་བསྟེན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གནོད་མེད་བཟའ་བཅའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སོགས་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ་འབྲེལ་ཡོད་ཕྱོགས་ཁག་གི་ལས་དོན་ཤུགས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་ནས་དམངས་འཚོའི་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོབ་རྒྱུ་འགན་སྲུང་བྱས་ཡོད། བཞི་ནི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཀྱིས་རྨང་གཞི་བྱེད་པ་དང་། རང་བྱུང་ཆོས་ཉིད་ཚད་གཞིར་བྱེད་པ། རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པའི་རྩ་དོན་བཅས་རྒྱུན་ཁྱོངས་བྱས་ཏེ་ལོ་ལྟར་སྤེལ་བའི “ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དུས་རབས་ཀྱི་ལས་སྒོ་བོད་དུ་སྤེལ་བའི་བྱེད་སྒོ ”ཞེས་པའི་དྲིལ་བསྒྲགས་སློབ་གསོ་དེ “དྲིལ་བསྒྲགས་སློབ་གསོའི་རྣམ་པ ”ནས་“ལྟ་སྐུལ་ཞིབ་བཤེར་རྣམ་པར ”སྒྱུར་བ་དང་། གཙོ་གནད་ལས་གྲྭ་དང་། འགྲིམ་འགྲུལ་མ་ལམ། ཡུལ་སྐོར་མཛེས་ལྗོངས་ཁུལ (གནས ) གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། འབྲེལ་ཡོད་ཀྱི་ས་གནས་དང་སྡེ་ཚན་ལ་དཔལ་འབྱོར་གོང་འཕེལ་དང་ཁོར་ཡུག་སྲུང་སྐྱོབ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་རྒྱུའི་སྐུལ་འདེད་བཏང་སྟེ་དུས་བཀག་ནང་བཅོས་སྒྲིག་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་རིགས་ལེགས་བཅོས་ཀྱིས་འབྱུང་འཕྲོད་གོང་འཕེལ་དང་། རྒྱུན་འཁོར་གོང་འཕེལ། ཐཱན་ཉུང་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཤུགས་བརྒྱབ་ཡོད། (གསུམ )ལྟ་སྐུལ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་བཏང་ཡོད། གྲོས་ཞིབ་ཀྱི་སྙན་སྒྲོན་ཉན་པ་དང་། ཁྲིམས་སྒྱུར་ཞིབ་བཤེར་བྱེད་པ། ཆེད་དོན་བརྟག་ཞིབ་སྤེལ་བ། འཐུས་མི་སྒྲིག་འཛུགས་ཀྱིས་རྟོག་ཞིབ་བྱེད་རྒྱུ་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་བེད་སྤྱོད་བཏང་ནས་རང་སྐྱོང་ལྗོངས་ཀྱི “གཞུང་གཅིག་ཁང་གཉིས ”ཀྱི་ལས་ཀར་ལྟ་སྐུལ་བྱས་ཡོད། གཅིག་ནི་གྲོས་ཞིབ་ཀྱི་སྙན་སྒྲོན་ཉན་རྒྱུ་དང་། བརྟག་ཞིབ་བྱེད་རྒྱུ། ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་བཅས་ཟུང་འབྲེལ་བྱས་ཡོད། སྙན་སྒྲོན་ལ་གྲོས་ཞིབ་མ་བྱས་གོང་དམིགས་ས་ཡོད་པའི་ཐོག་ནས་ཆེད་དོན་བརྟག་ཞིབ་བམ་ཡང་ན་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་ཕྱོགས་ཡོངས་ནས་གནས་ཚུལ་ཤེས་རྟོགས་དང་གནད་དོན་ལྷག་ས་གང་ཡིན་གསལ་རྟོགས་ཐུབ་པ་བྱས་ཡོད་པས་གྲོས་ཞིབ་ལ་དེ་བས་དམིགས་ས་ཡོད་པ་དང་། བཏོན་པའི་བསམ་འཆར་དང་གྲོས་འཆར་དེ་བས་དོན་དངོས་དང་མཐུན་པ་བྱུང་ཡོད། གཉིས་ནི་ཆེད་དོན་འདྲི་ཞིབ་བྱས་པ། 2011ལོ་ནས་འགོ་བརྩམས་ཏེ་ཆེད་དོན་འདྲི་ཞིབ་བྱེད་སྒོ་སྤེལ་བ་ནས་བཟུང་། སྔ་རྗེས་སུ་ནོར་སྲིད་དང་། ཚན་རྩལ། ཁེ་ལས་འབྲིང་ཆུང་གོང་འཕེལ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་བཅས་ཀྱི་ཐད་ཆེད་དོན་འདྲི་ཞིབ་བྱེད་སྒོ་སྤེལ་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་། འབྲེལ་ཡོད་ཆེད་དོན་ཨུ་ལྷན། ལས་དོན་ཨུ་ལྷན་བཅས་ཀྱིས་བརྟག་ཞིབ་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱེད་པ་དང་། སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་གཞོགས་འདེགས་ཧུར་ཐག་བྱེད་པ། གཙོ་འགན་འཁུར་མཁན་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་ཉན་པ་དང་འདྲི་བར་ལན་འདེབས་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་དང་སྲིད་གཞུང་དབར་དགེ་མཚན་ལྡན་པའི་མཉམ་འགུལ་བྱས་པ་དང་ཐུན་མོང་ཐོག་འབྲེལ་ཡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། གསུམ་ནི་མཇུག་འདེད་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་ལེགས་བཅོས་དང་དོན་འཁྱོལ་བྱས་ཚུལ་ལ་མཇུག་འདེད་ཞིབ་བཤེར་མཐར་ཕྱིན་པ་བྱས་ནས་དངོས་ཕན་ཐོན་ཐུབ་པ་བྱས་ཡོད། 2010ལོར་འོས་སྐུལ་འོས་དཔོད་བཅའ་ཁྲིམས་དང་རྩིས་བཤེར་བཅའ་ཁྲིམས་སྐོར་ལ་ཁྲིམས་སྒྱུར་ཞིབ་བཤེར་དང་མཇུག་འདེད་ཕན་འདྲིའི་བྱེད་སྒོ་སྤེལ་ཏེ་ལེགས་བཅོས་དོན་འཁྱོལ་ལ་སྐུལ་འདེད་དང་ཞིབ་བཤེར་བྱས་འབྲས་སྲ་བརྟན་དུ་བཏང་ཡོད། རང་སྐྱོང་ལྗོངས་ཀྱི “གཞུང་གཅིག་ཁང་གཉིས ”ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་གྲོས་ཞིབ་བསམ་འཆར་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་ཐོག་ཏུ་ལེགས་བཅོས་བྱེད་ཐབས་ཞིབ་འཇུག་དང་། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་པས་གནད་དོན་མང་ཆེ་བ་ཐག་གཅོད་ཐུབ་ཡོད་ཅིང་། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་མི་དམངས་འཐུས་ཚོགས་དང་“གཞུང་གཅིག་ཁང་གཉིས ”ཀྱི་འགན་འཁྲི་ཁག་བགོས་དང་། བློ་ཁ་གཅིག་མཐུན། གོམས་སྟབས་གཅིག་འགྱུར་བཅས་བྱུང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་ལས་ཀའི་གནས་བབ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།
གསུམ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཤུགས་བརྒྱབ་ཡོད།
རྒྱུན་ལས་ཨུ་ལྷན་གྱིས 《ཀྲུང་གུང་ཀྲུང་དབྱང་གིས 〈རྒྱལ་ཡོངས་མི་དམངས་འཐུས་ཚོགས་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་བསམ་འཆར་འགའ་ཞིག 〉བརྒྱུད་སྤྲོད་བྱེད་པའི་བརྡ་ཐོ 》(ཀྲུང་སྤེལ [2005]ཡིག་ཨང་9པའི )དགོངས་དོན་དང་འཐུས་མིའི་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཐུས་མིའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་འཐུས་མིའི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་བྱུང་ཡོད། ལོ་ལྔའི་རིང་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་མིའི་ཐེངས་གྲངས་1382ལ་དུས་ཁག་18ནང་སྦྱོང་བརྡར་སྤྲས་པ་དང་། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་གྱི་ཚོགས་འདུར་འཐུས་མིའི་མིའི་ཐེངས་གྲངས་400ལྷག་ཙམ་གདན་ཞུ་བྱས་ནས་ཆེད་དོན་བརྟག་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། གཟིགས་ཞིབ་བཅས་བྱེད་པའི་ནང་མིའི་ཐེངས་གྲངས་330ལྷག་ཙམ་ཞུགས་པ། འཐུས་མིའི་གྲོས་གཞི་དང་། གྲོས་འཆར། སྐྱོན་བརྗོད། བསམ་འཆར་བཅས་ཁག་1580གཉེར་སྒྲུབ་བྱས་ཡོད།
(གཅིག ) འཐུས་མིས་ཁྲིམས་ལྟར་ལས་འགན་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་པ། འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ལ་གྲོས་ཞིབ་བྱས་པར་གྲོས་འཆམ་བྱུང་བ་དང་། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྦྱོང་བརྡར་ལམ་ལུགས་དང་། གཟིགས་ཞིབ་ལམ་ལུགས། ཆེད་དོན་བརྟག་ཞིབ་ལམ་ལུགས་བཅས་ཞིབ་འཇུག་བྱས་ནས་གཏན་འཁེལ་བཟོས་པ། འཐུས་མིས་འགན་འཁྲི་སྒྲུབ་པའི་འགན་སྲུང་ལམ་སྲོལ་འཛུགས་རྒྱུའི་བསམ་འཆར་བཏོན་པ་བཅས་བྱས་ཡོད། བོད་ལ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཐོག་མའི་བསྐོ་བཞག་གི་སྦྱོང་བརྡར་སྤྲས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གཉེར་བའི་ཆེད་དོན་སློབ་སྦྱོང་དང་། གཟིགས་ཞིབ། བརྟག་ཞིབ་བཅས་ནང་ཞུགས་ཡོད། ལོ་ལྔ་བསྟུད་མར་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། དེ་བཞིན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་བཅས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་ཡོད། 2011ལོ་དང་2012ལོར་གཞི་རིམ་ཞིང་འབྲོག་པའི་འཐུས་མི་80སྒྲིག་འཛུགས་བྱས་ནས་ཧུའུ་ནན་དང་། ཀོང་ཞིའི། པེ་ཅིང་། ནང་སོག་སོགས་སུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་བསྐྱོད་དེ་མཐོང་རྒྱ་ཆེ་རུ་བཏང་བ་དང་། ཉམས་མྱོང་ལ་སློབ་སྦྱོང་བྱས་པར་བརྟེན་སྔར་ལས་ལྷག་པའི་སྒོ་ནས་རླབས་ཆེན་མེས་རྒྱལ་ལ་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་མོས་སེམས། ཀྲུང་ཧྭ་ཡི་རིག་གནས་ལ་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་མོས་སེམས་བྱེད་རྒྱུ་བཅས་ཆེ་རུ་སོང་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིའི་ཐེངས་གྲངས་12065ལ་སྦྱོང་བརྡར་སྤྲོས་པར་མཛུབ་ཁྲིད་བྱས་པས་འཐུས་མིའི་ལས་འགན་སྒྲུབ་པའི་ནུས་པ་ནུས་ལྡན་ངང་གོང་མཐོར་སོང་ཡོད། དུས་བཀག་ནང་རྒྱུན་ལས་ཨུ་ལྷན་གྱི་སྤྱི་བསྒྲགས་དང་འབྲེལ་ཡོད་ལས་ཀའི་དཔྱད་ཡིག་འབུལ་སྐྱེལ་བྱས་ཏེ་འཐུས་མིས་གནས་ཚུལ་དང་སྲིད་དོན་ཤེས་རྟོགས་བྱེད་རྒྱུར་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད། 2011ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་མཐུན་སྦྱོར་བྱས་ནས་འཐུས་མིའི་བྱེད་སྒོའི་འགྲོ་གྲོན་གྱི་ཚད་གཞི་དང་གཏན་འཇགས་ཀྱི་ཡོང་སྒོ་མེད་པའི་འཐུས་མིའི་ལས་ཐེབས་ཆག་པའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ཡོད་པས་འཐུས་མིས་ལས་འགན་དེ་བས་ཡག་པ་བསྒྲུབ་རྒྱུར་ཆ་རྐྱེན་སྐྲུན་ཡོད།
(གཉིས ) ཚོགས་འདུ་གྲོལ་རིང་འཐུས་མིའི་བྱེད་སྒོ་ནན་ཏན་གྱིས་སྤེལ་ཡོད། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་གྱི་ཚོགས་འདུའི་ནང་འཐུས་མི་ཞུགས་རྒྱུ་དེ་རིམ་བཞིན་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་ཏེ་ཁྲིམས་བཟོའི་བརྟག་ཞིབ་དང་ཁྲིམས་སྒྱུར་ཞིབ་བཤེར་སོགས་ཀྱི་བྱེད་སྒོར་ཐེ་ཞུགས་བྱེད་པའི་འཐུས་མིའི་གྲངས་འབོར་ལོ་རེ་བཞིན་འཕར་སྣོན་བྱུང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དམངས་གཙོའི་རྨང་གཞི་སྔར་བས་རྒྱ་ཆེར་སོང་ཡོད། འཐུས་མིས་འདེམས་བསྐོའི་ཚན་པ་དང་འདེམས་དམངས་ལ་འབྲེལ་གཏུག་བྱེད་རྒྱུའི་ལམ་ལུགས་དོན་འཁྱོལ་བྱས་ནས “འཐུས་མིའི་ཁྱིམ་དུད་གཏོད་རྒྱུའི་བྱེད་སྒོར་མཛུབ་ཁྲིད་བྱས་པས་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་སོང་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་འཐུས་མིའི་མིང་ཐོག་ནས་དེ་སྔའི་འདེམས་བསྐོའི་ཚན་པར་བརྟག་ཞིབ་ཏུ་སྐྱོད་དེ་མང་ཚོགས་ཀྱི་རེ་ཞུ་ཤེས་རྟོགས་བྱས་པ་དང་ངོ་གཏུག་གདོང་འཕྲད་ཀྱི་ལྟ་སྐུལ་དང་ལེན་བྱས་ཐོགདཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་དཀའ་གནད་དང་གནད་དོན་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱས་ཡོད། འཐུས་མི་སྒྲིག་འཛུགས་བྱས་ཏེ་གཟིགས་ཞིབ་དང་བརྟག་ཞིབ་བྱེད་སྒོ་གཙོ་གནད་དུ་བཟུང་ནས་སྤེལ་ཞིང་། སྔ་རྗེས་སུ་བོད་ལ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ས་ཁོངས་དཔལ་འབྱོར་གོང་འཕེལ་དང་། གཙོ་ཆེའི་རྣམ་གྲངས་འཛུགས་སྐྲུན། ཞིང་ཁའི་ཆུ་བེད་འཛུགས་སྐྲུན། དམངས་འཚོ་འགན་སྲུང་། གནོད་འཚེ་ཕོག་རྗེས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རྒྱུ་སོགས་ཀྱི་ཐད་གཟིགས་ཞིབ་དང་བརྟག་ཞིབ་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་ཏེ་དམིགས་ས་ཡོད་པའི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་བསམ་འཆར་དང་གྲོས་འཆར་ཡང་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་ལས་གཉེར་གནས་ཚུལ་ཐད་གཟིགས་ཞིབ་བྱས་པ་དང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་པ་སོགས་ཀྱི་ཉམས་གསོ་སྲུང་སྐྱོབ་ལས་དོན་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་དོ་དམ་ལས་དོན་ཐད་གཟིགས་ཞིབ་དང་བརྟག་ཞིབ་བྱས་པ། རང་སྐྱོང་ལྗོངས་ཀྱི་རིམ་གསུམ་ཁྲིམས་ཁང་དང་། མཐོ་རིམ་སློབ་ཆེར་རྒྱུགས་སྤྲོད་བསྡུ་འཇུག་ལས་དོན། ལྷ་གོང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན། ལས་གྲྭའི་འོས་སྐུལ་འོས་དཔོད་སོགས་ཐད་ལ་ཆེད་དོན་གཟིགས་ཞིབ་བྱས་ནས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་ལེགས་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། གཞན་ཡང་མི་དམངས་འཐུས་ཚོགས་ས་གནས་ཁག་གི་ལས་དོན་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྱང་འཐུས་མི་མིའི་ཐེངས་3913སྒྲིག་འཛུགས་བྱས་ནས་གཟིགས་ཞིབ་དང་བརྟག་ཞིབ་དུས་ཐེངས་201བྱས་ནས་གནད་དོན་འཚོལ་བ་དང་། གྲོས་འཆར་འདོན་པ། སྒྲུབ་སྐུལ་དམ་འཛིན་བཅས་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
(གསུམ ) འཐུས་མིའི་གྲོས་འཆར་གཉེར་སྒྲུབ་ཏན་ཏིག་བྱས་ཡོད། གཅིག་གྱུར་མཐུན་སྦྱོར་དང་རིགས་དབྱེ་མཛུབ་ཁྲིད་བྱེད་རྒྱུ་ཟུང་འབྲེལ་དང་། ལས་འགན་ཁག་བགོས་དང་བླང་བྱ་ཁ་གསལ་འདོན་རྒྱུ་ཟུང་འབྲེལ། ཕྱོགས་ཡོངས་ནས་སྒྲུབ་སྐུལ་དང་གཙོ་གནད་ཐོག་སྒྲུབ་སྐུལ་བྱེད་རྒྱུ་ཟུང་འབྲེལ། དུས་བཀག་ནང་ལན་འདེབས་དང་ཕན་འབྲས་ལ་དོ་སྣང་བྱེད་རྒྱུ་ཟུང་འབྲེལ་བཅས་རྒྱུན་འཁྱོངས་བྱས་ཡོད། ལོ་ལྟར་འཐུས་མི་ཚོགས་ཆེན་མཇུག་འགྲིལ་རྗེས་རྒྱུན་ལས་ཨུ་ལྷན་གྱིས་དུས་ཐོག་ཏུ་འཐུས་མིའི་གྲོས་འཆར་སྒྲུབ་རྒྱུ་རྩིས་སྤྲོད་བྱེད་པའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་གཅིག་གྱུར་ཐོག་འཐུས་མིའི་གྲོས་འཆར་སྒྲུབ་རྒྱུ་རྩིས་སྤྲོད་བྱས་པ་མ་ཟད། དུས་བཀག་གིས་གྲོས་གཞིའི་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་གྱི་སྙན་སྒྲོན་ཡང་ཉན་ཡོད། 2009ལོ་ནས་2011ལོ་བར་ཁག་སོ་སོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུཌ་བྱས་ནས་སྡེ་ཚན་དང་། ས་གནས། གྲོང་ཁྱེར། རྫོང་བཅས་སུ་ཟབ་འཇུག་བྱས་ཏེ་རྒྱལ་ཇུས་དམངས་འཚོ་སོགས་དང་འབྲེལ་བ་ཡོད་པའི་གཙོ་ཆེའི་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་ལ་གཙོ་གནད་དུ་གཟིགས་ཞིབ་བྱས་ཏེ་གཉེར་སྒྲུབ་ལས་ཀ་དོན་འཁྱོལ་དང་གཉེར་སྒྲུབ་སྤུས་ཚད་གོང་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། 2012ལོར་འཐུས་མིའི་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་ལ་གཅིག་བསྡུས་ཞིབ་བཤེར་བྱེད་རྒྱུའི་བྱེད་སྒོ་དེ་རྒྱལ་ཡོངས་ཀྱི་སྔོན་ལ་སྤེལ་ཡོད་པ་དང་། སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ནས་ཐེངས་བཞི་པའི་བར་འཐུས་མིས་བཏོན་པའི་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་ལ “ཕྱིར་བལྟས ”བྱས་ནས་སྒྲུབ་འགན་འཁུར་མཁན་ཚན་པས་ལོ་3ནང་འཐུས་མིའི་གྲོས་འཆར་ཁག་574ཐག་གཅོད་ཐུབ་པ་བྱེད་རྒྱུའི་ཁས་ལེན་བྱས་པར་རང་བཤེར་བྱེད་རྒྱུའི་མཛུབ་ཁྲིད་བྱས་ཡོད། དེའི་ནང་གྲོས་འཆར་ཁག་40ལ་ཞིབ་བཤེར་ཚོགས་ཆུང་ཁག་གཉིས་བཟོས་ནས་གཙོ་གནད་དུ་ཞིབ་བཤེར་བྱས་པ་དང་། སྒྲུབ་འགན་འཁུར་མཁན་ཚན་པ་དང་དེ་བཞིན་གྲོས་འཆར་འདོན་མཁན་འཐུས་མིའི་བསམ་འཆར་ཉན་པ་མ་ཟད། ས་ཡུལ་དངོས་ལ་གཉེར་སྒྲུབ་བྱས་ཚུལ་ཐད་ལྟ་ཞིབ་བཅས་བྱས་ནས་འབྲེལ་ཡོད་ལས་དོན་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱི་ངོས་འཛིན་ལྟར་ན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་འཐུས་མིའི་གྲོས་འཆར་གཉེར་སྒྲུབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ལས་འགན་དབྱེ་གསེས་དོ་ནན། འགན་འཁྲིའི་གཙོ་རྐང་ཁ་གསལ། ལས་རིམ་ཚད་ལྡན། སྐུལ་འདེད་ལ་ཤུགས་སྣོན་བཅས་བྱས་ནས་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་ལ་དུས་ཐོག་ཏུ་གཉེར་སྒྲུབ་བྱེད་དུ་བཅུག་པ་མ་ཟད་འཐུས་མིར་ལན་འདེབས་བྱེད་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ཡོད་པས། འཐུས་མིས་གྲོས་གཞི་དང་གྲོས་འཆར་གཉེར་སྒྲུབ་བྱས་འབྲས་ལ་བློ་མོས་སམ་རྩ་བའི་ཆ་ནས་བློ་མོས་བྱེད་ཚད་90%ཡན་ཟིན་ཡོད།
བཞི། སྐབས་བརྗེའི་འདེམས་བསྐོ་ཡག་པོ་བྱས་ཏེ་མི་དམངས་ཀྱི་རང་ཁྱིམ་རང་བདག་ཡོང་བ་བྱེད་རྒྱུ་འགན་སྲུང་བྱས་ཡོད།
མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དེ་ས་གནས་ཀྱི་རྒྱལ་ཁབ་སྲིད་དབང་འཛུགས་སྐྱོང་དང་འབྲེལ་བ་ཡོད། གསར་དུ་བཟོས་བཅོས་བྱས་པའི་འདེམས་བསྐོའི་བཅའ་ཁྲིམས་དང་དེའི་ལག་བསྟར་ཞིབ་སྲོལ་གཞིར་བཟུང་ན་ནིང་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དངགྲོང་གསེབ་ཀྱི་མི་འབོར་གཅིག་མཚུངས་ཀྱི་བསྡུར་ཚད་ལྟར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་ཐེངས་དང་པོ་བྱས་ཡོད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ཡག་པོ་ཡོང་ཆེད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་བཙུགས་ཏེ་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་སྐབས་བརྗེའི་འདེམས་བསྐོའི་དུས་ཚོད་དང་རྫོང་ཁག་གི་འཐུས་མིའི་མིང་སྐལ་བགོ་བཤའི་གཏན་འབེབས་བཟོས་པའི་ཁར། སྦྱོང་བརྡར་ཚོགས་འདུ་དང་འདེམས་བསྐོའི་བཅའ་ཁྲིམས་ཀྱི་ཆེད་དོན་འཆད་འཁྲིད་ཀྱང་གཉེར་ཡོད། དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་སྐབས་བརྗེའི་འདེམས་བསྐོའི་བོད་རྒྱ་ཡིག་རིགས་གཉིས་ལས་གྲུབ་པའི་དྲིལ་བསྒྲགས་དཔྱད་ཡིག་དེབ་གྲངས་ཁྲི་5ལྷག་ཙམ་པར་འགྲེམས་བྱས་པ་དང་། སྨྱན་སྦྱོར་ཡོ་བྱད་དང་སྐབས་བརྗེའི་འདེམས་བསྐོའི་བློ་འདྲི་བྱེད་གནས་བཙུགས་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཆབ་སྲིད་ཀྱི་སྤྲོ་སེམས་སྲུང་སྐྱོང་དང་། ཁྲིད་སྟོན། འདོན་སྤེལ་བཅས་ཡག་པོ་བྱས་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས། ཁྲིམས་བཞིན་ལས་དོན་ནན་སྒྲུབ་བཅས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་བརྟག་ཞིབ་ཚོགས་ཆུང་ཁག་11བཟོས་ནས་གནས་ཚུལ་ཤེས་རྟོགས་དང་། ཧེ་བག་ཡོ་བསྲང་། ཉམས་མྱོང་ཕྱོགས་བསྡོམས། གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་བཅས་བྱས་ཏེ་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱས་ཡོད། ན་ནིང་ཟླ་8པའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མིའི་འདེམས་བསྐོའི་ལས་དོན་སྤེལ་འགོ་བཙུགས་རྗེས། རྒྱུན་ལས་ཨུ་ལྷན་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་བྱེད་སྟངས་དཔྱད་གཞིར་བཟུང་ནས་འཐུས་མིའི་འདེམས་བསྐོའི་མིང་སྐལ་བགོ་བཤའ་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་བཟོས་ཏེ་ཚན་པ་ཁག་གི་འཐུས་མིའི་མིང་སྐལ་བགོ་བཤའི་ཇུས་གཞིར་ཞིབ་དཔྱད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྩ་འཛུགས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ལྗོངས་ཐད་གཏོགས་ཀྱི་འཐུས་མིའི་འོས་མིའི་མིང་བཏོན་ནས་ཁྲིམས་བཞིན་འདེམས་བསྐོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། 2013ལོའི་ཟླ་དང་པོའི་ཟླ་སྟོད་བར་ལྗོངས་ཡོངས་ཀྱི་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐབས་བརྗེའི་འདེམས་བསྐོ་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་ནས་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་འདེམས་དམངས་ཐོ་འགོད་བྱེད་ཚད་97%ཡན་དང་འདེམས་བསྐོར་ཞུགས་ཚད་94%ཡན་ཟིན་ཡོད་པས་སྐབས་གསར་པའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34244བདམས་ཐོན་བྱུང་བ་དང་། ཁྲིམས་བཞིན་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་གྲངས་5400ལྷག་ཙམ་བདམས་ཐོན་བྱུང་ཡོད། ཐེངས་འདིའི་སྐབས་བརྗེའི་འདེམས་བསྐོ་བྱས་པ་བརྒྱུད་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷག་པར་དུ་འཐབ་ས་དང་པོའི་བཟོ་པ་དང་། ཞིང་འབྲོག་མང་ཚོགས། ཆེད་ལས་ལག་རྩལ་མི་སྣ་བཅས་ཀྱི་འཐུས་མིའི་བསྡུར་ཚད་མཐོ་རུ་ཕྱིན་པ་དང་། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འཐུས་མིའི་བསྡུར་ཚད་དམའ་རུ་ཕྱིན་པ། བུད་མེད་འཐུས་མིའི་བསྡུར་ཚད་དེ་སྐབས་གོང་མ་ལས་ཅུང་མཐོ་རུ་ཕྱིན་ཡོད་པས་མི་དམངས་འཐུས་ཚོགས་ལ་ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པ་གང་ལེགས་མཚོན་ཡོད།
ཁྲིམས་བཞིན་མི་དོན་བསྐོ་འཐེན་བྱེད་རྒྱུ་ནི་དམངས་གཙོའི་ཆབ་སྲིད་ལེགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན། རྒྱུན་ལས་ཨུ་ལྷན་ནས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་ཁྲིམས་བཞིན་བསྐོ་འཐེན་དབང་ཆ་སྤྱོད་རྒྱུ་གཅིག་འགྱུར་དང་། ཏང་ལ་འགན་འཁུར་དང་མི་དམངས་ལ་འགན་འཁུར་གཅིག་གྱུར་ཡོང་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཨུད་ལ་གྲོས་འཆར་འདོན་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་གྲོས་བསྡུར་བྱེད་རྒྱུར་འབུལ་བ། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་དམ་སྲུང་བྱེད་པ། ཀྲུའུ་རེན་ཚོགས་འདུས་ཞིབ་བཤེར་བྱེད་པ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་པ་བཅས་ཀྱི་བསྐོ་འཐེན་གོ་རིམ་ལག་བསྟར་ནན་པོ་བྱས་པ་དང་། མི་དོན་བསྐོ་འཐེན་ལས་དོན་དམངས་གཙོ་ཅན་དང་། ཁྲིམས་ལུགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ལྗོངས་ཏང་ཨུད་ཀྱི་མི་དོན་བསྐོ་འཐེན་གྱི་བསམ་གཞི་མངོན་གྱུར་བྱུང་ཡོད། ལོ་ལྔའི་རིང་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས “གཞུང་གཅིག་ཁང་གཉིས ”དང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་ཐེངས་1013འདེམས་བསྐོ་དང་བསྐོ་འཐེན་བྱས་ཏེ་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུར་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད།
ལྔ། མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ།
རྒྱུན་ལས་ཨུ་ལྷན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ཛ་དྲག་གི་མདུན་དུ་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་མཛད་ཕྱོགས་གནད་ལ་འཁེལ་པོའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་གྱི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱས་ཡོད།
(གཅིག )བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཡོད། ལྗོངས་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཁྲིམས་བཟོ་དང་། ལྟ་སྐུལ། གཏན་འབེབས་སོགས་འགན་ནུས་ལག་བསྟར་བྱེད་པའི་གལ་ཆེའི་ནང་དོན་ལ་རྩིས་ཡོད། ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་དོན་རྐྱེན་ཐོན་རྗེས་རྒྱུན་ལས་ཨུ་ལྷན་གྱིས་འཕྲལ་མར 《ཏཱ་ལའི་རུ་ཚོགས་ཀྱིས་ངན་ཇུས་བཤམས་པ་དང་ངན་སྐུལ་བྱེད་པའི་ཁ་ཕྲལ་རིང་ལུགས་པ་ཆེས་ཉུང་ཤས་ཀྱིས་རྡུང་གཅོག་འཕྲོག་སྲེག་གི་སྡིག་ཉེས་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བསྒྲགས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད 》གཏན་འཁེལ་བཟོས་པ་དང་། སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག 《བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས 》བཟོས་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཁྲིམས་ལུགས་ཐོག་ནས་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི “གཞུང་གཅིག་ཁང་གཉིས ”ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་ལྟ་སྐུལ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འཆར་འགོད་སྐོར་ལ་དུས་འགོའི་ཆེད་དོན་བརྟག་ཞིབ་དང་། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཐད་ཁྲིམས་སྒྱུར་ཞིབ་བཤེར། བཙོན་ཁང་གི་བཅའ་ཁྲིམས་ཐད་ཁྲིམས་སྒྱུར་བརྟག་ཞིབ། དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུའི་ཐད་ཆེད་དོན་བརྟག་ཞིབ་བཅས་བྱས་ནས་ཞི་མཐུན་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་བཅས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་མངག་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་གཅིག་ལ་ལྟ་ཞིབ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་དམ་འཛིན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཕྱོགས་མཚུངས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་། ཆེད་དོན་བཅར་འདྲི་དང་ལེན་ཞུས་ཏེ་ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་གྱི་གནས་ཚུལ་ངོ་མ་ཐེར་འདོན་གཏིང་ཟབ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ལ་རྒྱབ་གཏོད་དང་། བོད་ཕུངས་ཆོས་དཀྲུག རང་བཙན་ལྐོག་གཤོམས་བཅས་བྱེད་པའི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གླེང་ཕྱོགས་དྲིལ་བསྒྲགས་ལ་གཞོགས་འདེགས་ནུས་ལྡན་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་30འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་སོགས་ཀྱི་དྲན་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་འགྲེམས་སྤེལ། བཪྙན་འཕྲིན་ཆེད་དོན་པར་གཞི 《མི་དམངས་ཀྱི་བོད་ལྗོངས་གསར་པ 》ཞེས་པ་བཟོ་སྒྲིག་འགྲེམས་སྤེལ་བཅས་བྱས་ནས་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གསོན་ཉམས་ལྡན་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
(གཉིས )སྤྱི་ཚོགས་དོ་དམ་དང་གསར་གཏོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སྲིད་ཁྲིམས་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུ་དེ་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱབ་ལྗོངས་ཆེན་པོའི་འོག་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་དོ་དམ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཡོད། གྲོང་ཁྱེར་སྡེ་ཁུལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ནས་སྡེ་ཁུལ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་གྲོང་ཁྱེར་སྡེ་ཁུལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཡོད། ཕྱོགས་མིའི་ཞབས་ཞུའི་དོ་དམ་སྲོལ་ཡིག་ཐད་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་ཞབས་ཞུའི་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུ་དང་། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་དོ་དམ་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ། སྣ་མང་རེ་ཞུར་ལན་འདེབས་བྱེད་རྒྱུ། སྣ་མང་ཞབས་ཞུ་བྱེད་རྒྱུ་བཅས་ཀྱི་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་དོ་དམ་གསར་གཏོད་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་མི་རིགས་ལས་དོན་སྤེལ་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་ནས་དུས་བབ་གསར་པའི་འོག་གི་གྲོང་ཁྱེར་གྱི་མི་རིགས་ལས་དོན་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིང་བཟུང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཐོན་པའི་འགལ་ཟླ་དང་གནད་དོན་ལ་ཚད་མཐོའི་དོ་ཁུར་བྱས་ཏེ་མི་དམངས་མང་ཚོགས་མིའི་ཐེངས་གྲངས་1527གྱི་ཡིག་འབུལ་ཞུ་བཅར་ཁག་གྲངས་580བདག་སྤྲོད་བྱས་པ་དང་། གཉེར་སྒྲུབ་དང་སྒྲུབ་སྐུལ་བྱེད་ཚད་ཤུགས་ཆེར་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་བཏང་ཡོད།
(གསུམ ) བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་དོན་ཧུར་ཐག་སྤེལ་ཡོད། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་བསྟུན་པ་དང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་ཞུ་བྱེད་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ “ཕྱིར་སྐྱོད་པ ”དང “ནང་དུ་གདན་འདྲེན་ཞུ་རྒྱུ ”ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་ཚོགས་པ་སྒྲིག་འཛུགས་ཀྱིས་ཨ་རི་དང་། ཡོ་རོབ་གྲོས་ཚོགས། དབྱིན་ཇི། དབྱི་ཏ་ལི། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་21གི་མིའི་ཐེངས་གྲངས་114ལ་འཚམས་འདྲི་ཞུས་པ་དང་། ཨ་རི་དང་། འཇར་མན། ཧྥ་རན་སེ། ནོར་ཝེ། ཧན་གོ་སོགས་རྒྱལ་ཁབ་གྲོས་ཚོགས་ཀྱི་ཀྲུང་གོར་ཡོང་ནས་བོད་དུ་འཚམས་འདྲིར་ཕེབས་མཁན་ཚོགས་པ་ཁག་32ཀྱི་མིའི་ཐེངས་གྲངས་300ལྷག་ཙམ་ལ་སྣེ་ལེན་ཞུས་པ་བཅས་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པའི་རྣམ་པའི་ཐོག་ནས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བོད་འབྲེལ་གཙོ་གནད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་སྔ་རྗེས་སུ་འཚམས་འདྲི་ཐེངས་5བྱས་ཏེ་གདོང་ཐུག་ངོ་འཕྲད་ཀྱི་ཐོག་ནས་ལས་ཀ་བྱས་པར་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པས་རྒྱལ་ཁབ་ཀྱི་བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་དོན་གྱི་གལ་ཆེའི་ལས་སྟེགས་ཤིག་ཏུ་གྱུར་ཡོད། ཕྱི་དོན་བྱེད་སྒོ་སྤེལ་བའི་ཁྲོད་ནུབ་ཕྱོགས་ཀྱི་གཙོ་གནད་རྒྱལ་ཁབ་ཀྱི་གྲོས་མི་དང་། སྲིད་གཞུང་གི་གལ་ཆེའི་མི་སྣ། རིགས་གཅིག་མཁས་དབང་བཅས་དང་དེ་བཞིན་གཞུང་ཚབ་ཁང་དང་། ཕྱིར་སྡོད་སྤུན་ཟླ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་གྲྭ་བ་སོགས་དང་རྒྱ་ཁྱབ་ཏུ་འབྲེལ་གཏུག་བྱས་ནས་དྲང་ཕྱོགས་ཀྱི་གླེང་མོལ་དང་ལྷག་བསམ་ཟོལ་མེད་ཀྱི་མཐུན་སྦྱོར་བྱས་ཏེ་བོད་ཀྱི་གོང་འཕེལ་གྱི་གྲུབ་འབྲས་ངོ་སྤྲོད་དང་། བདེན་ཡོད་སྤོབས་ཆེའི་ཐོག་ནས་བོད་འབྲེལ་གནད་དོན་ཐད་ཀྱི་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་དང་། དེ་བཞིན་ཕྱི་ཕྱོགས་ཀྱིས་དོ་སྣང་གཙོ་བོར་བྱེད་པའི་གནད་དོན་ལ་ཐད་ཀར་རྒྱས་བཤད་བྱས་པ་དང་། ཏཱ་ལའི་རུ་ཚོགས་དང་མངའ་ཁོངས་ཕྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་བཟོས་པའི་དཀྲོག་གཏམ་སྣ་ཚོགས་ལ་བདེན་ཡོད་ཁུངས་གཏན་ངང་ཐེར་འདོན་ནུས་ལྡན་བྱས་པས་བོད་འབྲེལ་གནད་དོན་ཐད་འཛིན་པའི་ནུབ་ཕྱོགས་འབྲེལ་ཡོད་ཕྱོགས་ཀྱི་ངོས་འཛིན་དང་བྱེད་སྤྱོད་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་འབྲེལ་གླེང་ཕྱོགས་གཞོགས་གཅིག་ལ་ཡོ་འཁྱོག་སོང་བའི་གནས་ཚུལ་ལེགས་སུ་ཕྱིན་ཡོད།
དྲུག རང་ངོས་འཛུགས་སྐྱོང་བྱེད་རྒྱུར་དོ་སྣང་བྱས་ཏེ་འགན་སྒྲུབ་ནུས་པ་ཆེ་རུ་ཧུར་ཐག་བཏང་བ།
རྒྱུན་ལས་ཨུ་ལྷན་གྱིས་སྔ་ཕྱི་བར་གསུམ་དུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མངོན་ཆེའི་གནས་བབ་ཐོག་བཞག་ནས་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་། རྩ་འཛུགས་ཀྱི་འགན་ལེན། རིག་སྟོབས་ཀྱི་རྒྱབ་སྐྱོར་བཅས་གང་ལེགས་བྱས་ཡོད། བསམ་བློ་ལེགས་སྐྱོང་བྱེད་རྒྱུའི་ཐད་ཏང་ཙུའི་ལྟེ་བའི་ཚོགས་ཆུང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་རིག་གཞུང་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ཀྲུང་དབྱང་འགོ་ཁྲིད་ཀྱི་གལ་ཆེའི་གསུང་བཤད་བཅས་དང་དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་གཙོ་གནད་དུ་སློབ་སྦྱོང་བྱས་པ་དང་། ཆེད་དོན་བཤད་ཁྲིད་གཉེར་ནས་རྩ་ཁྲིམས་དང་། བཅའ་ཁྲིམས། ལས་སྒོའི་ཤེས་བྱ་བཅས་སློབ་སྦྱོང་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་དང་མི་འཚམ་པ་དང་མི་མཐུན་པའི་བསམ་བློའི་ལྟ་བ་འགྱུར་ལྡོག་ཏན་ཏིག་བཏང་ནས་སེམས་ཁྲལ་གྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བ་བཅས་བརྟན་པོ་བཙུགས་ཏེ་སློབ་སྦྱོང་བྱེད་ནུས་དང་། ཞིབ་འཇུག་བྱེད་ནུས། གཅིག་གྱུར་འཆར་འགོད་བྱེད་ནུས། ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལས་ཁུངས་སྒྲིག་འཛུགས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་ལག་བསྟར་བྱེད་སྒོ་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཏང་ཡོན་ལས་བྱེད་པར་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་རྒྱུ་དང་། ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད། ནུབ་རྒྱུད་ས་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་ནང་སྲིད་ཁྲིམས་འཛིན་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་དུས་དེབ་རིག་ལམ་དཔྱད་ཞིབ་གྲོས་ཚོགས་ཀྱི་འཚོགས་འགན་འཁུར་བ་དང་། རྒྱལ་ཡོངས་དང་གླིང་ཁུལ་གྱི་སློབ་སྦྱོང་གཟིགས་ཞིབ་དང་། རིག་ལམ་དཔྱད་ཞིབ་དང་སྤེལ་རེས་བྱེད་སྒོར་ཧུར་ཐག་ཞུགས་ཏེ་བསམ་བློར་བཅིངས་འགྲོལ་དང་ལྟ་བ་གསར་བརྗེས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུའི་ཐད་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རང་ངོས་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་བཟོས་ནས་ཏང་ནང་གི་དམངས་གཙོ་གོང་འཕེལ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར། ལས་ཁུངས་འགོ་ཁྲིད་ཚན་ཁག་ལེགས་སྐྱོང་དང་། ལས་བྱེད་དཔུང་ཁག་ལེགས་སྐྱོང་། ཤེས་ལྡན་པའི་དཔུང་ཁག་ལེགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་དོ་སྣང་བྱས་པས་འགོ་ཁྲིད་ཚན་ཁག་གི་གསར་གཏོད་བྱེད་ནུས་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་སོང་ཡོད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་ལས་ཨུ་ལྷན་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་ཏང་གི་ཆབ་སྲིད་འདོད་ཚུལ་དང་མི་དོན་གྱི་འདོད་བློ་རྣམས་ཁྲིམས་བཅད་གོ་རིམ་བརྒྱུད་ནས་ཡོངས་སུ་མངོན་གྱུར་ཡོང་བའི་འགན་སྲུང་བྱས་ཡོད། ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུའི་ཐད་རྒྱུན་ལས་ཨུ་ལྷན་གྱིས་དོན་གྲོས་ལམ་སྲོལ་དང་། མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྲོལ་ཡིག ཆེད་དོན་ལས་ཀའི་དཔྱད་གདེང་སྲོལ་ཡིག བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པའི་གཏན་འབེབས་སོགས་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་བསྲུང་བྱ་དང་གལ་ཆེའི་དོན་གནད་ལ་གྲོས་བསྡུར་གཏན་འཁེལ་བྱེད་པའི་གཏན་འབེབས་བཟོ་བཅོས་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ལམ་ལུགས་ཅན་དང་། ཁྲིམས་ལུགས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་རྒྱུའི་གོམ་སྟབས་གསར་པ་ཞིག་སྤོ་ཐུབ་པ་བྱུང་ཡོད། སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུའི་ཐད་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཤུགས་ཆེར་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་མི་ཐེངས་150ལྷག་གཞི་རིམ་དུ་ཟབ་བསྐྱོད་བྱས་ནས་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་སྙན་ཞུ་བརྒྱ་ལྷག་ཙམ་བཟོས་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཇུས་ཐག་གཅོད་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་ཐུབ་ཡོད། དུས་ཁག་3ལ་ལས་དོན་རུ་ཁག་13དང་ལས་ཁུངས་ཀྱི་ལས་བྱེད་པ་50ལྷག་ཙམ་བཏང་སྟེ་དམིགས་འཛུགས་དབུལ་སྐྱོར་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཡོད། གཞི་རིམ་མི་དམངས་འཐུས་ཚོགས་ལ་གཞོགས་འདེགས་བྱས་ཏེ་ཁྲིམས་འཛིན་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ལས་ཀའི་འབྲེལ་བ་ཟབ་ཏུ་བཏང་བ་དང་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཡོད། 2011ལོའི་ཟླ་9པར་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་ཐེངས་དང་པོ་སྐོང་འཚོགས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཧྲུའུ་ཅི་ཁྲེན་ཆོན་གོས་མི་དམངས་འཐུས་ཚོགས་ལས་ཀའི་ཐད་བཏོན་གནང་བའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཐད་ནས་ལྟེ་བར་དམིགས་རྒྱུ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་ཟུང་འབྲེལ་བྱེད་ས་དང་འཇུག་སྒོར་ཞིབ་འཇུག་ནན་ཏན་བྱས་ཡོད། ལས་ཁུངས་ཀྱི་མཁྲེགས་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་པས་ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
འདས་ཟིན་པའི་ལོ་ལྔར་ཕྱི་བལྟས་བྱས་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་ལ་ཐོབ་པའི་གྲུབ་འབྲས་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཁོངས་མི་སྣ། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་བཅས་དང་དེ་བཞིན་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐུན་མོང་ཐོག་འབད་བརྩོན་གནང་བའི་འབྲས་བུ་ཞིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཞིག་བཅས་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལས་ཀའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་པ་དང་སྦྲགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀ་དེ་ད་དུང་དུས་བབ་གསར་པའི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་འདོད་གསར་པ་དང་དེ་ཙམ་འཚམ་མཐུན་བྱུང་མེད་ཅིང་། གཙོ་བོ་ནི་ད་ལྟ་དགོས་གཏུག་ཆེ་བའི་ཁྲིམས་སྲོལ་ད་དུང་བཟོ་ཐུབ་མེད་པ་དང་། ཁྲིམས་བཟོའི་སྤུས་ཚད་ད་དུང་སྔར་བས་གོང་མཐོར་གཏོང་དགོས་པ། ལྟ་སྐུལ་ལས་དོན་སྒྲུབ་སྟངས་ཟམ་མི་ཆད་པར་ལེགས་བཅོས་བྱེད་དགོས་པ། རྗེས་འདེད་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། འཐུས་མིའི་གྲོས་འཆར་གཉེར་སྒྲུབ་སྤུས་ཚད་དེ་འཐུས་མིའི་རེ་འདུན་དང་ད་དུང་ཧེ་བག་ཡོད་པ། རྒྱུན་ལས་ཨུ་ལྷན་རང་ངོས་ལེགས་སྐྱོང་བྱེད་རྒྱུའི་ཐད་སྔར་བས་ཤུགས་སྣོན་རྒྱག་དགོས་པ་བཅས་ང་ཚོར་ངོས་འཛིན་གང་ལེགས་བྱུང་།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ལོ་རྒྱུས་ཀྱི་རང་འཁྲིའི་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད། ལོ་ལྔའི་ལས་ཀའི་ལག་ལེན་ནང་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་རྒྱུ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ། དུས་བབ་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་བཅས་ཀྱི་ཐད་ང་ཚོར་དེ་བས་ཟབ་པའི་ངོས་འཛིན་དང་མྱོང་ཚོར་ཐོབ་བྱུང་།
གཅིག་ནི་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་རྩ་བའི་འགན་སྲུང་ཞིག་ཡིན། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་དམ་ཚགས་བྱེད་རྒྱུ་རྒྱུན་འཁྱོངས་དང་། གལ་ཆེའི་གནད་དོན་དང་གལ་ཆེའི་དོན་གནད་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་ཁྲིམས་བཅད་གོ་རིམ་བརྒྱུད་ནས་ཏང་གི་འདོད་ཚུལ་དེ་རྒྱལ་ཁབ་ཀྱི་འདོད་བློར་འགྱུར་བ་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྐྱོང་བྱེད་རྒྱུར་དེ་བས་ཕན་འདོགས་པ་དང་། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་གཏོང་རྒྱུར་དེ་བས་ཕན་འདོགས་པ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དེ་བས་ཕན་འདོགས་པ་བཅས་ཡོང་བའི་འགན་སྲུང་བྱེད་དགོས།
གཉིས་ནི་ངེས་པར་དུ་མི་དམངས་ཀྱི་གཙོ་རྐང་གནས་བབ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མཐའ་དག་ལ་ཁྲིད་སྟོན་དང་། དཔྱད་གླེང་། ཞིབ་བཤེར་བཅས་བྱེད་པའི་ཚད་གཞི་མཐོ་ཤོས་ཤིག་ཡིན། སྔ་ཕྱི་བར་གསུམ་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་། དམངས་འདུན་གང་ལེགས་མཚོན་པར་བྱེད་རྒྱུ། དམངས་ཀྱི་ཁེ་ཕན་མང་ཙམ་སྒྲུབ་རྒྱུ། དམངས་ཀྱི་སེམས་ཁྲལ་མང་ཙམ་སེལ་བ་བཅས་བྱས་ནས་མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཇུས་ཐག དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཐུབ་པའི་འགན་སྲུང་བྱེད་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཐོག་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་སྲུང་ཡག་པོ་བྱེད་དགོས།
གསུམ་ནི་ངེས་པར་དུ་ལྟེ་བར་དམིགས་རྒྱུ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ངོ་བོའི་བླང་བྱ་ཞིག་ཡིན། བློ་རྩ་བརྟན་པོའི་སྒོ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ལྟེ་བའི་ལས་འགན་ལ་བརྩིས་ནས “གཞུང་གཅིག་ཁང་གཉིས ”དང་མཐུན་སྦྱོར་གཅིག་སྒྲིལ་སྒོ་ནས་ལས་དོན་སྤེལ་རྒྱུ་དང་། བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཐུན་མོང་ཐོག་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
བཞི་ནི་ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་ཡར་རྒྱས་རྒྱུན་འཁྱོངས་བྱེད་དགོས། དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་ཡིན། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། གོང་འཕེལ་གྱི་འགྲོ་ཕྱོགས་དང་མཐུན་པ་བྱས་ནས། ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་བྱེད་ཐབས་གསར་པ་འཚོལ་ཞིབ་དང་ལག་ལེན་ནང་བྱུང་བའི་ཉམས་མྱོང་གསར་པ་དེ་ཁྲིམས་སྲོལ་ལམ་ཡང་ན་ལམ་ལུགས་ལ་འགྱུར་བ་བྱེད་རྒྱུར་དོ་སྣང་། ལག་ལེན་དངོས་ཀྱི་རྨང་གཞིའི་ཐོག་རིགས་གཞུང་གསར་གཏོད་དང་ལམ་ལུགས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་ཕོད་པ་བཅས་བྱས་ཏེ་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་ལག་ལེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་གོང་འཕེལ་བཏང་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ཀྱི་གསོན་ཤུགས་དུས་ནམ་ཡང་མི་ཉམས་པ་བྱེད་དགོས།
འཐུས་མི་རྣམ་པ།
འདི་ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔར་སོང་རྗེས་མཐུད་ཀྱི་འགག་རྩའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་བའི་གལ་ཆེའི་ལོ་ཞིག་བཅས་ཡིན་ལ་སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ལོ་དང་པོ་ཞིག་ཀྱང་ཡིན། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འབྱོར་ཕྱུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྐྲུན་རྒྱུའི་རླབས་ཆེན་ལག་ལེན་ནང་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ཟམ་མི་ཆད་པར་ལམ་བཤངས་གསར་གཏོད་བྱས་ཏེ་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཞབས་ཞུ་དེ་བས་ལེགས་པ་ཞུ་རྒྱུར་ང་ཚོར་ཡིད་ཆེས་ཡོད། ཕྱིས་འབྱུང་ལས་ཀའི་ཐད་ང་ཚོས་གྲོས་འཆར་འདོན་རྒྱུ་སྟེ།
དང་པོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་བརྗིད་ཆེའི་དཔེ་རིས་བཀོད་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་དེ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་རྒྱུའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་བཙོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས 《བསྐྱར་དར་གྱི་ལམ་བུ 》ཞེས་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དང་། ད་སྤྱོད་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད། བོད་ཀྱི་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་མཛུབ་སྟོན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་ཡིད་ཆེས་དང་། རིགས་གཞུང་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་བཅས་སྔར་བས་ཤུགས་ཆེར་འགྲོ་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་འགུལ་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་བས་ཤུགས་ཆེར་འགྲོ་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་དད་སེམས་དང་ཕུགས་འདུན་སྔར་བས་ཤུགས་ཆེར་འགྲོ་བ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་བྱེད་རྒྱུའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ཤུགས་ཆེར་འགྲོ་བ་བཅས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་དགོངས་དོན་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་སྤྱད་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བཀོད་ཁྱབ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་དམངས་གཙོ་དང་ཁྲིམས་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྔར་བས་དོ་སྣང་དང་། འཐུས་མིའི་གཙོ་རྐང་གནས་བབ་ལ་སྔར་བས་དོ་སྣང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་སྔར་བས་དོ་སྣང་བཅས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་། འཐུས་ཚང་ཡག་པོ་གཏོང་བ། གོང་འཕེལ་ཡག་པོ་གཏོང་བ་བཅས་བྱས་ཐོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཆུ་ཚད་གསར་པ་ཞིག་གི་ཐོག་ཏུ་སླེབས་ཐུབ་པ་བྱེད་དགོས།
གཉིས་པ། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་ཏན་ཏིག་བྱེད་དགོས། གོང་འཕེལ་དང་བརྟན་ལྷིང་དོན་ཆེན་གཉིས་དམ་པོར་འཛིན་ནས་ལས་དོན་འཆར་འགོད་བྱེད་སྐབས་སྤྱི་ཡོངས་ལ་དམིགས་ཐུབ་པ་དང་། ལས་ཀ་བཀོད་སྒྲིག་བྱེད་སྐབས་སྤྱི་ཡོངས་གཙོར་བཟུང་ཐུབ་པ། ལས་དོན་དོན་འཁྱོལ་བྱེད་སྐབས་སྤྱི་ཡོངས་དང་མཐུན་ཐུབ་པ་བཅས་བྱེད་དགོས། གཅིག་ནས་ཁྲིམས་བཟོའི་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་ཟམ་མི་ཆད་པར་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བླང་བྱ་གཞིར་བཟུང་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་དང་ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི་ཞིབ་འཇུག་གཏན་འཁེལ་བཟོ་དགོས་པ། ཁྲིམས་བཟོའི་ལས་ཀའི་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་ཆེ་བ་དང་ཁྲིམས་བཟོའི་ཆ་རྐྱེན་འཛོམས་པའི་ཁྲིམས་སྲོལ་བཟོ་རྒྱུ་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་མི་འཚམ་པའི་ཁྲིམས་སྲོལ་རིགས་དུས་ཐོག་ཏུ་དག་བཅོས་དང་། གཙང་བཤེར། མཚམས་འཇོག་བཅས་བྱེད་རྒྱུ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་གཙོ་དང་ལྡན་པའི་ཁྲིམས་བཟོ་བྱེད་རྒྱུ་རྒྱུན་འཁྱོངས། ཁྲིམས་བཟོས་རྗེས་ཀྱི་ལས་ཀར་ཚོད་སྐོར་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ། མི་དམངས་རྣམས་གོ་རིམ་ལྡན་པའི་ཁྲིམས་བཟོའི་ནང་ཐེ་ཞུགས་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་བཅས་བྱས་ནས་ཁྲིམས་བཟོའི་སྤུས་ཚད་གོང་མཐོར་ཟམ་མི་ཆད་པ་གཏོང་དགོས། གཉིས་ནས་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་ནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་ཤེས་དཔལ་ལེགས་སྐྱོང་བཅས་བྱེད་རྒྱུར་དམིགས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ཀྱི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཐད་ཀྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་ལ་དོ་སྣང་བྱས་ནས་སྲིད་གཞུང་གི་གཅིག་གྱུར་སྔོན་རྩིས་དང་ངེས་རྩིས་ཐད་རིམ་བཞིན་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུ་དང་། སྙན་དཔོད་ཞིབ་བཤེར་ལས་ཀ་མུ་མཐུད་ཡག་པོ་བྱས་ཐོག་ལྟ་སྐུལ་གྱི་དངོས་ཕན་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་བ་བྱེད་དགོས། གསུམ་ནས་འཐུས་མིའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་ཕྱོགས་ཀྱི་རྒྱབ་སྐྱོར་མུ་མཐུད་ཐོབ་ཐབས་བྱེད་རྒྱུ་དང་འཐུས་མིར་འགན་སྒྲུབ་གྱི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་ནང་སར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་འགྲོ་རྒྱུ་དེ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། འཐུས་མིར་གནས་ཚུལ་དང་སྲིད་དོན་ཤེས་རྟོགས་ཡོང་བའི་སྤུས་ལེགས་ཀྱི་ཞབས་ཞུ་ཧུར་ཐག་བསྒྲུབས་ཏེ་འཐུས་མིའི་གྲོས་གཞི་དང་སྙན་སྒྲོན་གྲོས་ཞིབ་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འཐུས་མིའི་དབར་འབྲེལ་གཏུག་དམ་ཟབ་དང་། ཚོགས་འདུ་གྲོལ་རིང་འཐུས་མིའི་བྱེད་སྒོ་ཕུན་སུམ་ཚོགས་པོ་བཟོ་བ། འཐུས་མིས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ལས་ཨུད་ཀྱི་ལས་ཀའི་ནང་འཐུས་མི་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། འཐུས་མིའི་གྲོས་འཆར་གཉེར་སྒྲུབ་ལས་ཀར་རྗེས་འདེད་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཐུས་མིས་ས་གནས་ཀྱི་རྒྱལ་དོན་དོ་དམ་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས། བཞི་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྔར་བས་སྲུང་སྐྱོང་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ནང “ཕུགས་འཕེར་གྱི་ཇུས་གཞི་འདིང་རྒྱུ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ ”དང་། “མི་སེམས་འགུག་ཐབས་དང་། རྨང་རྩ་གཉིས་བརྟན། བྱ་སྤྱོད་སྔོན་སྤེལ། རང་འགུལ་དམག་འཐབ་ཡག་པོ་རྒྱག་རྒྱུ ”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་དོ་ནན་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་རྒྱུར་སྐུལ་འདེད། བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ཐོག་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས།
གསུམ་པ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གི་སྲིད་སྐྱོང་ནུས་པ་དང་། སྔོན་ཐོན་རང་བཞིན། དྭངས་གཙང་རང་བཞིན་བཅས་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་གཙོ་དོན་ཁོང་དུ་ཆུད་པ་བྱས་ནས་བསམ་བློར་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས། བསམ་བློ་ལེགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། ཀུན་སྤྱོད་ལེགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་ལེགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་བྱས་ནས་གནད་དོན་ཆེ་རིགས་དགོངས་སྐོར་སྙན་ཞུའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཐོག་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་འགན་ལེན་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི “གཏན་འབེབས་དོན་ཚན་བརྒྱད ”དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི “སྡོམ་ཁྲིམས་དོན་ཚན་བཅུ ”དང་དེའི་ཞིབ་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི “སྟོང་གཏམ་བཤད་ན་རྒྱལ་ཁབ་འཕྱུགས་འགྲོ་བ་དང་། བྱ་བ་དངོས་བསྒྲུབས་ན་རྒྱལ་ཁབ་དར་འགྲོ་བའི ”བསླབ་བྱ་སེམས་ལ་བརྟན་པོར་བཟུང་སྟེ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་དང་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་དམིགས་ཡུལ་ལ་བརྩི་རྒྱུ་རྒྱུན་འཁྱོངས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་འབྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཐོག་མི་དམངས་ཀྱི་གསར་སྐྲུན་ལག་ལེན་ནང་གི་བློ་གྲོས་ལེན་ཐབས་བྱེད་རྒྱུ། མི་དམངས་ཀྱི་གོང་འཕེལ་གྱི་རེ་སྨོན་ནང་ནས་སྒུལ་ཤུགས་ཐོབ་པར་བྱེད་དགོས། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་གཞི་རིམ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཁྲིམས་བཟོ་དང་། ལྟ་སྐུལ། ཆོད་དོན། བསྐོ་འཐེན་སོགས་ཀྱི་ལས་ཀ་སྔར་བས་ཚད་ལྡན་བཟོས་ཏེ་ལས་དོན་ཁག་ལམ་ལུགས་ཅན་དང་། གོ་རིམ་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་གྱི་ཁོངས་མིའི་གྲུབ་ཆ་ལེགས་སུ་བཏང་ནས་ཆེད་བསྐོས་ཨུ་ཡོན་གྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་། ཁྲིམས་ལྟར་འཁྲི་འགན་སྒྲུབ་ནུས་ཤུགས་ཆེར་འགྲོ་བ་བྱེད་དགོས། མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་ལེགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས། ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་བྱེད་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལས་རྗེས་འཛུགས་སྐྱོང་ཤུགས་ཆེ་བྱེད་པ། ཏང་ཡོན་དཔུང་ཁག་གི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བཅས་བྱས་ཐོག་ཐུན་མོང་གི་ཇུས་འདོན་ལས་རོགས་པ་དང་ཞབས་ཞུ་འགན་སྲུང་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས།
འཐུས་མི་རྣམ་པ། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་རྒྱུ་ནི་ང་ཚོའི་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འབད་འཐབ་དམིགས་ཡུལ་ཞིག་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལས་དོན་ཏན་ཏིག་བསྒྲུབས་པ་དང་མཐུན་སྒྲིལ་མདུན་སྐྱོད་བྱས་ཏེ། 2020ལོར་སླེབས་དུས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་གྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣