དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་24ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

        འཐུས་མི་རྣམ་པ།

        2008ལོ་ནས་ད་ལོ་བར་སྐབས་འདིའི་སྲིད་གཞུང་གི་ལོ་ལྔའི་སྐབས་ཡུན་ཐིམས་ཤིང་། ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་འཐུས་མི་རྣམ་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད་། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

        འདས་ཟིན་པའི་ལོ་ལྔའི་ལས་ཀར་ཕྱིར་མིག་ལྟ་བ།

        སྐབས་འདིའི་སྲིད་གཞུང་གིས་འགན་འཁྲི་བསྒྲུབས་པའི་ལོ་ལྔའི་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་ཚོགས་ཆེན་བཅོ་བརྒྱད་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་དང་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ཐེངས་བརྒྱད་པ། མི་དམངས་འཐུས་ཚོགས་སྐབས་དགུ་པ་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ཤུགས་གང་ཆེ་རྒྱག་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཤུགས་ཆེ་བྱེད་པ་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བདེ་བླག་ངང་སྤེལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

        ལོ་ལྔ་དེ་ནི་སྤྱིར་བཏང་དང་རྒྱུན་གཏན་རྩ་བ་ནས་མིན་པའི་ལོ་ལྔ་ཡིན། ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་དང་། རང་བྱུང་གནོད་འཚེ་སྣ་ཚོགས། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། རྒྱལ་ནང་གི་དཔལ་འབྱོར་འཕར་ཚད་འགོར་བ་སོགས་ཀྱི་འགྲན་རྩོད་ཆེ་རིགས་དང་ཚོད་བགམ་ནན་པོའི་མདུན་དུ་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་བ་ཇེ་མགྱོགས་སུ་གཏོང་རྒྱུའི་གཙོ་རྐང་མངོན་ཆེར་བཟུང་ཐོག་མི་རྩ་བར་འཛིན་རྒྱུ་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་པའི་ཁྲོད་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་བསྒྱུར་རྒྱུ་དང་ཪྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་གཅོག་རྒྱུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་བས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཐུབ་པ་བྱུང་ཡོད།

        —— དཔལ་འབྱོར་འཕར་ཚད་དང་སྤུས་ཚད་ཀྱི་ཕན་འབྲས་མཉམ་དུ་གོང་མཐོར་སོང་ཡོད། ང་ཚོས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་བ་ཧུར་ཐག་བཏང་སྟེ་མྱུར་ཚད་དང་གྲུབ་ཆའི་སྤུས་ཚད་ཀྱི་ཕན་འབྲས་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྟུད་མར་སྒོར་དུང་ཕྱུར་400དང་། 500 600 700བཅས་ལས་བརྒལ་ཏེ་ལོ་རེར་ཆ་སྙོམས་12%འཕར་བ་དང་། མི་རེའི་ཆ་སྙོམས་GDPསྒོར་ཁྲི་2ལས་བརྒལ་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་250ལས་བརྒལ་ཞིང་ལོ་རེར་ཆ་སྙོམས་17%འཕར་བ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་བསྟུད་མར་སྒོར་དུང་ཕྱུར་30དང་། 50 80བཅས་ནས་བརྒལ་བ་དང་། ཁྲལ་འབབ་སྒོར་དུང་ཕྱུར་153.56ཟིན་པ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་5645ཟིན་པ་དེ་2007ལོ་དང་བསྡུར་ན་ལྡབ་སྒྱུར་གཅིག་ལྷག་ཙམ་མང་དུ་སོང་བ་དང་ལོ་རེར་ཆ་སྙོམས་15%འཕར་ཡོད་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་18056ཟིན་པ་དེ་2007ལོ་དང་བསྡུར་ན་62.2%འཕར་ཞིང་ལོ་རེར་ཆ་སྙོམས་10.2%འཕར་བ། ཐོན་ལས་གསུམ་པོའི་གྲུབ་ཆ་དེ་2007ལོའི་16.1:28.8:55.1ཡིན་པ་ནས་11.4:35.2:53.4ལ་ལེགས་སྒྲིག་བྱས་ཡོད།

        ——སྲིད་གཞུང་ནས་སྟངས་འཛིན་དང་ཁྲོམ་རས་ཐོན་ཁུངས་བགོ་སྒྲིག་བྱེད་རྒྱུ་གཉིས་ཀར་ཤུགས་བརྒྱབ་ཡོད། ང་ཚོས་དཔལ་འབྱོར་གྱི་གནས་བབ་དང་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གནད་འཁེལ་ཁོང་དུ་ཆུད་པ་བྱས་ནས་འཕར་སྣོན་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པའི་དམིགས་བཀར་རང་བཞིན་གྱི་བྱ་ཐབས་དུས་ཐོག་ཏུ་བཟོས་པས་བརྟན་ཞིང་ཅུང་མྱུར་པོའི་ངང་གོང་འཕེལ་བྱུང་ཡོད། མ་དངུལ་སྒོར་དུང་ཕྱུར་260བཀོད་སྒྲིག་བྱས་ནས་མ་འཇོག་རྒྱ་ཆེར་བཏང་བ་དང་འཛད་སྤྱོད་ལ་ངར་སྐུལ་བྱས་པ་དང་། དཔྱ་ཁྲལ་ལམ་ལུགས་འཐུས་ཚང་དུ་བཏང་བའི་ཐོག གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་པ། ཟོག་གོང་འཕར་རྒྱུ་དེ་དམིགས་ཚད་ནང་ཁོངས་སུ་ཚོད་འཛིན་དང་། དམངས་གཉེར་ཁེ་ལས་3ཁྲོམ་འགྲེམས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པ། ལྗོངས་ཡོངས་ཀྱི་ཁྲོམ་ར་གཉེར་མཁན་དུད་ཚང་ཁྲི་12ལས་བརྒལ་བ་བཅས་བྱུང་ཡོད།

        ——རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ་གཏོང་རྒྱུ་གཉིས་དཔུང་གཤིབ་མཉམ་འཛིན་ཐུབ་ཡོད། ང་ཚོས་བཅུར་འགག་ཐེབས་གཞི་ཟམ་མི་ཆད་པར་བསལ་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། ནང་ཐོན་གསོན་ཤུགས་རྒྱུན་མཐུད་འཕར་ཐུབ་པ་བྱུང་ཡོད། མཚོ་བོད་ཐད་རྒྱུག་གློག་དྲ་སྦྲེལ་བའི་ལས་གྲྭ་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་བོད་ཀྱི་གློག་ཤུགས་དྲ་རྒྱ་ཁེར་རྐྱང་ཐོག་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་ཤར་གཏོང་ཐུབ་པ་དེས་བོད་དུ་རིམ་པ་མཐོ་བའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཐོན་ལས་རྣམ་གྲངས་142བསྐྲུན་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འཛུགས་སྐྲུན་ལས་གྲྭ་དང་། གཏེར་ལས། ཡུལ་སྐོར། བོད་སྨན། ཚོང་དོན་སོགས་ཚོགས་ཚོ་ཆེ་བ་དགུ་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཡོད། 2012ལོར་གཙོ་བོའི་ཐོན་ལས་གླིང་ཁུལ་གྱི་ཁྲལ་འབབ་སྒོར་དུང་ཕྱུར་26.5ལེགས་གྲུབ་བྱུང་བ་དེ་2007ལོ་དང་བསྡུར་ན་ལྡབ་28འཕར་ཡོད།

        ——དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་བཟུང་བའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཤིང་། ལོ་ལྟར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཟིགས་སྐྱོང་དང་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབ་རྒྱུའི་ཁས་ལེན་བྱས་ཡོད། “གཞི་རྩའི་ཆ་གཉིས ”ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་གྱུར་བྱུང་ཞིང་། སློབ་ཞུགས་མ་བྱས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་སྤེལ་རྒྱུ་རྒྱལ་ཡོངས་ནང་སྔོན་ལ་མངོན་གྱུར་བྱུང་ཡོད། རྫོང་དང་ཤང་འཕྲོད་བསྟེན་ཁང་ལ་འཕྲོད་བསྟེན་པ་2845ཁ་སྐོང་བྱས་ཤིང་། གཞི་རིམ་གྱི་སྨན་བཅོས་སྒྲིག་ཆས་དང་རྒྱུན་མཁོའི་སྨན་རྫས་རྩ་བའི་ཆར་སྒྲིག་སྦྱོར་བྱས་ཟིན་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྩ་བའི་ཆར་ཆ་ཚང་བཙུགས་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཡོངས་སུ་ཁེབས་ཐུབ་པ་བྱུང་བ་དང་། བོད་ཀྱི་སློབ་ཆེན་ཐོན་པའི་སློབ་མ་རྩ་བའི་ཆར་ཚང་མ་ལས་ཞུགས་ཐུབ་ཡོད། ལྷ་ས་གྲོང་ཁྱེར་གྱི་དུད་ཚང་40%ལ་དྲོད་རླངས་སྤྱོད་ཐུབ་པ་བྱུང་ནས་བོད་དུ་གཅིག་སྡུད་ཀྱི་དྲོད་གཏོང་རྒྱུ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་དང “ཞིང་དུད་ལ་རིགས་བརྒྱད་བཟོ་འཁྲིད ”བྱེད་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་པས་གྲོང་ཁྱེར་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

        ——སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཡོད། ང་ཚོས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཤུགས་ཆེར་གཏོང་རྒྱུར་ཤུགས་གང་ཆེ་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་བཏོད་ཡོད། “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཁྲིམས་ལྟར་བློ་ཐག་ཆོད་པོས་ཐག་གཅོད་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་རྒྱུན་གཏན་བཞིན་མགྱོགས་མྱུར་སླར་གསོ་ཐུབ་པ་བྱུང་ཡོད། སྔ་ཙམ་ནས་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ཡག་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྨང་བརྟན་དམངས་ཕན་གྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། གྲོང་ཁྱེར་གྲོང་གསེབ་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུ་ཁྱབ་སྤེལ་གཏོང་བ་སོགས་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་བཟོས་ནས་ལག་བསྟར་བྱས་ཏེ་གསེང་མ་ལུས་པ་དང་། ཁུག་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

        ལོ་ལྔའི་རིང་། ཕྱོཌ་བཅུའི་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་བྱས་པ་སྟེ།

        གཅིག ཞིང་འབྲོག་ལས་ལ་ཤུཌ་སྣོན་དང་། ཞིང་འབྲོག་པར་ཕན་འདོཌ་པ། ཞིང་འབྲོག་པ་ཕྱུག་པོ་ཆཌ་ཐུབ་པ་བཅས་བྱས་པས་ཞིང་འབྲོག་ཁུལ་གྱི་རྣམ་པ་མངོན་གསལ་དོད་པོས་ལེཌ་བཅོས་བྱུང་ཡོད། “ཞིང་གསུམ ”ཐད་སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་475.8བཏང་ཡོད་པ་དེ་གོང་གི་ལོ་ལྔ་ལས་ལྡབ་2.4འཕར་ཡོད། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་སོང་ཞིང་། འབྲུ་རིགས་དང་རྒྱུད་བཟང་སོགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་14.29དོན་འཁྱོལ་བྱུང་བ་དང་། འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་92ཡན་རྒྱུན་འཁྱོངས་ཐུབ་པ་དང་ཕྱུགས་རིགས་བཤས་གཏོང་ཚད་30%ཡན་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཞིང་། 88.7%གྱི་ཞིང་འབྲོག་དུད་ཚང་བདེ་འཁོད་ཁང་པའི་ནང་སྤོ་ཐུབ་པ་བྱུང་བ་དང་། མི་ཁྲི་173གྱི་འཐུང་ཆུ་གནོད་མེད་ཡོང་བ་བྱས་པ། སླར་ཡང་ཞིང་འབྲོག་མང་ཚོགས་ཁྲི་67ལ་གློག་སྤྱོད་ཐུབ་པ་བྱུང་བ། ཤང་གྲོང་དང་སྲིད་འཛིན་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་99.7%དང་94.2%ཟིན་པ། ཞིང་འབྲོག་ཁུལ་དུ་སྒུལ་འཁྱེར་མཉམ་འབྲེལ་དྲ་རྒྱ་ཁེབས་ཚད་65%ཟིན་པ། གྲོང་ཚོ་ཀུན་ལ་ཁ་པར་དང་ཤང་ཚང་མར་དྲ་ཆེན་ཁྲིད་ཐུབ་པ་བྱུང་བ། རླུང་འཕྲིན་དང་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་93.38%དང་94.51%ཟིན་ནས་ཞིང་འབྲོག་ཁྱིམ་དུད་ཁྲི་41.27ལ “ཤར་འཁྲིད ”ཐུབ་པ་དང་། དགོན་སྡེ་1787ལ་ཤར་འཁྲིད་ཐུབ་པ་བྱུང་བ། ཤང་གྲོང་ལ་སྦྲག་འཕྲིན་གཏོང་ཚད་90.18%ཟིན་པ། སྲིད་འཛིན་གྲོང་ཚོ་2500ཡི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་བཅས་བྱུང་ཡོད། ལྗོངས་ཡོངས་སུ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་ཁག་939ཟིན་པ་དང་། ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་66ལ་སྦྱོང་བརྡར་སྤྲས་ཡོད། དེ་བཞིན་སྒོར་2300ཡི་ཚད་གཞི་གསར་པ་ལྟར་དབུལ་སྐྱོར་བྱ་ཡུལ་མི་ཁྲི་24.8ཉུང་དུ་སོང་ཡོད། ཞིང་འབྲེལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་205.73བཏང་བ་དང་། ཞིང་འབྲེལ་འགན་བཅོལ་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད།

        གཉིས། མ་འཇོག་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་བས་དཔལ་འབྱོར་གོང་འཕེལ་གཏོང་བའི་སྒུལ་ཤུགས་སྔར་བས་ཆེ་རུ་སོང་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་2361.87བཏང་བ་དེ་གོང་གི་ལོ་ལྔ་དང་བསྡུར་ན་ལྡབ་1.3འཕར་ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་1727བཏང་ཡོད། “རྣམ་གྲངས་188”ཚང་མ་ལེགས་གྲུབ་ཟིན་པ་དང་། “རྣམ་གྲངས་226”ལ་མ་འཇོག་སྒོར་དུང་ཕྱུར་650དོན་འཁྱོལ་བྱས་ཡོད། ལོ་ལྔར་སྣུམ་ནག་གཞུང་ལམ་སྤྱི་ལེ་4341གསར་སྣོན་བྱུང་ཞིང་། རྫོང་དུ་སྣུམ་ལམ་ཤར་གཏོང་ཐུབ་ཚད་84.9%ཟིན་ཡོད། ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུ་བདེ་བླག་བྱུང་བ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་མཚམས་ཀྱི་རྣམ་གྲངས་གྲོས་འཆར་ཡི་གེར་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་མཆན་འགོད་བཀའ་ལན་ཐོབ་ཡོད། ལྗོངས་ནང་ཁོངས་ཀྱི་ཡན་ལག་མཁའ་འགྲུལ་དྲ་རྒྱ་རྩ་བའི་ཆར་བསྐྲུན་ཟིན་ཡོད། ལྗོངས་ཡོངས་སུ་གློག་འདོན་ཤོང་ཚད་གཞི་ཁྱོན་ཆན་ཝ་ཁྲི་116.26ཟིན་ཡོད། ཆུ་འདྲེན་ཁུལ་རྒྱ་ཁྱོན་མུའུ་ཁྲི་160ལྷག་ཙམ་གསར་སྣོན་དང་ལེགས་བཅོས་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཆུ་ཚད་ཁག་སོ་སོར་2007ལོ་ལས་34.3%དང་40.6%འཕར་ཡོད། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་གཏོང་གིས་བཙོངས་འབོར་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་9.12ཟིན་ཞིང་། དེར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.87དོན་འཁྱོལ་བྱས་ཡོད་པ་དང་། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་5དང་རྫོང་རིམ་པའི་ཞིང་ཟོག་ཁྲོམ་ར་17རིམ་སྤོར་སྒྱུར་བཀོད་བྱས་ཡོད། རླངས་འཁོར་དང་། སྡོད་ཁང་། ཡུལ་སྐོར། བཟའ་བཏུང་། སྤྲོ་གསེང་སོགས་ཀྱི་འཛད་སྤྱོད་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད།

        གསུམ། སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བས་ནང་ཐོན་འཕེལ་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་ཁུལ་7ཐོག་མའི་ཆར་ཆགས་ཟིན་པ་དང་། ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་20བསྐྲུན་ཟིན་པ། ས་གནས་དང་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་80སྐྱོང་སྤེལ་བྱས་ཡོད། ཞི་མཐུན་ལྡན་པའི་གཏེར་ཁུལ་བསྐྲུན་རྒྱུ་ཁྱབ་སྤེལ་ཧུར་ཐག་བཏང་ནས་ས་གཤིས་གཏེར་འཚོལ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 2012ལོར་ལྗོངས་ཡོངས་ཀྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་57ལེགས་གྲུབ་བྱུང་བ་དེ་2007ལོ་དང་བསྡུར་ན་ལྡབ་སྒྱུར་གཅིག་ཙམ་འཕར་ཡོད། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1100ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་132ཟིན་ཡོད། ཨར་སྐྲུན་དང་། ཨར་པོའི་རྒྱུ་ཆ་གསར་པ། བོད་ལུགས་གསོ་རིག་དང་བོད་སྨན། ས་མཐོའི་ཁྱད་ལྡན་བཟའ་བཅའ། ཆ་འཕྲིན། ནུས་རྒྱུ། མི་རིགས་ལག་ཤེས་བཟོ་ལས་སོགས་གོང་འཕེལ་མྱུར་པོ་བྱུང་ཡོད།

        བཞི། མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུ་མངོན་ཆེར་བཟུང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་སོང་ཡོད། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། སློབ་གསོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཞིང་། ངལ་རྩོལ་པ་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་8.1ཟིན་པ་དང་། འོས་འགན་སློབ་གསོའི་ལོ་རེར་སློབ་མ་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་2500ལ་སྤར་ཡོད། ཚན་རྩལ་གསར་གཏོད་བྱེད་རྒྱུ་ཁྱབ་སྤེལ་ཤུགས་ཆེ་བཏང་ཞིང་། ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་དང་སྟོབས་ཆེའི་རྫོང་གཏོད་པའི་ཆེད་དམིགས་བྱེད་སྒོ་དེ་རྫོང (གྲོང་ཁྱེར་དང་ཆུས )47ལ་ཁེབས་ཡོད། འཕྲོད་བསྟེན་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་ཞིང་། ཚད་ལྡན་ཅན་དུ་འགྱུར་བའི་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་290བསྐྲུན་ནས “གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ ”ཡོད་པ་བྱེད་རྒྱུའི་དམིགས་ཚད་མངོན་གྱུར་བྱུང་བ་དང་། འཕྲོད་བསྟེན་གྱི་འཕྲལ་མྱུར་ཁ་གཏད་གཅོག་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་རིན་མེད་ཐོག་བདེ་ཐང་བརྟག་དཔྱད་བྱེད་རྒྱུ་ལག་བསྟར་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1032ནང་སར་རིན་མེད་སྨན་བཅོས་བྱས་ཡོད། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་དེ་ཁག་སོ་སོར་2007ལོའི་ཁྲི་བཅུའི་ཆ་254.6དང་སྟོང་ཆ་27.10ཡིན་པ་ནས་2012ལོའི་ཁྲི་བཅུ་ཆ་176.12དང་སྟོང་ཆ་24.84ལ་ཆག་ཡོད།

        སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཟམ་མི་ཆད་པར་དར་རྒྱས་བྱུང་ཡོད། “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ་ལྡན་པ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་བྱེད་སྒོ་ཁྱབ་སྤེལ་ཏན་ཏིག་བཏང་ཐོག རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་ཐོབ་པའི་ལས་གཞི་གཏིང་ཟབ་སྤེལ་བ་དང་། གཞི་རིམ་རིག་གནས་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་སོང་བ། རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི། ཞིང་པའི་དཔེ་དེབ་ཁང་། དགོན་སྡེའི་དཔེ་དེབ་ཁང་། གྲོང་གསེབ་ཏུ་གློག་བཪྙན་སྟོན་རྒྱུ་བཅས་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིག་དངོས་ཉམས་གསོ་སྲུང་སྐྱོབ་ལས་གཞི་ལེགས་གྲུབ་ཟིན་པ་དང་། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་8བསྐྲུན་ཟིན་པ། དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་51གསོ་སྐྱོང་དང་རོགས་སྐྱོར་བྱས་པ། རིག་གནས་ཐོན་ལས་ཁྲོམ་ར་གཉེར་མཁན་ཁག་455ཟིན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ཐང་ག་བརྒྱའི་ལས་གཞིར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ལོ་རྒྱུས་སྙན་ངག་གི་རོལ་དབྱངས་འཁྲབ་ཚན་ཆེ་གྲས 《འུན་ཤིང་ཀོང་ཇོ 》ཞེས་པའི་གར་སྟེགས་ཟློས་གར་དེ་པེ་ཅིང་དུ་ཐོག་མའི་འཁྲབ་སྟོན་ལེགས་གྲུབ་བྱུང་ཡོད། གསར་འགྱུར་དཔེ་སྐྲུན་ཐོན་རྫས་དང་སྒྱུ་རྩལ་གསར་རྩོམ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ཡོད། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད། བོད་ཀྱི་སློབ་ཆེན་གྱི་ད་ལོའི་སློབ་ཐོན་སློབ་མ་ཆ་ཚང་ལས་ཞུགས་ཐུབ་པ་དང་། དེ་སྔ་ཐོན་པའི་སློབ་མ་རྩ་བའི་ཆར་ལས་ཞུགས་ཐུབ་པ་བྱུང་བ། གྲོང་ཁྱེར་གྲོང་རྡལ་གྱི་མི་ཁྲི་10.1གསར་དུ་ལས་ཞུགས་ཐུབ་ནས། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.7%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཐུབ་པ་བཟོས་ཡོད། གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ཐེངས་གསུམ་མཐོ་རུ་བཏང་ཡོད། གཞི་རྩའི་རྒན་གསོ་དང་། སྨན་བཅོས་དང་ལས་རྨས། སྐྱེ་གསོ། ལས་ཤོར། གྲོང་གསེབ་ཀྱི་འགན་བཅོལ་གསར་པ། གྲོང་ཁྱེར་གྱི་གྲོང་མིའི་འགན་བཅོལ་བཅས་ཀྱི་ལམ་ལུགས་ཡོངས་སུ་ཁེབས་ཐུབ་པ་བྱུང་བ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་དུ་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་གྲབས་གསོག་ཐུབ་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཆ་ཚང་དང་། སྒྲིག་ཚུད་གྲྭ་བཙུན། བོད་སྐྱོར་ལས་བྱེད་པ་བཅས་ལ་ཚོགས་ཁོངས་མི་ལུས་ཀྱི་གློ་བུར་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོས་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོ་དང་། ཡུལ་མི་དང་ཞིང་འབྲོག་མང་ཚོགས་བཅས་ཀྱི་སྨན་བཅོས་གྲོན་དངུལ་ལོ་འཁོར་ལ་རྩིས་ཞུ་བྱེད་རྒྱུ་མཐོ་ཤོས་ལ་ཁག་སོ་སོར་སྒོར་ཁྲི་22དང་། སྒོར་ཁྲི་14 སྒོར་ཁྲི་13བཅས་ཟིན་ཡོད། ཞིང་འབྲོག་མང་ཚོགས་ལ་རིན་མེད་སྨན་བཅོས་བྱེད་རྒྱུའི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་300ལ་སྤར་ཡོད། ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་མི་སྣའི་ཟླ་རེའི་ཆ་སྙོམས་རྒན་གསོའི་འཚོ་དངུལ་སྒོར་2704ལ་སྤར་ཡོད།

        སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་རྩ་བའི་ཆར་བཙུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཐད་འགན་ལེན་བྱེད་དགོས་རིགས་རྩ་བའི་ཆར་འགན་ལེན་ཐུབ་ཡོད། ཚད་གཞི་ཁག་སོ་སོར་ཟླ་རེར་སྒོར་400དང་ལོ་རེར་སྒོར་1600བར་མཐོ་རུ་བཏང་ཡོད། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་ཚད་དང་འབྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་གསར་འཛུགས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་39.5ལ་རིན་གོང་ཐད་ཀྱི་སྐབས་འཕྲལ་ཁ་གསབ་སྤྲད་ཡོད། འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་འཚོ་སྐྱོང་གི་ཚད་གཞི་སྒོར་2400བར་མཐོ་རུ་བཏང་ཡོད་པ་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སློབ་གསོ་དང་། སྡོད་ཁང་། ཁྲིམས་འཛིན་སོགས་ཐད་ནས་རོགས་སྐྱོབ་བྱེད་ལམ་གསར་པ་བཟོས་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་དང་། བེད་སྤྱོད་གཏོང་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཅིང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཚང་སྒྲིག་ཁྲི་5.99བསྐྲུན་ཟིན་པ་དང་། རིམ་པ་ཁག་གི་གེགས་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་ཁང་111གསར་རྒྱག་བྱས་ཡོད། བསྡོམས་རྩིས་ཀྱིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཞབས་ཞུ་སྒྲུབ་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་བཏང་ཡོད། སྤྱི་ཚོགས་ཚན་རིག་དང་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་བྱ་གཞག་དང་། རྩིས་བཤེར། སྤུས་བཤེར། གནམ་དཔྱད། མི་དམངས་མཁའ་ཟོན། རྒན་རྒོན་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། དབང་སྐྱོན་བྱ་གཞག་མགྱོགས་མྱུར་གོང་འཕེལ་སོང་བ་དང་། གཉིས་བཀུར་དང་མཉམ་སྐྲུན་མཉམ་སྲུང་བྱེད་སྒོ་གཏིང་ཟབ་སྤེལ་བས་དམག་སྲིད་དབར་དང་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བ་སྔར་བས་སྲ་བརྟན་དུ་སོང་ཡོད།

        ལྔ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པས་སྤྱི་ཚོགས་ཀྱི་དུས་བབ་སྔར་བས་བརྟན་ལྷིང་ཞི་མཐུན་བྱུང་ཡོད། ཏང་ཀྲུང་དབྱང་གི “རྨང་རྩ་གཉིས་བརྟན་དང་མི་སེམས་འགུགས་པ ”དང་། “བྱ་སྤྱོད་སྔོན་དུ་སྤེལ་བ་དང་། རང་འགུལ་དམག་འཐབ་ཡག་པོ་རྒྱག་རྒྱུའི ”གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་བརྟན་ལྷིང་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་སྔ་ཙམ་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ཡག་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཤུགས་ཆེར་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཡོད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱེད་སར་ཤུགས་ཆེར་བརྩིས་ནས་ལས་དོན་རུ་ཁག་མངགས་ཏེ་གྲོང་ཚོར་བཅའ་སྡོད་བྱེད་པ་དང་། ལས་བྱེད་པ་དགོན་སྡེར་བཅའ་སྡོད་རྒྱུན་ལྡན་ཅན་དུ་གྱུར་བ་བྱེད་རྒྱུ་གལ་ཆེའི་ནང་དོན་དུ་བརྩིས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། དམངས་ཕན་ཞབས་ཞུ་དང་། བརྟན་ལྷིང་སྲུང་སྐྱོང་དང་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་འགན་ནུས་ཨང་དང་པོར་བརྩིས་ནས་གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུ་ཁྱབ་སྤེལ་གཏོང་བ། ལྷ་ས་དང་། ཆབ་མདོ། ནག་ཆུ། གཞིས་རྩེ། “མཐའ་གཉིས་རྒྱུད་གཅིག ”སོགས་གཙོ་གནད་ས་ཁུལ་དང་གནད་ཆེ་སར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནུས་ལྡན་གྱི་ཐབས་ལམ་དུ་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཀུན་ལ་ཁེབས་པར་བྱེད་པ། གསར་དར་སྨྱན་སྦྱོར་ལ་དོ་དམ་དང་། ཆ་འཕྲིན་གསང་གནད་ལས་དོན། འཕྲལ་སྡོམ་ལམ་སྲོལ་འཛུགས་རྒྱུ་བཅས་འགག་རྩའི་བྱ་ཐབས་སུ་བརྩིས་ནས་སྔོན་རྟོགས་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་བ། སློབ་གྲྭར་དོ་དམ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ལས་ཀའི་གཙོ་གནད་དུ་བརྩིས་ནས་ཚད་ལོངས་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ། དྲག་རྡུང་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་གལ་ཆེའི་གཞི་རྟེན་དུ་བརྩིས་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་རྒྱག་པ། བོད་གསར་ཪྙིང་བསྡུར་བའི་སློབ་གསོ་སྤེལ་རྒྱུ་གལ་ཆེའི་བྱེད་སྟངས་སུ་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཛུགས་པ་བཅས་བྱས་ཏེ་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་ཇུས་ངན་མཐའ་དག་རྩ་མེད་མཐའ་གཅིག་ཏུ་བཏང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ། ལོ་རེའི “དུས་ཆེན་གསུམ ” “ཚོགས་འདུ་གཉིས ” ཟླ་གསུམ་པའི་འཚུབ་ཆེའི་དུས་མཚམས་སོགས་གལ་ཆེའི་བྱེད་སྒོ་རབ་དང་རིམ་པ་དང་འཚུབ་ཆེའི་དུས་སྐབས་སུ་ཞི་བདེ་ལྷིང་འཇགས་ཡོང་བའི་འགན་སྲུང་ཐུབ་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཐུབ་པ་བྱས་ཡོད། མི་དམངས་འདུམ་འགྲིག་དང་། ཁྲིམས་འཛིན་འདུམ་འགྲིག སྲིད་འཛིན་འདུམ་འགྲིག་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཕྱོགས་མིའི་སྦྱོང་བརྡར་དང་། ཕྱོགས་མི་གསོ་སྦྱོང་དང་། ལས་ཞུགས། སྡོད་གནས། བུ་ཕྲུག་སློབ་ཞུགས་སོགས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཡོད། གྲོང་ཁྱེར་སྡེ་ཁུལ་གྱི་དོ་དམ་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། གྲོང་གསེབ་སྡེ་ཁུལ་འཛུགས་སྐྱོང་བདེ་བླག་ངང་སྤེལ་ཡོད། གཞི་རིམ་གྱི་སྲིད་དབང་དང་གཞི་རིམ་སྲིད་ཁྲིམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་པ་དང་། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་ནན་པོ་བྱས་པ། འགྲིམ་འགྲུལ་དང་མེ་སྐྱོན་འགོག་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ནས་ཡག་ཏུ་སོང་ཡོད།

        དྲུག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་རེ་བཞིན་སྲ་བརྟན་གོང་འཕེལ་བྱུང་ཡོད། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་བརྗོད་དོན་གཙོ་བོ་དམ་བཟུང་གིས་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་བྱེད་རྒྱུར་སྐུལ་འདེད་དང་། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་བཏང་ཞིང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གོང་འཕེལ་མགྱོགས་སུ་བཏང་ཡོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། ལོ་རེའི་ཟླ་9པར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཞིང་། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོག་རྒྱུ་མཐའ་འཁྱོངས་བྱས་པ་དང་། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བཏོད་ཡོད།

        བདུན། ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐོང་ཆེན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ནས་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་བ་ལག་བསྟར་བྱས་ཏེ་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོབ་དང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ཕྱོགས་མི་སྣ། ཆོས་དད་མང་ཚོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། དགོན་པ་ནི་གཞི་རྩའི་སྤྱི་ཚོགས་རྩ་འཛུགས་ལ་བརྩིས་པ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་སྤྱི་དམངས་དང་གྲོགས་པོར་བརྩིས་ནས་ལྗོངས་ཡོངས་ཀྱི་དགོན་སྡེ་1787ལ “འཛུགས་སྐྱོང་དྲུག ”ལག་བསྟར་བྱས་ཤིང་། དགོན་སྡེར་དོ་དམ་ཨུ་ལྷན (ཆེད་བསྐོས་དམིགས་བསལ་མངག་གཏོང་པ )ཚང་མར་ཁེབས་པ་དང་ལས་བྱེད་པ་དགོན་པར་བཅའ་སྡོད་བྱེད་རྒྱུ་རྒྱུན་གཏན་ཅན་དུ་གྱུར་ཡོད། “གཅིག་དྲུག ”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དགོན་སྡེར “དགུ་ཡོད་པ་”དང་“གཅིག་ཁེབས་པ ”བྱེད་རྒྱུར་སྐུལ་སྤེལ་བཏང་ནས་རྒྱ་ཆེའི་གྲྭ་བཙུན་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད། “གསར་གཏོད་གཅིག ”གཏིང་ཟབ་བྱས་པ་དང་། “སློབ་གསོ་གཅིག ”ལ་ཤུགས་སྣོན་བརྒྱབ་པ། “ལས་གཞི་གཅིག་”ལག་བསྟར་བཅས་བྱས་པས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་སེམས་སྐུལ་སློང་ཐུབ་ཡོད། ཆོས་ལུགས་བྱ་བར་དོ་དམ་བྱེད་རྒྱུ་ལེགས་བཅོས་དང་ཚད་ལྡན་དུ་བཏང་སྟེ་ཁྲིམས་ལྟར་དོ་དམ་དང་། སྤྱི་ཚོགས་དོ་དམ། དམངས་གཙོའི་དོ་དམ་བཅས་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

        བརྒྱད། སྲུང་སྐྱོབ་དང་འཛུགས་སྐྱོང་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་པས་འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་བཟང་དུ་སོང་ཡོད། 《བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་ཕྱོགས་ཀྱི་འཆར་འགོད 》ཁྱོན་ཡོངས་ནས་སྤེལ་ཡོད། རྒྱལ་ཡོངས་ནང་སྔོན་དུ་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་དང་བྱ་དགའ་སྤྲོད་ལམ་ལག་བསྟར་བྱེད་འགོ་ཚུགས་པ་དང་ཁྱོན་ཡོངས་སུ་སྐུལ་སྤེལ་བཏང་ཡོད། ནགས་ཚལ་འབྱུང་ཁམས་ཀྱི་ཕན་ནུས་སྐྱོང་གསབ་སྤྲོད་རྒྱ་ཆེ་རུ་བཏང་བ་དང་། ཆུའི་འབྱུང་ཁམས་སྐྱོང་གསབ་སྤྲོད་རྒྱུའི་ཚོད་ལྟ་བྱེད་འགོ་ཚུགས་ཡོད། འབྱུང་ཁམས་སྐྱོང་གསབ་སྤྲོད་འབོར་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་35ཟིན་པ་དང་། ཞིང་འབྲོག་མང་ཚོགས་མི་འབོར་ཁྲི་200ལ་ཕན་པ་ཐོབ་ཡོད། རྨོ་བསྐྱུར་ནགས་གསོ་དང་སྐྱས་སྤོས་ནགས་གསོ་བྱས་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བྱེ་གྱུར་འགོག་བཅོས་དང་ས་ཆུ་སྲུང་འཛིན་བྱེད་ཁྱོན་སྤྱི་ཆིང་ཁྲི་13ལྷག་ཙམ་ཟིན་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་ཐེངས་གཉིས་པ་བདེ་བླག་ངང་སྤེལ་འགོ་ཚུགས་པ་དང་། ཤིང་འཛུགས་ནགས་བཟོ་བྱེད་ཁྱོན་མུའུ་ཁྲི་390དང་རི་རྒྱ་བསྡམས་ནས་ནགས་གསོ་བྱེད་ཁྱོན་མུའུ་ཁྲི་767ཟིན་ཡོད། རྒྱལ་ཡོངས་ནང་སྔོན་དུ་འབྱུང་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་ཁག་6ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱས་པ། རང་སྐྱོང་ལྗོངས་རིམ་པའི་གཤེར་ས་སྲུང་སྐྱོབ་ཁུལ་ཁག་8གསར་སྐྲུན་བྱས་ཡོད།

        འཆར་འགོད་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཚོད་སྐོར་དང་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཚོད་སྐོར་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། ཐོན་ཁུངས་གསར་སྤེལ་བྱེད་པའི་ཐད་ཀྱི་ཁོར་ཡུག་ལ་ལྟ་འདོམས་དང་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་མངོན་གསལ་དོད་པོས་ཤུགས་ཆེར་བཏང་ཡོད། བཙོག་སྐྱོན་འགོག་བཅོས་དང་འཕྲོ་འགྱེད་ཁོར་ཡུག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས་གཙོ་གནད་ས་ཁོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། སྦགས་བཙོག་དངོས་རིགས་གཙོ་གྲས་བཤངས་འབུད་ཀྱི་སྤྱི་འབོར་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

        དགུ སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྔར་བས་གསོན་ཤུགས་ཆེན་པོ་ལྡན་ཡོད། རྩྭ་ར་འགན་གཙང་གཉེར་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཆའི་བདག་དབང་གཏན་འཁེལ་དང་། ཐོ་འགོད། ལག་ཁྱེར་སྤྲོད་རྒྱུ་བཅས་ཀྱི་ལས་ཀ་བདེ་བླག་ངང་སྤེལ་བ། གྲོང་གསེབ་ཀྱི་ཆུ་གློག་དང་ཕྱུགས་རིགས་སྨན་པར་དོ་དམ་བྱེད་ཕྱོགས་ཀྱི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཆུ་ཤུར་དུ་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་བཙུགས་ནས་ལག་བསྟར་བྱས་པ། མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་ཀྱི་གཙོ་རྐང་སྒྱུར་བཅོས་བྱེད་རྒྱུའི་ཚོད་ལྟ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། འབྲུ་རིགས་འཁོར་རྒྱུག་ལམ་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད། རང་སྐྱོང་ལྗོངས་ཀྱིས་ལྟ་འདོམས་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་ལམ་ལུགས་བསྒྱུར་རྒྱུའི་དམིགས་ཚད་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ཁྲལ་དངུལ་འཇལ་ཚད་དེ་2007ལོ་དང་བསྡུར་ན་87.44%འཕར་ཡོད།

        སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དབང་ཚད་གཤམ་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་261གཙང་བཤེར་ལེགས་སྒྲིག་བྱས་པ་དང་། སྲིད་འཛིན་གླ་རིན་བསྡུ་རིགས་ཚང་མ་མེད་པ་བཟོས་ཡོད། བོད་ལྗོངས་མཁའ་འགྲུལ་དང་བོད་ལྗོངས་དངུལ་ཁང་ལམ་ལྷོངས་ངང་གསར་འཛུགས་བྱས་པ་དང་། བོད་ལྗོངས་ཡིད་རྟོན་མངག་བཅོལ་བསྐྱར་གསོ་བྱས་ཏེ་ལས་གཉེར་བྱེད་འགོ་ཚུགས་ཡོད། ནོར་སྲིད་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁྲལ་རིན་སྒྱུར་བཅོས་བརྟན་པོའི་ངང་སྤེལ་ཏེ་གོང་འཕེལ་ལ་སྐུལ་འདེད་དང་། དམངས་འཚོ་ལེགས་བཅོས། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུར་ནོར་སྲིད་ཀྱི་འགན་སྲུང་འདེགས་སྐྱོར་བྱེད་ནུས་མངོན་གསལ་དོད་པོས་ཤུགས་ཆེར་སོང་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། ཞིང་ལས་གསར་སྤེལ་དངུལ་ཁང་། བཟོ་ཚོང་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་བཅས་ཀྱིས་བོད་དུ་ཡན་ལག་དངུལ་ཁང་བཙུགས་ཡོད། 2012ལོའི་ལོ་མཇུག་ཏུ་དངུལ་བུན་ཁག་གི་ལྷག་གྲངས་2007ལོའི་ལོ་མཇུག་དང་བསྡུར་ན་ལྡབ་གཉིས་འཕར་ཡོད། སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་ཐེངས་གསར་པ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། མཚོ་གཉིས་རྫོང་འཛུགས་རྒྱུར་ཆོག་མཆན་ཐོབ་ཡོད། བྱ་གཞག་ཚན་པར་རིགས་དབྱེའི་སྒྱུར་བཅོས་བརྟན་པོའི་ངང་སྤེལ་ཡོད། སྨན་བཅོས་སྨན་རྫས་དང་། རིག་གནས། ཆུ་བེད་སོགས་ཀྱི་ལམ་སྲོལ་སྒྱུར་བཅོས་བདེ་བླག་ངང་སྤེལ་ཡོད། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། 2012ལོར་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར་30ལས་བརྒལ་ནས་ལོ་ལྔའི་རིང་ལོ་རེར་ཆ་སྙོམས་30.4%འཕར་བ་དང་། ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་མ་དངུལ་སྒོར་དུང་ཕྱུར་389.21ཟིན་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོ་འདོན་བྱས་པས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་དང་གོང་འཕེལ་ཆེན་པོ་བྱུང་ཞིང་། ལས་གཉེར་མི་སྣ་ཁྲི་56.1ཟིན་པ་དང་གོང་འཇལ་ཁྲལ་འབབ་ནང་བཟུང་གྲངས་90%བརྒལ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་གཏན་འཁེལ་གནང་ཞིང་། ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་བས་ཏང་གི་བོད་ཀྱི་ལས་དོན་སྐོར་གྱི་ལམ་ཚད་རྡོ་རིང་གསར་པ་བཙུགས་ཡོད། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱུང་ཞིང་། ལོ་ལྔའི་རིང་ཀྲུང་དབྱང་གིས་རང་ལྗོངས་སུ་གཏོང་སྒོ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་3338ཟིན་ཡོད། བོད་སྐྱོར་མ་དངུལ་བརྟན་པོའི་ངང་འཕར་སྣོན་ཡོང་བའི་ལམ་སྲོལ་སྤྱིའི་ཆར་གྲུབ་ཟིན་ཞིང་། ལོ་ལྔའི་རིང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་125.49དོན་འཁྱོལ་བྱུང་བ་དེ་གོང་གི་ལོ་ལྔའི་རིང་དང་བསྡུར་ན་ལྡབ་1.77འཕར་ཡོད།

        བཅུ། དམངས་ཕན་སྐྲུན་ཞིང་དོན་དམ་སྒྲུབ་པ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་དཔལ་འབྱོར་སྙོམས་སྒྲིག་དང་། ཁྲོམ་རར་ལྟ་སྡོམ། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཞིང་། སྲིད་འཛིན་ལྟ་བཤེར་དང་ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་37འགྲེམས་བསྒྲགས་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི “འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་ཁག་70ཙམ་ཁྱབ་བསྒྲགས་ལག་བསྟར་བྱས་ཤིང་། བྱེད་ནུས་གཙོ་ཁུལ་གྱི་འཆར་འགོད་བཟོས་ཟིན་ཡོད། སྲིད་ལས་ཡོངས་བསྒྲགས་དང་གློག་རྡུལ་སྲིད་ལས་འཛུགས་སྐྱོང་གང་མགྱོགས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་གོང་འཕེལ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཇུས་འདོན་བློ་འདྲིའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་ཁག་1479དང་། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་1507གཉེར་སྒྲུབ་ནན་ཏན་བྱས་ཤིང་། གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་ཡོད། རུལ་སུངས་འབྱུང་རྩ་ནས་འགོག་བཅོས་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་ལག་བསྟར་བྱེད་པའི་བྱེད་སྒོ་སྤེལ་བ་དང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་དམ་ཟབ་ཏུ་བཏང་ཡོད།

        འདས་ཟིན་པའི་ལོ་ལྔའི་རིང་ང་ཚོས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་50འཁོར་བ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་ལ་རྟེན་འབྲེལ་ཞུ་བའི་གལ་ཆེའི་བྱེད་སྒོ་ཁག་ལམ་ལྷོངས་གཉེར་སྒྲུབ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བཀྲ་ཤིས་རྟེན་འབྲེལ་གཟབ་རྒྱས་ཀྱི་ཁྲོད་དུ་མི་སེམས་གཅིག་སྒྲིལ་ཐུབ་པ་དང་ངར་ཤུགས་འཕེལ་རྒྱུར་སྐུལ་མ་ཐེབས་ཡོད། ལོ་བརྒྱར་ཡང་འཕྲད་དཀའ་བའི་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ལ་ང་ཚོས་གཞོགས་འདེགས་ཧུར་ཐག་དང་། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། སྒྲིག་འཛུགས་ཚགས་ཚུད་བཅས་བྱས་ནས་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རིའི་རྩེ་མོར་སྤར་ལེན་དང་གནས་མཆོག་བརྒྱུད་སྐོར་གྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། དབུན་ཁྲོན་ས་ཡོམ་ཆེ་མོའི་གནོད་འཚེ་ཚབས་ཆེ་འཕྲད་སྐབས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གིས་འཕྲལ་མར་རོགས་སྐྱོར་བྱེད་པ་དང་། བྱ་སྤྱོད་སྤེལ་མགྱོགས་པ། ཞལ་འདེབས་དངུལ་འབོར་མང་བ། ཐེ་ཞུགས་བྱེད་རྒྱ་ཆེ་བ་བཅས་བྱུང་བ་དེ་ནི་རང་ལྗོངས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་མཐོང་དཀོན་པ་ཞིག་རེད། “དགུ་པའི་བཅོ་བརྒྱད ”ཀྱི་གྲོ་མོའི་ས་ཡོམ་འཕྲད་སྐབས་ང་ཚོས་འཕྲལ་མར་ཉེན་སྐྱོབ་གེགས་སེལ་གྱི་སྒྲིག་འཛུགས་བྱས་ཏེ་དུས་ཚོད་ཐུང་ཤོས་ནང་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མྱུར་བཟོ་བྱས་པ་དང་། དུས་ཚོད་ཐུང་ཤོས་ནང་གནོད་འཚེ་ཕོག་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་པ། སླར་གསོ་བསྐྱར་སྐྲུན་གཞི་རྩའི་ཆར་ལེགས་གྲུབ་བཅས་བྱུང་བར་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།

        འདས་མ་ཐག་པའི་2012ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་བརྟན་ཐོག་མྱུར་འཕེལ་གྱི་ཀྲུང་དབྱང་གི་ལས་ཀའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ་ཐོབ་པར་དཀའ་བའི་གོ་སྐབས་དམ་འཛིན་གྱིས་ཕྱོགས་བསྡུས་སྟངས་འཛིན་ཤུགས་ཆེ་བྱས་པ་དང་། མ་འཇོག་དང་འཛད་སྤྱོད་དམ་པོར་བཟུང་བ། ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བ། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་བཏང་བ། རིག་གནས་སྟོབས་ཆེའི་ཁུལ་ཧུར་ཐག་སྐྲུན་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་སོང་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་701ཟིན་པ་དེ་2011ལོ་དང་བསྡུར་ན་12%འཕར་བ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་86.58ཟིན་པ་དེ་58.1%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་660ཟིན་པ་དེ་20.1%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་258ཟིན་པ་དེ་18%འཕར་བ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་དང་གྲོང་ཁྱེར་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་15.1%དང་11.5%འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་3.9%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.6%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད།

        འཐུས་མི་རྣམ་པ། སྐབས་འདིའི་སྲིད་གཞུང་ལ་ཐོབ་པའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཞིག་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཡང་དག་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གིས་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་ལས་ཐོབ་པའི་འབྲས་བུ་བཅས་ཡིན་ལ་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་སྲིད་གཞུང་གིས་རྨང་གཞི་བཟང་པོ་བཏིངས་པ་ལས་བྱུང་བ་ཞིག་ཀྱང་ཡིན་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་ལྟ་སྐུལ་རྒྱབ་སྐྱོར་གནང་བ་དང་ཁ་འབྲལ་ཐབས་མེད་པས་འདིར་ངས་སྐབས་འདིའི་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་དང་། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཐད་ལེགས་སྐྱེས་འབུལ་མཁན་དབུ་ཁྲིད་རྒན་གྲས་དང་། ཏང་ཡོན་རྒན་གྲས། བློ་མཐུན་རྒན་གྲས་བཅས་དང་། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སྤུན་ཟླ་དང་། ཕྱིར་སྡོད་བོད་རིགས་སྤུན་ཟླ། དེ་བཞིན་གྲོགས་པོ་ཕྱི་རྒྱལ་བ་བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

        བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུའི་ལག་ལེན་ཁྲོད་དུ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། བོད་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཡོང་བའི་འགག་རྩའི་དུས་སྐབས་རེ་རེའི་མཚམས་སུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་མངག་བོད་ཀྱི་གནད་དོན་ལ་ཞིབ་འཇུག་གནང་གི་ཡོད་པ་དང་། དུས་ཐོག་ཏུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་ནས་ཁ་ཕྱོགས་གསལ་སྟོན་དང་། ལམ་བུ་ཁྲིད་སྟོན། ཇུས་འཆར་འགོད་པ་བཅས་ཀྱི་ཐོག་ནས “ཁ་སྒྱུར་གཅིག་དང་ལམ་ཚད་རྡོ་རིང་གསུམ ”གྱི་འོད་སྟོང་འབར་བའི་ལག་ལེན་བྱེད་སྟངས་གསར་གཏོད་དང་། འགག་རྩའི་དུས་མཚམས་ཚང་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆེད་དོན་བཀོད་སྒྲིག་བྱས་ཏེ་མཆོང་སྐྱོད་ཡོང་བར་སྐུལ་འདེད་དང་། བརྟན་ལྷིང་འགན་སྲུང་། དམངས་འཚོར་ཕན་འདོགས་པ། འབྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་སྤེལ་བཏང་ཡོད། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ནི་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་མཚོན་ཆ་གལ་ཆེན་ཡིན། བོད་ལ་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པའི་གྲུབ་འབྲས་གསར་ཤོས་ཀྱི་ཐོག་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུའི་གཙོ་རྐང་ལ་དམ་པོར་དམིགས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་རྒྱུ་དང་། ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་དོན་དངོས་ལ་བསྟུན་པ། མི་དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་བྱེད་རྒྱུ་དེ་ལས་དོན་ཚང་མའི་ཚད་འཛིན་སར་བཞག་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་ཡིན། ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་གནང་བ་དེ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པ་ཟུང་འབྲེལ་བྱེད་རྒྱུ་དེ་ནི་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་འགན་ལེན་ཡིན། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་ནི་སྔ་ཕྱི་བར་གསུམ་དུ་ང་ཚོའི་བྱ་གཞག་གི་རྒྱབ་རྟེན་ཆེ་ཤོས་ཡིན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས “བོད་སྐྱོད་པ་རྒན་རབས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་བཏང་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་བརྩོན་བྱེད་རྒྱུ་དེ་ནི་སྔ་ཕྱི་བར་གསུམ་དུ་ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་གཞི་རྩའི་རྐང་པ་འཛུགས་ས་ཡིན་པས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་དར་སྤེལ་མཐར་ཕྱིན་པ་གཏོང་དགོས།

        ཞིབ་ཕྲའི་ལས་དོན་གྱི་ལག་ལེན་ཁྲོད་ངེས་པར་དུ་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དེ་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོར་བརྩི་དགོས། དུས་བསྟུན་ཡར་རྒྱས་དང་། ལམ་བཤངས་གསར་གཏོད། དམ་པ་དོན་གཉེར་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་ལྟ་བ་དང་ལམ་སྲོལ་སྒྲིག་སྲོལ་གྱི་ཞན་ཆ་ཚང་མ་བློ་ཐག་ཆོད་པོས་མེད་པ་བཟོས་ནས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་དབྱེ་བྱེད་པའི་ལམ་བུའི་ཐོག་སྐྱོད་དགོས། ངེས་པར་དུ་གོང་འཕེལ་གཏོང་རྒྱུ་དེ་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩར་བརྩི་དགོས། གོང་འཕེལ་གཏོང་བའི་མིག་རྒྱང་དང་། གོང་འཕེལ་གཏོང་བའི་བསམ་གཞི། གོང་འཕེལ་གཏོང་བའི་བྱ་ཐབས་བཅས་ཀྱི་ཐོག་ནས་གོང་འཕེལ་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་གོང་འཕེལ་གཏོང་སྟངས་སྔར་བས་འགྱུར་ལྡོག་བཏང་ནས་བོད་ལྗོངས་འདི་ཉིད་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་སྤེལ་ཟམ་མི་ཆད་པ་གཏོང་དགོས། ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མཐའ་དག་ལས་ལྷག་པའི་ལྡོག་མེད་ཀྱི་ལས་འགན་ལ་བརྩི་དགོས། རྨང་རྩ་གཉིས་བརྟན་དང་མི་སེམས་འགུགས་ཐབས་བྱེད་རྒྱུ་དང་། ཐབས་ཇུས་སྔོན་ལ་བཏིང་ནས་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཡུན་རིང་གི་སྒོ་ནས་སྤེལ་རྒྱུ་དང་། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཟམ་མི་ཆད་པ་བྱས་ཐོག་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་ང་ཚོའི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་ཀྱིས་མང་ཚོགས་ཀྱི་གཙོ་བོའི་གནས་བབ་མངོན་ཆེར་བཟུང་ནས་མང་ཚོགས་ལ་བརྟེན་པ་དང་མང་ཚོགས་ལ་ཡིད་ཆེས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དེ་གཙོ་གནད་དུ་བཞག་ནས་གྲོང་མིའི་འཚོ་བའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། གོང་འཕེལ་བཅས་ཡག་པོ་ཡོང་བའི་འབད་བརྩོན་བྱེད་དགོས། ངེས་པར་དུ་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་དེ་བོད་ལྗོངས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྲ་ཞིང་མཁྲེགས་པའི་རྨང་རྡོ་ལྟ་བུར་བརྩི་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ཐུབ་པ་བྱས་ནས་ཐུན་མོང་ཐོག་དེ་བས་བདེ་སྐྱིད་མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་འགྱུར་གཏོད་དགོས། ངེས་པར་དུ་འབྱུང་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུ་དེ་ང་ཚོའི་འགན་ནུས་གལ་ཆེན་དུ་བརྩི་དགོས། སྲུང་སྐྱོབ་དང་གསར་སྤེལ་བྱེད་རྒྱུ་ཕན་ཚུན་སྐུལ་སྤེལ་བཏང་ནས་མི་དམངས་ཀྱི་ཆེད་དུ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་པ་དང་འབྱུང་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་གལ་ཆེའི་འབྱུང་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

        གྲུབ་འབྲས་མཐོང་བ་དང་དུས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་དགོས་པ་སྟེ། ཕུགས་ནས་བལྟས་ན་རང་ལྗོངས་ཀྱིས་མ་འཇོག་གཙོ་བོར་བརྟེན་ནས་དཔལ་འབྱོར་འཕར་ཐབས་བྱེད་པ་དེ་རྒྱུན་མཐུད་བྱེད་ཁག་པས་ང་ཚོས་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ལ་གང་མགྱོགས་འགྱུར་བ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་དོ་སྙོམས་མེད་པ་དང་ཁུལ་ཁོངས་ཀྱི་གོང་འཕེལ་གཏོང་རྒྱུ་དེ་ཡང་གཞི་མཚུངས་པོ་མེད་པའི་གནས་ཚུལ་སྔར་བཞིན་གནས་ཡོད་པས་ང་ཚོས་གཅིག་གྱུར་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུ་ཁག་ཏུ་འགྲོ་བ་དང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་ཆེ་རུ་འགྲོ་གི་ཡོད་པས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཡོང་འབབ་འཕར་ལམ་རྒྱ་ཆེར་གཏོད་དགོས་པ། སྤྱི་ཚོགས་ཀྱི་ལས་ཞུགས་ལྟ་བར་གང་མགྱོགས་འགྱུར་ལྡོག་གཏོང་དགོས་པ་དང་ལས་ཞུགས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས་ང་ཚོས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། ཁྱད་ལྡན་དགེ་སྟོབས་ལྡན་པའི་ཐོན་ལས་ཀྱི་གཞི་ཁྱོན་ཆུང་ལ་བང་རིམ་དམའ་པོ་ཡིན་པ་དང་གོང་འཕེལ་གཏོང་བའི་ནང་ཤུགས་འདེང་གི་མེད་པས་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་སྐྱོང་སྤེལ་བྱེད་རྒྱུར་འདེགས་སྐྱོར་བྱེད་དགོས་པ། རིམ་ཁག་སྲིད་གཞུང་གི་བསམ་བློའི་ལྟ་བ་དང་། སྲིད་འཛིན་བྱེད་སྟངས། ལས་ཀའི་སྤྱོད་ཚུལ་སོགས་གོང་འཕེལ་དང་བརྟན་ལྷིང་གི་བླང་བྱ་གསར་པ། དེ་བཞིན་མི་དམངས་མང་ཚོགས་ཀྱི་དགོས་འདུན་གསར་པ་བཅས་དང་རྦད་དེ་རང་མཐུན་ཐུབ་ཀྱི་མེད་པས་ང་ཚོས་བསམ་བློར་སྔར་བས་བཅིངས་འགྲོལ་དང་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན་ཞིང་། དཀའ་ངལ་དང་འགྲན་སློང་དེ་དག་མང་ཆེ་བ་ནི་སྒྱུར་བཅོས་དང་གོང་འཕེལ་གཏོང་སྐབས་ཐོན་པའི་དུས་མཚམས་རང་བཞིན་གྱི་གནད་དོན་ཡིན་པས་ང་ཚོས་སྒྱུར་བཅོས་དང་གོང་འཕེལ་གཏོང་བའི་བྱ་ཐབས་ལ་མུ་མཐུད་བརྟེན་ནས་ཐག་གཅོད་ནན་ཏན་བྱེད་དགོས། ཕྱོགས་མཚུངས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་སྤེལ་བའི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་སྐད་ཅིག་ཙམ་ཡང་མཚམས་འཇོག་བྱེད་ཀྱི་མེད་པས་རང་ལྗོངས་སུ་མི་རིགས་ཁག་གི་མི་དམངས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འཐུས་ཚབ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་དམིགས་བསལ་འགལ་ཟླ་སྔར་བཞིན་གནས་མུས་ཡིན་པ་དང་། ང་ཚོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་བ་དང་། རྣོ་ངར་ལྡན་པ། ཪྙོག་འཛིང་ཆེ་བ་བཅས་ཡིན་པས་མ་ཚད་སྐབས་རེ་ཤིན་ཏུ་ཛ་དྲག་པོ་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད།

        སླད་ཕྱིན་ལོ་ལྔའི་ལས་ཀའི་གྲོས་འཆར།

        སླད་ཕྱིན་ལོ་ལྔ་ནི་རང་ལྗོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་འགག་སྒྲོལ་དུས་སྐབས་ཤིག་དང་མུ་མཐུད་རྒྱལ་ཡོངས་གོང་འཕེལ་འགྲོ་བའི་གོམ་སྟབས་ཀྱི་རྗེས་ཟིན་པ་བྱེད་རྒྱུའི་འགག་རྩའི་དུས་སྐབས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་སླད་ཕྱིན་གྱི་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་ཚོད་ནང་ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་ལས་དོན་ཐད་འཐབ་ཇུས་བཀོད་སྒྲིག་གསར་པ་གནང་ཡོད་པས་གལ་ཆེའི་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་རིང་གི་ལོ་རྒྱུས་དོན་སྙིང་ལྡན་ཡོད་ལ་སྔར་ལས་ལྷག་པའི་སྒོ་ནས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་སྟོན་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུར་འབྲལ་མེད་ཕྱོགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་པོ་ཡོང་བ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཐོག་བསམ་བློ་གཅིག་གྱུར་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གཏན་འཁེལ་བྱས་པའི་ལས་འགན་ཁག་གི་ཐོག་སྟོབས་ཤུགས་གཅིག་འགྲིལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཐོག་བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་ཞུམ་མེད་ཡར་བརྩོན་དང་། དཀའ་སྤྱད་འབད་འཐབ། འབད་བརྩོན་ལྷོད་མེད་བཅས་བྱེད་དགོས།

        སླད་ཕྱིན་ལོ་ལྔའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་སོགས་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་མཛད་ཕྱོགས་དང་ཇུས་གཞིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་ཏང་ཀྲུང་དབྱང་གིས “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ” “འགན་སྲུང་བཞི ”བཅས་གཏན་འཁེལ་ཁ་གསལ་གནང་བ་གཞིར་བཟུང་སྤྱི་ཚོགས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་དམ་འཛིན་ཡག་པོ་དང་སྤུས་འབོར་གཉིས་ལྡན་གྱི་ཕན་ལྡན་གོང་འཕེལ་ལ་སྐུལ་འདེད་བཏང་ཐོག་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ་དང་། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་སྔར་ལས་ལྷག་པ་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་སྟེ་འབྱོར་ཕྱུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྐྲུན་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས།

        སླད་ཕྱིན་ལོ་ལྔའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། འབྱུང་ཁམས་ལེགས་སྐྱོང་བཅས་བྱེད་རྒྱུ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དེ་ཡིན། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་12%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་15%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ལོ་རེར་ཆ་སྙོམས་15%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4%ཡི་ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་7.5%ཡན་འཕར་བ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་ལོ་རེར་ཆ་སྙོམས་13%ཡན་འཕར་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་གོང་འཕེལ་ཆེན་པོ་ཡོང་བ་བྱེད་རྒྱུ། འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ། མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་དགོས།

        གཅིག དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་བཏང་སྟེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

        གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རྐང་པ་འཛུགས་ས་དེ་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་རྒྱུའི་ཐོག་སྒྱུར་ནས་མ་འཇོག་དང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་གཙོ་གནད་དུ་བཟུང་སྟེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་གསར་པ་མགྱོགས་མྱུར་ཆགས་པ་བྱས་ནས་སྤུས་ཚད་དེ་བས་ལེགས་པ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་བཞག་ཡོད་པ། དེ་བས་རྒྱུན་མཐུད་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        མ་འཇོག་དང་འཛད་སྤྱོད་ཀྱིས་མཐུན་སྦྱོར་ངང་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བའི་རྣམ་པ་བཟང་པོ་བརྟན་འཁྱོངས་གོང་འཕེལ་ཡོང་བ་བྱེད་དགོས། ཀྲུང་དབྱང་ནས་མ་འཇོག་རག་ཐབས་དང་སྤྱི་ཚོགས་ཀྱིས་མ་འཇོག་བྱེད་རྒྱུར་ཁྲིད་སྟོན་དང་སྐུལ་མ་བཏང་ཐོག བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ་རིགས་འདྲ་མིན་གྱི་མ་འཇོག་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཙོ་ཆེའི་རྣམ་གྲངས་ཐད་མ་འཇོག་གི་སྐུལ་སྤེལ་ནུས་པ་མངོན་ཆེར་བཟུང་སྟེ་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཕྱོགས་བསྡུས་ནུས་རྒྱུ། དེང་རབས་འཕྲིན་གཏོང་། ཆུ་བེད་འགན་སྲུང་མ་ལག་བཅས་སྐྲུན་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། 2017ལོར་སླེབས་སྐབས་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་20000ཡན་ཟིན་པ་བྱེད་རྒྱུ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བཟོས་ནས་མེ་འཁོར་གཏོང་ཐུབ་པ་དང་། ལྗོངས་ནང་ཁུལ་དུ་མཁའ་འགྲུལ་དྲ་རྒྱ་འཐུས་ལེགས་སུ་གཏོང་ཐུབ་པ། གློག་འདོན་ཤོང་ཚད་ཆན་ཝ་ཁྲི་260ཡན་ཟིན་པ་བཅས་ཀྱི་འབད་བརྩོན་བྱེད་རྒྱུ། འཁོར་རྒྱུག་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་འཛད་སྤྱོད་སྐྱོང་སྤེལ་བྱེད་རྒྱུ་དང་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་རྣམ་པ་ལྡན་པའི་འཛད་སྤྱོད་གོང་འཕེལ་གཏོང་རྒྱུར་ཤུགས་རྒྱག་པ། ཡུལ་སྐོར་དང་། སྡོད་ཁང་། རླངས་འཁོར་སོགས་འཛད་སྤྱོད་དར་སོ་ཆེ་གྲས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ་མ་ཟད། འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱས་ཏེ་འཛད་སྤྱོད་ཀྱི་གྲུབ་ཆ་རིམ་སྤོར་དང་གྲོང་ཁྱེར་གྱི་འཛད་སྤྱོད་ཆུ་ཚད་གོང་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་ལོ་རེར་ཆ་སྙོམས་15%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་དགོས།

        ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་དགོས། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ་དངོས་གཞིའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་མངོན་ཆེར་དམ་འཛིན་བྱེད་རྒྱུ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དར་སྤེལ་ཤུགས་ཆེ་གཏོང་རྒྱུ། སྡེ་གླིང་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་དང་ཐོན་ལས་དར་ཁུལ་སྐྲུན་རྒྱུ། ནུབ་གློག་ཤར་ཁྲིད་ཀྱི་ནུས་རྒྱུ་རྒྱུན་མཐུད་རྟེན་གཞི་དང་གོར་མོ་དང་བོད་ཀྱི་ལེགས་ཆ་ཆེ་བའི་གཏེར་རིགས་ཐོན་ཁུངས་ཞིབ་ལས་སྤུས་དག་བཟོ་སྣོན་རྟེན་གཞི་སྐྲུན་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་ཡུལ་སྐོར་དམིགས་ས་བཅས་སྐྲུན་རྒྱུའི་འབད་བརྩོན་བྱེད་དགོས། 2017ལོར་སླེབས་སྐབས་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་གནས་ཐུབ་པ་དང་། ཕྱུགས་ལས་དེ་ཞིང་འབྲོག་ལས་སྤྱིའི་ཐོན་འབབ་རིན་ཐང་གི་བསྡུར་ཚད་60%ཡན་ཟིན་པ་བྱེད་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་ཚད་40%ཡན་ཟིན་པ་བྱེད་རྒྱུ། བཟོ་ལས་འཕར་ཐང་དེ་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་20%ཡན་ཟིན་པ་བྱེད་རྒྱུ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལ་སྣེ་ལེན་ཞུ་རྒྱུ་བཅས་ཀྱི་འབད་བརྩོན་བྱེད་དགོས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་འདེད་སྐུལ་གྱི་འཐབ་ཇུས་ལག་བསྟར་གྱིས་ཚན་རྩལ་གསར་གཏོད་དང་། སྤོ་སྒྱུར། དངོས་སྒྱུར་བཅས་བྱེད་མགྱོགས་སུ་བཏང་ནས་ཁེ་ལས་ཀྱིས་གཙོ་གཉེར་བྱེད་པ་དང་། ཁྲོམ་རས་ཁྲིད་སྟོན་བྱེད་པ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་ལག་རྩལ་གསར་གཏོད་མ་ལག་སྐྲུན་རྒྱུར་ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གོང་འཕེལ་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། གཅིག་གྱུར་འཆར་འགོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་མཐུན་སྦྱོར་ངང་མཉམ་དུ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་གྱུར་འཆར་འགོད་ཀྱིས་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མཐའ་མཚམས་ས་ཁུལ་དང་། དབུལ་པོའི་ས་ཁུལ། ཆབ་མདོ་སོགས་བལྟོས་བཅས་ཀྱིས་རྗེས་སུ་ལུས་པའི་ས་ཁུལ་གང་མགྱོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པའི་གྲོང་ཁྱེར་གྲོང་རྡལ་གྱི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་བརྟན་པོའི་ངང་གོང་འཕེལ་ཧུར་ཐག་བཏང་ཐོག ཞིང་འབྲོག་པ་ལས་སྒྱུར་བྱེད་མཁན་རྣམས་གོ་རིམ་ལྡན་པའི་ངང་གྲོང་མིར་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། 2017ལོར་སླེབས་སྐབས་གྲོང་ཁྱེར་གྲོང་རྡལ་ཅན་དུ་སྒྱུར་ཚད་35%ཡན་ཟིན་ཐུབ་པའི་འབད་བརྩོན་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལེགས་སུ་བཏང་སྟེ་ཞིང་འབྲོག་ལས་ལ་ཤུགས་སྣོན་དང་། ཞིང་འབྲོག་པར་ཕན་སྦྱར། ཞིང་འབྲོག་ཁུལ་ལ་རྒྱབ་སྐྱོར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོ་དང་དུད་ཚང་ཚང་མར་ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། སྦྲག་འཕྲིན། རླུང་འཕྲིན་བཪྙན་འཕྲིན། མཛེས་སྡུག་ལྡན་པའི་ཁོར་ཡུག་སོགས་བཟོ་འཁྲིད་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་མུ་མཐུད་ལེགས་སུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་མགྱོགས་ཙམ་འཕར་ཐུབ་པ་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། སྐབས་གསར་པའི་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་2017ལོར་སླེབས་སྐབས་ཡོང་འབབ་དམའ་བའི་མི་འབོར་དེ་ཞིང་འབྲོག་ཁུལ་གྱི་མི་འབོར་སྤྱིའི་བསྡུར་གྲངས་ཀྱི་10%མན་ཆག་ཐུབ་པའི་འབད་བརྩོན་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་གཙོ་རྐང་འདུ་ཤེས་དང་། ཁྲོམ་རའི་འདུ་ཤེས། ལས་ལམ་གསར་གཏོད་ཀྱི་འདུ་ཤེས་བཅས་ཤུགས་ཆེར་བཏང་སྟེ་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་ལས་བརྩོན་ཕྱུག་འགྱུར་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཞིང་འབྲོག་མང་ཚོགས་ལ་ཚན་རིག་དང་། ཤེས་དཔལ། སྐྱོན་བྲལ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཆགས་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།

        གཉིས། བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྒོ་དབྱེ་རྒྱ་ཆེར་བཏང་ནས་གསོན་ཤུགས་དེ་བས་ཆེ་བའི་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་སྲོལ་ཞིག་འཛུགས་དགོས།

        གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་ཤུགས་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྒུལ་ཤུགས་དང་གསོན་ཤུགས་སྤྲོད་དགོས། ཁྲོམ་རའི་ཆོས་ཉིད་ལ་དེ་བས་བརྩི་མཐོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག་ཁྲོམ་རས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ནང་གི་རྨང་གཞིའི་ནུས་པ་འདོན་སྤེལ་དེ་བས་ཆེ་བ་དང་དེ་བས་རྒྱ་ཁྱབ་བྱས་ནས་གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས། མུ་མཐུད་དེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་ཡོང་འབབ་བགོ་འགྲེམས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། གོམ་པ་བརྟན་པོའི་ངང་བྱ་གཞག་ཚན་པ་རིགས་དབྱེའི་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། སྨན་རྫས་འཕྲོད་བསྟེན་དོ་དམ་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། རིག་གནས་ལམ་སྲོལ་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཕན་ལྡན་གྱི་སྤྱི་ཚོགས་དོ་དམ་ལམ་སྲོལ་གང་མགྱོགས་ཆགས་པ་བྱས་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་་དོ་དམ་གྱི་དྲ་རྒྱ་ཚགས་ཚུད་དུ་གཏོང་དགོས། རིགས་འདྲ་མིན་གྱི་ཁྲོམ་རའི་གཙོ་རྐང་གོང་འཕེལ་གཏོང་བའི་གསོན་ཤུགས་གསར་པར་ངར་སྐུལ་གཏོང་རྒྱུར་ཤུགས་བརྒྱབ་ནས་བློས་འགེལ་བ་དང་། བཀག་རྒྱ་གློད་པ། ལྷུག་ཏུ་གཏོང་བ། བློ་ཁོག་ཆེན་པོ་བྱེད་པ། སྲབ་མདའ་གློད་པ་བཅས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་བཏང་སྟེ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་དང་གོང་འབུལ་ཁྲལ་འབབ་ཁག་སོ་སོར་ལོ་རེར་ཆ་སྙོམས་15%ཡན་ཟིན་ཐུབ་པའི་འབད་བརྩོན་བྱེད་དགོས། དངུལ་རྩའི་གཙོ་རྐང་མང་དུ་དང་སྟོབས་ཆེར་བཏང་ནས་ས་གནས་དངུལ་རྩའི་ལས་ཁུངས་ཀྱི་བྱེད་ནུས་རིམ་སྤོར་ཚགས་ཚུད་དུ་བཏང་ནས་གཞི་རིམ་དངུལ་རྩའི་ལས་ཁུངས་ཀྱི་ཞབས་ཞུའི་དྲ་རྒྱ་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། ཁག་ཐེག་མ་ལག་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་གཏོང་དགོས། རྗེས་གྲབས་ཁེ་ལས་ཐོན་ཁུངས་སྐྱོང་སྤེལ་དང་གདམ་ག་ཧུར་ཐག་བྱས་ཐོག ཁྲོམ་འགྲེམས་ཀུང་སིར་སླར་ཡང་མ་དངུལ་བསྡུ་གཏོང་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས། རྗེས་གྲབས་ཁེ་ལས་ཐོན་ཁུངས་སྐྱོང་སྤེལ་དང་གདམ་ག་ཧུར་ཐག་བྱས་ཐོག ཁྲོམ་འགྲེམས་ཀུང་སིར་སླར་ཡང་མ་དངུལ་བསྡུ་གཏོང་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས།

        ཕྱི་ནང་གཉིས་ཀར་སྒོ་མོ་དབྱེ་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁུལ་ཁོངས་རང་བཞིན་གྱི་མཉམ་ལས་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ནང་སའི་དཔལ་འབྱོར་གྱི་རྒྱུན་འཁོར་ཆེན་མོའི་ནང་མཉམ་འདྲེས་ཐུབ་པ་བྱས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་ཁྱབ་བཀོད་དང་ཐོན་ལས་ཁག་བགོས་ཁྲོད་དུ་རང་ལྗོངས་ཀྱི་འཐབ་ཇུས་གནས་བབ་རིམ་བཞིན་གོང་མཐོར་བཏང་ཐོག

        ཨེ་ཤ་ཡ་ལྷོ་མའི་ཚོང་དོན་སྐམ་སའི་བགྲོད་ལམ་ཆེན་མོ་སྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མཐའ་མཚམས་ཚོང་དོན་ཁྲོམ་ར་དང་། ཕྱིར་གཏོང་རྟེན་གཞིའི་རྨང་གཞིའི་འཛུགས་སྐྲུན་དང་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཐའ་མཚམས་ཚོང་དོན་གོང་འཕེལ་མགྱོགས་སུ་བཏང་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་གཞོགས་འདེགས་བྱས་ཐོག ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་རྒྱུ་དང་། ཕྱིར་སྡོད་རང་མིའི་ལས་དོན་ཧུར་ཐག་ཡག་པོ་བསྒྲུབས་ནས་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་ཆེར་གཏོང་དགོས།

        གསུམ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་སྟེ་དམངས་འཚོ་བདེ་སྐྱིད་སྔར་བས་ཡག་པ་ཡོང་བ་བྱེད་དགོས།

        སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པ། རྒྱུན་མཐུད་པ་བཅས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་གང་མགྱོགས་ཆགས་པ་བྱས་ཏེ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་རྒྱུན་མཐུད་ནས་གོང་འཕེལ་གསར་པ་ཡོང་བ་བྱེད་དགོས། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འགན་བབས་སློབ་གསོ་སྙོམས་མཚུངས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་དང་། མཐའ་མཚམས། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་བཅས་ལ་སློབ་གསོའི་ཐོན་ཁུངས་གཙོ་གནད་དུ་ཕྱོགས་ནས་2017ལོར་སླེབས་སྐབས་སློབ་ཞུགས་གོང་གི་བྱིས་པ་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་60%ཟིན་པ་དང་། སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་99.5%ཟིན་པ། དམའ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད་99%ཟིན་པ། མཐོ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད་80%ཡན་ཟིན་པ་བཅས་བྱེད་རྒྱུའི་འབད་བརྩོན་བྱེད་དགོས། མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་དགོས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་རྒྱུར་ཤུགས་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་བཀོད་དང་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་ལ་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་བསྒྲུབ་དགོས། དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་བྱེད་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། གསར་སྐྱེས་ཕྲུ་གུའི་མི་སྤུས་དག་ཏུ་གཏོང་དགོས་པ་དང་། མི་འབོར་ཡུན་རིང་དོ་མཉམ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་སྤུས་ཚད་དེ་བས་ཡག་པ་ཡོང་བའི་འབད་བརྩོན་བྱས་ནས་ངལ་རྩོལ་པས་རང་བརྟེན་ལས་ཞུགས་བྱེད་པ་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང་བྱ་གཞག་གཏོད་རྒྱུར་སྐུལ་ལྕག་གཏོང་བ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱས་ཐོག་ཐབས་རྣམ་མང་བའི་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་བཏང་སྟེ་བྱ་གཞག་གཏོད་པར་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཡོད་པ་བཟོ་དགོས། སློབ་ཆེན་སློབ་ཐོན་སློབ་མ་ཁེ་ལས་དང་གཞི་རིམ་དུ་ལས་ཞུགས་བྱེད་པར་སྐྱོད་རྒྱུར་སྣེ་ཁྲིད་བྱས་ཏེ་རང་བརྟེན་གསར་གཏོད་བྱེད་རྒྱུར་སྐུལ་མ་བཏང་ནས་བོད་ཀྱི་སློབ་ཆེན་གྱི་ད་ལོའི་སློབ་ཐོན་སློབ་མ་ཆ་ཚང་ལས་ཞུགས་ཐུབ་པ་འགན་ལེན་དང་། ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པའི་ལས་ཞུགས་གསར་གཏོད་བྱེད་ནུས་གོང་མཐོར་བཏང་སྟེ་ལོ་ལྟར་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་མི་ཁྲི་2ཡན་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མིའི་ཐེངས་གྲངས་ཁྲི་45ཡན་སྤོ་སྒྱུར་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་གཅིག་གྱུར་ཐོག་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ཁེབས་རྒྱ་ཆེ་ལ་རྨང་གཞི་འགན་སྲུང་དང་། བང་རིམ་མང་བ། རྒྱུན་བསྲིངས་བཅས་ཀྱི་མཛད་ཕྱོགས་དོན་འཁྱོལ་བྱས་ཐོག སྤྱི་ཚོགས་འགན་བཅོལ་གྱི་ཁེབས་ཁྱོན་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེར་བཏང་སྟེ་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཆའི་ཆུ་ཚད་བརྟན་པོའི་སྒོ་ནས་གོང་མཐོར་གཏོང་ཐུབ་པ་དང་། སྤོ་སྒྱུར་ཐུབ་ལ་རྒྱུན་མཐུད་ཐུབ་པ་དང་འབྲེལ་སྦྱོར་ཡག་པོ་བཅས་བྱེད་གང་ཐུབ་བྱས་ནས་2017ལོར་སླེབས་དུས་རིགས་འདྲ་མིན་གྱི་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་པ་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཕན་བདེའི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་སྟེ་གྲོང་གསེབ་ཀྱི་འགན་ལེན་ལྔ་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་50%ཡན་ཟིན་པ་བྱེད་རྒྱུ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མུ་མཐུད་གཟིགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས།

        བཞི། རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཐོག “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ། གཙོ་གནད་རིག་གནས་དམངས་ཕན་ལས་གཞིར་སྐུལ་སྤེལ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་འཐབ་ས་བཟུང་དགོས་ཤིང་། ཚན་རྩལ་དང་། རིག་གནས། འཕྲོད་བསྟེན། བཅའ་ཁྲིམས། ཆོས་ལུགས་བཅས་ཀྱི་ཞབས་ཞུ “གཤམ་སྤེལ་ལྔའི ”བྱེད་སྒོ་ཤུགས་ཆེ་སྤེལ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཏེ་སྤྱི་པའི་རིག་གནས་ཐོན་རྫས་ཀྱི་ཐོན་སྐྱེད་མཁོ་སྤྲོད་བྱེད་ནུས་གོང་མཐོར་གཏོང་དགོས། རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ་རིག་གནས་བརྩམས་ཆོས་རྩེ་གྲ་གསར་གཏོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག རིག་གནས་དོ་དམ་ལམ་སྲོལ་དང་རིག་གནས་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རིག་གནས་ཁེ་ལས་དང་རིག་གནས་ཁྲོམ་ར་སྐྱོང་སྤེལ་བྱས་ནས་2017ལོར་སླེབས་སྐབས་རིག་གནས་ཐོན་ལས་ཀྱི་འཕར་ཐང་དེ་ཐོན་སྐྱེད་སྤྱིའི་རིན་ཐང་བསྡུར་ཚད་ཀྱི་3%ཡན་ཟིན་པ་བརྩོན་ལེན་གྱིས་རང་ལྗོངས་ཀྱི་ཁྱད་ལྡན་གཙོ་རྟེན་ཐོན་ལས་གསར་པ་ཞིག་ཏུ་རིམ་བཞིན་འགྱུར་བ་བྱེད་དགོས། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་རིག་གནས་སྲུང་སྐྱོབ་བྱེད་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། “བོད་ཤིན་ལས་གཞི ”གང་མགྱོགས་ལག་བསྟར་བྱེད་རྒྱུ་དང་། ཏང་གི་ཚགས་པར་དང་དུས་དེབ “གྲོང་ཚོ་ཀུན་ཁྱབ ”དང་“དགོན་སྡེ་ཀུན་ཁྱབ ” རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ཁྱབ ”དང་“དགོན་སྡེ་ཀུན་ཁྱབ ”ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་གསུང་སྒྲ་དང་གཟུགས་བཪྙན་ལྗོངས་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་མ་ཁྲི་120ལྷག་ཙམ་ཟིན་པའི་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ཁམས་སུ་ལྟ་ཉན་ཐུབ་པ་འགན་ལེན་བྱས་ནས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བཪྙན་ལྟ་ཉན་མི་ཐུབ་པ་བཟོས་ནས་འདུ་ཤེས་ཀྱི་ཁྱབ་ཁོངས་དང་རིག་གནས་ཀྱི་ཁྱབ་ཁོངས་ནང་གནས་ཚུལ་སྤུ་ཙམ་ཡང་མི་ལྷག་པ་འགན་ལེན་བྱེད་དགོས། བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཕྱི་ནང་དུ་དོན་དངོས་ཇི་མ་ཇི་བཞིན་དང་། དབྱར་མཚོ་རྒྱས་པ་ལྟར་གྱི་ཡར་རྒྱས། མཐུན་སྒྲིལ་ཞི་མཐུན་བཅས་ཡིན་པའི་བོད་ལྗོངས་གསར་པའི་གཟུགས་བཪྙན་བཟང་པོ་ཞིག་གཏོད་ཐུབ་པ་བྱེད་དགོས།

        ལྔ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

        “རྨང་རྩ་གཉིས་བརྟན་དང་མི་སེམས་འགུགས་པ ”དང་“བྱ་སྤྱོད་སྔོན་ལ་སྤེལ་བ་དང་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་”རྒྱུན་འཁྱོངས་བྱས་ཐོག སྔ་ཙམ་ནས་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་རྒྱུན་འཁྱོངས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐད་ཀྱི་བྱ་ཐབས་ཁག་བཅུ་མུ་མཐུད་འཐུས་ཚང་དུ་བཏང་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཟོ་དགོས། དེ་ཡང་སྔར་ལས་ལྷག་པའི་སྒོ་ནས་རྨང་བརྟན་དམངས་ཕན་གྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཐུབ་པའི་འགན་ལེན་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་བསྣུར་བསྲིང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་དྲ་མིག་ཅན་གྱི་དོ་དམ་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་ཆོས་ལུགས་བྱ་བར་དོ་དམ་ནན་པོ་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་གཙོ་གནད་ཀྱི་ས་ཁུལ་དང་། གཙོ་གནད་ཀྱི་གནས་ཁུལ། གཙོ་གནད་ཀྱི་མི་སྣ་བཅས་ལ་དོ་དམ་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁུག་གསང་སྟོང་གསུམ་མ་ལུས་པ་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་གསར་དར་སྨྱན་སྦྱོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་ཆ་འཕྲིན་གསང་གནད་ལས་དོན་དང་འཕྲལ་སྡོམ་ལམ་སྲོལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་ཐོན་མ་ཐག་ཏུ་འཕྲལ་ཐག་ཆོད་པོས་ཐག་གཅོད་ཐུབ་པ་འགན་ལེན་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྔར་བས་ཤུགས་ཆེར་བཏང་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་འགན་ལེན་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཤུགས་ཆེར་བཏང་སྟེ་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱས་ཐོག གནད་དོན་ཆེ་རིགས་མི་ཐོན་པ་དང་། གནད་དོན་འབྲིང་རིགས་མི་ཐོན་པ། གནད་དོན་ཆུང་ཙག་ཡང་མི་ཐོན་པ་བཅས་ཀྱི་བརྩོན་ལེན་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཁྱོན་ཡོངས་ནས་བརྟན་ལྷིང་དང་། རྒྱུན་བསྲིང་བརྟན་ལྷིང་། ཡུན་རིང་བརྟན་ལྷིང་བཅས་ཡོང་བ་འགན་ལེན་བྱེད་དགོས།

        དྲུག མི་རིགས་ཆོས་ལུགས་ལས་དོན་ནན་ཏན་གྱིས་ཡག་པོ་བསྒྲུབས་ནས་མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་འཇམ་ཡོང་བར་སྐུལ་འདེད་གཏོང་དགོས།

        ཏང་གི་མི་རིགས་སྲིད་ཇུས་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཐོག མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་ཚོགས་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་ཆ་ཚང་བ་བྱེད་རྒྱུ་དང་། ཆོས་ལུགས་བྱ་བའི་དོ་དམ་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་ཆོས་ཕྱོགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། དགོན་སྡེའི་དོ་དམ་གསར་གཏོད་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཐོག དགོན་སྡེའི་དོ་དམ་གྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཟོ་དགོས། ནང་བསྟན་མཐུན་ཚོགས་དང་བོད་བརྒྱུད་ནང་བསྟན་སློབ་ཆེན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

        བདུན། འབྱུང་ཁམས་ཤེས་དཔལ་དར་སྤེལ་ཧུར་ཐག་བཏང་ནས་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྐྲུན་རྒྱུར་ཤུགས་རྒྱག་དགོས།

        རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱེད་པའི་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་བཙུགས་ཐོག འབྱུང་ཁམས་ཤེས་དཔལ་དར་བ་བྱེད་རྒྱུ་དེ་མངོན་ཆེའི་གནས་བབ་ཐོག་བཞག་ནས་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་སོགས་ཀྱི་ཕྱོགས་ཚང་མའི་ནང་ཁྱབ་འདྲེས་ཐུབ་པ་བྱེད་དགོས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་འབྱུང་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། འབྱུང་ཁམས་དཔལ་འབྱོར་དར་རྒྱས་ཆེ་བ། འབྱུང་ཁམས་ཁྱིམ་གཞིས་སྐྱིད་སྣང་དོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཡིན་པའི་འབྱུང་ཁམས་སྟོབས་ཆེའི་ཁུལ་ཞིག་ཧུར་ཐག་སྐྲུན་དགོས། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད་དང་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྱུང་ཁམས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྨོ་ཞིང་སྲུང་སྐྱོབ་བྱེད་རྒྱུའི་དམར་ཐིག་ནན་པོ་སྲུང་ནས་ས་ཞིང་གི་སྤྱོད་གོ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱེད་རྒྱུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ་དང་། གཙོ་གནད་ཁུལ་ཁོངས་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བཟོ་རྩལ་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱབ་གདལ་བེད་སྤྱོད་བྱེད་རྒྱུར་སྐུལ་ལྕག་བཏང་ཐོག་ནུས་རྒྱུ་གྲོན་ཆུང་དང་། ཆུ་གྲོན་ཆུང་། ས་ཆ་གྲོན་ཆུང་། རྒྱུ་ཆ་གྲོན་ཆུང་བཅས་བྱེད་པའི་ལས་དོན་ཏན་ཏིག་སྤེལ་དགོས། ཤིང་འཛུགས་ནགས་གསོ་དང་། རི་རྒྱ་བསྡམས་ནས་ནགས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་2017ལོར་སླེབས་སྐབས་ནགས་ཚལ་ཁེབས་ཚད་13%ཡན་ཟིན་པ་བྱེད་རྒྱུ། གནམ་གཤིས་ཀྱི་གནོད་འགོག་གེགས་སེལ་མ་ལག་འཛུགས་རྒྱུ་དང་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་པའི་ལྟ་དཔྱད་ཚད་ལེན་ཞབས་ཞུ་དང་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཁོར་ཡུག་ལ་ལྟ་དཔྱད་ཚད་ལེན་དང་ཁྲིམས་སྒྱུར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་དང་ཁོར་ཡུག་ལ་གནོད་འཚེ་བཟོས་པར་སྐྱིན་གསབ་སྤྲོད་ལམ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།

        བརྒྱད། མི་དམངས་རྣམས་སེམས་ནང་གི་རྩ་ཆེ་ཤོས་སུ་བཞག་ནས་མི་དམངས་ཀྱིས་མོས་པོ་བྱེད་པའི་སྲིད་གཞུང་ཞིག་ཧུར་ཐག་སྐྲུན་དགོས།

        དམངས་ཀྱི་ཆེད་དུ་དོན་དངོས་གཉེར་རྒྱུ་དང་གཞུང་དྲང་སྤྱོད་གཙང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་རྒྱུ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུའི་འབད་འཐབ་དམིགས་ཚད་ཡིན། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ་མི་རིགས་ཁག་གི་མི་དམངས་རྣམས་ལ་དེ་བས་ཡག་པའི་སློབ་གསོ་ཐོབ་པ་དང་། དེ་བས་བརྟན་པའི་ལས་ཀ་ཡོད་པ། དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ་ཡོད་པ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་ཡོད་པ། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ཡོད་པ། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་གི་ཆ་རྐྱེན་ཡོད་པ། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཡོད་པ་བཅས་བཟོ་གང་ཐུབ་བྱས་ཏེ་མི་དམངས་རྣམས་འཚོ་བ་སྔར་ལས་སྐྱིད་པ་ཡོང་བ་བྱེད་དགོས། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་གི “གཏན་འབེབས་ཁག་བརྒྱད ”དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “སྡོམ་ཁྲིམས་དོན་ཚན་བཅུ ”ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག མང་ཚོགས་དང་ཁ་བྲལ་བ་དང་། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས། མང་ཚོགས་གཙོ་རྐང་ཡིན་པའི་གནས་བབ་མངོན་ཆེར་བཟུང་ནས་སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཐོག དུས་བབ་གསར་པའི་མང་ཚོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གཏོང་དགོས། ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། སྲིད་གཞུང་གི་ཁྲིམས་བཟོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་བྱ་བ་ནན་པོ་སྒྲུབ་པ། ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་རིམ་ཁག་སྲིད་གཞུང་གིས་ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ཐོག སྲིད་གཞུང་གི་དོ་དམ་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་གྱི་ལམ་དུ་བཅུག་ནས་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས། སྲིད་འཛིན་སྤྱོད་གཙང་ཡོང་བ་མཐའ་འཁྱོངས་བྱེད་རྒྱུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ཁྲིམས་སྒྱུར་ལྟ་སྐུལ་དང་སྲིད་འཛིན་ནུས་ཕྱོད་ལ་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ཐོག ཚུལ་མིན་གྱི་སྤྱོད་ཚུལ་འདྲ་མིན་རིགས་ཡོ་བསྲང་ཏན་ཏིག་བྱེད་པ་དང་མང་ཚོགས་ཀྱི་འགྲམ་དུ་ཐོན་པའི་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས། སྲིད་གཞུང་ལས་ཁུངས་ཀྱི་ལས་བྱ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་བླང་བྱ་ནན་པོ་དང་། སློབ་གསོ་ནན་པོ། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་བྱས་ནས་བྱང་ཚད་མཐོ་བའི་གཞུང་ལས་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། བྱ་བ་དངོས་བསྒྲུབས་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། “སྟོང་གཏམ་བཤད་ན་རྒྱལ་ཁབ་ཕུང་འགྲོ་བ་དང་བྱ་བ་དངོས་བསྒྲུབ་ན་རྒྱལ་ཁབ་དར་རྒྱས་ཡོང་བ ”སེམས་ལ་བརྟན་པོར་ངེས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེ་བཏང་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཐོག དོན་དངོས་ལ་བརྟག་ཞིབ་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། ཤུགས་དངོས་གནས་རྒྱག་པ། ཐབས་རྩལ་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། བཤད་ན་བྱེད་དགོས་པ་དང་བྱས་ནས་བསྒྲུབ་ཐུབ་པ། ཡག་པོ་བསྒྲུབ་ཐུབ་པ་བཅས་བྱེད་དགོས་པ་ལས། ཁ་ལ་གཡེང་བ་དང་། འབོད་ཚིག་སྟོང་པ་སྒྲོག་པ། གནས་ལུགས་སྟོང་རྐྱང་བཤད་ནས་སྡོད་པ་བཅས་ནན་འགོག་མཐའ་གཅིག་ཏུ་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ་སྲིད་གཞུང་གི་འགན་ནུས་བསྒྲུབ་རྒྱུ་དེ་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་སྐྲུན་རྒྱུ་དང་། སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུ། སྤྱི་ཚོགས་ཀྱི་དྲང་སྙོམས་བདེན་སྐྱོང་བྱེད་རྒྱུ་བཅས་ཀྱི་ཕྱོགས་སུ་ཁ་སྒྱུར་བྱས་ཏེ་འགན་ནུས་ཚན་རིག་དང་མཐུན་པ་དང་། གྲུབ་ཆ་ལེགས་སྒྱུར། སྤྱོད་གཙང་ཕྱོད་ཆེ། མི་དམངས་འདོད་བློ་ཁེངས་པ་བཅས་ཀྱི་སློབ་སྦྱོང་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་ཀྱི་རྣམ་པ། དོན་དམ་གྱི་རྣམ་པ་བཅས་ལྡན་པའི་སྲིད་གཞུང་ཞིག་གང་མགྱོགས་འཛུགས་དགོས།

        ཕྱོགས་མཚུངས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས། རྒྱལ་སྲུང་གི་སློབ་གསོར་ཤུགས་སྣོན་དང་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་ཐོག དམག་དཔུང་དང་། ཉེན་རྟོག མི་དམངས་བཅས་ཀྱི་མཉམ་འདྲེས་རྣམ་པའི་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་ནས་བོད་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག མཐའ་སྲུང་། མེ་ཟོན། སྤྱི་བདེ། ཡུལ་དམག་གི་རྗེས་གྲབས་དཔུང་སྡེ་བཅས་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྲུང་འཛུགས་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་རྒྱུན་འཁོར་བཟང་པོའི་ནང་མཉམ་འགུལ་ཐུབ་རྒྱུར་སྐུལ་སྤེལ་གཏོང་དགོས།

        2013ལོའི་ལས་ཀའི་གཙོ་གནད།

        འདི་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་15%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3.5%ཡས་མས་སུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་8%ཡན་འཕར་བ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ་བཅས་ཡིན།

        གཤམ་གསལ་ཕྱོགས་ཁག་གི་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་གྲོས་འཆར་འདོན་རྒྱུ་སྟེ།

        གཅིག གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་འཆར་འགོད་རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་དགོས་པ་དང་། དུས་དཀྱིལ་གྱི་ཚོད་སྐོར་དང་ལེགས་སྒྲིག་ཡག་པོ་བྱས་ཏེ་ལོ་འཁོར་ནང་རྒྱལ་ཁབ་ནས་མ་འཇོག་སྒོར་དུང་ཕྱུར་380ཡན་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་18%འཕར་སྣོན་ཡོང་བའི་འགན་ལེན་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། དེའང་གཞུང་ལམ་བཟོ་རྒྱུའི་ཐད་རྒྱལ་ལམ་དང་ཞིང་ལམ་གྱི་གཞུང་ལམ་ཨ་མ་དང་། རྫོང་འབྲེལ་སྣུམ་ལམ། དཔལ་འབྱོར་གྱི་གཞུང་ལམ་ཨ་མ། མཐའ་སྲུང་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གཞུང་ལམ་གསར་བཟོ་བྱས་ཏེ་རླངས་འཁོར་ཤར་གཏོང་ཐུབ་ཚད་ལམ་ཐག་སྤྱི་ལེ་5000ཡན་ཟིན་པ་དང་། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་98%ཟིན་པ་བྱེད་དགོས། ལྕགས་ལམ་བཟོ་རྒྱུའི་ཐད་ལྷ་གཞིས་ལྕགས་ལམ་ལམ་རྒྱུད་ཀྱི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་ལྷ་གཞིས་ལྕགས་ལམ་བཟོས་ནས་ཤར་གཏོང་ཐུབ་པ་དང་ལྷ་ཉིང་ལྕགས་ལམ་བཟོ་འགོ་འཛུགས་ཐུབ་པའི་འབད་བརྩོན་བྱེད་རྒྱུ་དང་། ཁྲོན་བོད་ལྕགས་ལམ་ཆབ་མདོ་དུམ་བུའི་སྔོན་གྲབས་ལས་དོན་གང་མགྱོགས་སྤེལ་ཐུབ་པ་བྱེད་དགོས། མཁའ་ལམ་བཟོ་རྒྱུའི་ཐད་གོང་དཀར་གནམ་ཐང་དང་ཉིང་ཁྲིའི་གནམ་ཐང་འཛུགས་སྐྲུན་རྒྱ་སྐྱེད་བྱེད་རྒྱུ་དང་སྤོམ་མདའ་གནམ་ཐང་གི་འཕུར་ལམ་ཁུལ་སྒྱུར་བཟོའི་ལས་གྲྭ་གཙོ་གནད་དུ་བཞག་ནས་ལག་བསྟར་བྱེད་དགོས་པ་དང་། ནག་ཆུ་གནམ་ཐང་གི་འཛུགས་སྐྲུན་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ་དང་ལྷ་ས་གནམ་ཐང་གི་སྔོན་གྲབས་ལས་ཀ་ཕྱོགས་ཡོངས་ནས་འགོ་འཛུགས་ཐུབ་པའི་འབད་བརྩོན་བྱས་ཐོག ལྗོངས་ནང་ཁུལ་གྱི་ཡན་ལག་མཁའ་འགྲུལ་དྲ་རྒྱ་གོང་འཕེལ་ཤུགས་ཆེ་གཏོང་བ་དང་རྒྱལ་ནང་གི་མཁའ་ལམ་ལམ་ཐིག་དང་འཕུར་ཐེངས་མང་དུ་བཏང་ནས་འགྲུལ་པ་མིའི་ཐེངས་གྲངས་ཁྲི་270སྐྱེལ་འདྲེན་ཐུབ་པ་དང་དངོས་ཟོག་དང་སྦྲག་བསྐུར་ཀྲོན་ཁྲི་1.8ཡན་གཏོང་འདྲེན་ཐུབ་པའི་འབད་བརྩོན་བྱེད་དགོས། ཕྱོགས་བསྡུས་ཀྱི་ནུས་ཁུངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཤིང “ནུབ་གློག་ཤར་ཁྲིད ”ཀྱི་རྒྱུན་མཐུད་ནུས་ཁུངས་རྟེན་གཞི་གང་མགྱོགས་སྐྲུན་རྒྱུར་སྐུལ་སྤེལ་བཏང་ནས་ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་གློག་འདོན་ལས་གྲྭར་སྐུལ་སྤེལ་གཏོང་དགོས། མདོ་ཕུ་དང་། རྫམ། མགོན་མདོ་སོགས་ཀྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མངའ་རིས་ཀྱི་དྲ་སྦྲེལ་འོད་ཤུགས་གློག་ཁང་དང་ནག་ཆུའི་རླུང་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། ཆབ་མདོའི་གློག་དྲ་དང་སི་ཁྲོན་གྱི་གློག་དྲའི་དྲ་སྦྲེལ་ལས་གྲྭ་གཉེར་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གློག་དྲའི་གཙོ་རྐང་དྲ་སྒྲོམ་དང་གྲོང་ཁྱེར་གྲོང་རྡལ་གྱི་གློག་བགོས་དྲ་རྒྱ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་ལེགས་བཅོས་ཤུགས་ཆེ་བྱེད་པ། གློག་དྲ་གཙོ་བོ་དེ་ཞིང་འབྲོག་ཁུལ་དུ་ཁྱབ་འགྱེད་བཅས་བྱས་ཏེ་གཞི་རྩའི་ཆར་མི་ཚང་མར་གློག་བེད་སྤྱོད་ཐུབ་པ་བྱེད་དགོས། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་དགོས་ཤིང་གནོད་མེད་འཐུང་ཆུ་དང་། ཁུལ་ཁོངས་འབྲུབ་འགོག ཆུ་འདྲེན་གྲོན་ཆུང། ཆུ་རྩ་སྲུང་སྐྱོབ། ཆུ་བེད་གཙོ་རྐང་ལས་གྲྭ་དང་དམིགས་བསལ་ས་ཁུལ་གྱི་ཆུ་བེད་ལས་གྲྭ་བཅས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་དང་། ཕོད་མདོ་ཆུ་བེད་ལྟེ་གནས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཕན་པོའི་ཆུ་འདྲེན་ཁུལ་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཏན་ཏིག་སྤེལ་དགོས།

        ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་མུའུ་ཁྲི་10བཟོས་ཏེ་ཐོན་འབབ་དམའ་འབྲིང་གི་ས་ཞིང་མུའུ་ཁྲི་14.5ལ་སྒྱུར་བཀོད་བྱེད་དགོས། དེང་རབས་ཀྱི་འཕྲིན་གཏོང་འཛུགས་སྐྲུན་གང་མགྱོགས་བྱེད་དགོས་ཤིང་། འགུལ་འཁྱེར་དྲ་རྒྱའི་ཁེབས་རྒྱ་དང་དྲ་ཆེན་འཕྲིན་གཏོང་ལས་གྲྭར་སྐུལ་སྤེལ་གཏོང་རྒྱུ་དང་། ཏང་སྲིད་ཀྱི་ཆེད་སྤྱོད་དྲ་རྒྱའི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཐུས་ལེགས་སུ་བཏང་ཐོག རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་རིམ་པ་གསུམ་གྱི་འཕྲལ་སྤྱོད་འཕྲིན་གཏོང་མ་ལག་འཛུགས་པ་དང་སྦྲག་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་97.5%ཡི་ཤང་གྲོང་དུ་འོད་སྐུད་ཁྲིད་ཐུབ་པའི་འབད་བརྩོན་དང་ཤང་གྲོང་ཚང་མར་སྦྲག་སྲིད་དྲ་ཚུགས་ཁེབས་ཐུབ་པ་བྱེད་དགོས།

        གཉིས། ཁྱད་ལྡན་དགེ་སྟོབས་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུའི་གོང་འཕེལ་གྱི་བསམ་གཞི་ལྟར་ཁྱད་ལྡན་དགེ་སྟོབས་ཐོན་ལས་ཁུལ་ཆེན་པོ་སྐྲུན་རྒྱུར་ཤུགས་བརྒྱབ་ནས་ཐོན་ཁུངས་ཀྱི་དགེ་སྟོབས་དེ་དཔལ་འབྱོར་གྱི་དགེ་སྟོབས་སུ་འགྱུར་བ་བྱེད་དགོས། ཞིང་འབྲོག་ལས་གོང་མཐོར་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཁུལ་དང་། ཞིང་ཕྱུགས་ཐོན་རྫས་རྟེན་གཞི། “གཙང་གཅིག་ཆུ་གསུམ ”རྒྱུག་ཁུལ་གྱི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་བྱེད་རྒྱུ་དང་། ཉང་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་གོང་འཕེལ་གཏོང་བའི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་འཕར་གྱི་བྱེད་སྒོའི་འཆར་གཞི་གང་མགྱོགས་ལག་བསྟར་བྱས་ཏེ་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་95ཡན་ཟིན་ཐུབ་པའི་ཐོག ཀྲོན་ཁྲི་100ལ་སླེབས་རྒྱུར་བརྩོན་ལེན་བྱེད་རྒྱུ། སྔོ་ཚལ་ཀྲོན་ཁྲི་80ཡན་ཟིན་པ་བཅས་བྱས་ཏེ་འབྲུ་རིགས་དང་ལྷག་པར་དུ་ནས་འགན་སྲུང་དང་གལ་ཆེའི་ཞིང་ལས་ཐོན་རྫས་མཁོ་འདོན་འགན་སྲུང་ཐུབ་པ་བྱེད་དགོས། འབྲོག་ལས་གོང་འཕེལ་ཆེན་པོ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཕྱུགས་རིགས་དང་བྱ་རིགས་ཚད་ལྡན་ཅན་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་རྟེན་གཞི་གཏོད་རྒྱུའི་བྱེད་སྒོ་སྤེལ་ནས་ཕྱུགས་རིགས་དང་བྱ་རིགས་རྒྱུད་བཟང་མ་ལག་འཛུགས་ཤུགས་ཆེ་རུ་བཏང་སྟེ་ཤ་དང་དཀར་ཆུའི་ཐོན་ཚད་དེ་ཁག་སོ་སོར་ཀྲོན་ཁྲི་31.2དང་ཀྲོན་ཁྲི་35ཟིན་པ་བྱེད་རྒྱུ་དང་འབྲོག་ལས་ཀྱིས་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་བའི་བསྡུར་ཚད་དེ་50%ཡན་ཟིན་པ་བྱེད་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བཟང་སྒྱུར་བྱེད་རྒྱུ་དང་། ཞིང་ཞོར་ཐོན་རྫས་ལ་ཞིབ་ཚགས་བཟོ་སྣོན་བྱེད་རྒྱུར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་ཁག་24ལ་གཙོ་གནད་དུ་རོགས་སྐྱོར་བྱས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་36.5%ཟིན་པ་བྱེད་རྒྱུ། དཔེ་གསར་བཟོ་ལས་གང་མགྱོགས་གོང་འཕེལ་གཏོང་དགོས། སྡེ་གླིང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་ནས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཚོ་བོད་ལྕགས་ལམ་གྱི་ནག་ཆུའི་ཟོག་འགྲེམ་ལྟེ་གནས། གོར་མོའི་བོད་མཚོའི་བཟོ་ལས་སྡེ་གླིང་། ཆབ་མདོའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་ཐོན་ལས་སྡེ་གླིང་བསྐྲུན་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་དགོས་པ། ཁེ་ལས་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་གཞི་ཁྱོན་ཆེ་བ་དང་། ཕན་འབྲས་བཟང་བ། ཁྲོམ་རའི་མདུན་ལམ་རྒྱ་ཆེ་བ། འགྲན་རྩོད་ནུས་པ་དང་སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་ཁེ་ལས་ཚོགས་ཚོ་ཆེ་མོ་ཁ་ཅིག་སྐྱོང་སྤེལ་བྱེད་རྒྱུ། དགེ་སྟོབས་ལྡན་པའི་གཏེར་ཐོན་ལས་རིགས་དང་། ནུས་ཁུངས་ཐོན་ལས། བོད་ལུགས་གསོ་རིག་སྨན་ལས། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་དགེ་སྟོབས་ལྡན་པའི་ཐོན་ལས་བསྐྲུན་རྒྱུར་ཤུགས་བརྒྱབ་སྟེ་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ཐོག་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་70ཡས་མས་ཟིན་པ་བྱས་ནས་འཕར་ཚད་20%ཡན་ཟིན་པའི་བརྩོན་ལེན་བྱེད་རྒྱུ། ཞབས་ཞུའི་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་དགོས། དེ་ཡང་ཡུལ་སྐོར་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་དགོས་ཤིང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱེད་པ། དོ་དམ་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱས་ཏེ། ཐོན་ལས་མུ་འབྲེལ་བསྣུར་བསྲིང་བྱས་ནས “འཛམ་གླིང་ཡང་རྩེ་དང་། ངོ་མཚར་ཆེ་བའི་བོད་ལྗོངས ”ཀྱི་ཁྱད་ལྡན་གྲགས་རྟགས་སྐད་གྲགས་ཆོད་པ་བཟོས་ཏེ། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི་1260ལ་སྣེ་ལེན་ཞུས་ནས་འཕར་ཚད་20%ཡན་ཟིན་པའི་བརྩོན་ལེན་བྱེད་རྒྱུ། རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་སྡེ་གླིང་བསྐྲུན་ཐོག་དངོས་ལྗོངས་ཀྱི་འཁྲབ་ཚན་ཆེ་གྲས 《རྒྱ་བཟའ་ཀོང་ཇོ 》འཁྲབ་སྟོན་བྱེད་རྒྱུ་དང “ཐང་ཀ་བརྒྱའི ”གསར་གཏོད་ལས་གཞི་ལག་བསྟར་ཡག་པོ་བྱེད་རྒྱུ། ཚོང་དོན་ཟོག་འགྲེམ་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག་ཞིང་འབྲོག་ཁུལ་གྱི་ཚོང་ལས་དྲ་ཚིགས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་གཏོང་དང་། ཁྱིམ་སྤྱོད་གློག་ཆས་དང་མོ་ཊ་ཪྙིང་ཚབ་གསར་བརྗེས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཛད་སྤྱོད་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་300ལས་འགག་སྒྲོལ་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། དངུལ་རྩའི་འགན་བཅོལ་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་དགོས་ཤིང་། དངུལ་རྩའི་གཙོ་རྐང་མང་གཏོང་དང་སྟོབས་ཆེར་བཏང་ཐོག་བོད་ལྗོངས་ཀྱི་དངུལ་རྩའི་འགན་བཅོལ་སྒྲིག་གཞིའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་སྟབས་བསྟུན་སྤྱོད་མཁས་བྱས་ཐོག དངུལ་ཁང་གི་བཅོལ་དངུལ་དང་བུན་གཏོང་གི་ཧེ་བག་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས་པ། ས་ཁང་ཐོན་ལས་བརྟན་པོའི་ངང་གོང་འཕེལ་བཏང་ཐོག་ས་ཁང་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་བཟོ་བའི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་གཏོང་རྒྱུ་དང་། དངུལ་བུན་དང་། ཁང་ཉོ། གཞིས་ཆགས་གནས་སྡོད། སློབ་ཞུགས། ལས་ཞུགས་སོགས་ཆ་ལག་ཚང་སྒྲིག་གི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ས་ཁང་ཐོན་ལས་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་ཁྱབ་དཔལ་འབྱོར་དང་། གློག་རྡུལ་ཚོང་དོན། ཟོག་འགྲེམས་མངགས་སྐྱེལ་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་བཏང་སྟེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱོང་སྤེལ་ཧུར་ཐག་བྱེད་རྒྱུ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཤིང་། ཤེས་ལྡན་མི་སྣའི་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་ནས་རང་ལྗོངས་ལ་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཤེས་ལྡན་པའི་ལས་གཞི་ཁག་12འབྲེལ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུའི་འཆར་གཞི་ལག་ལེན་བསྟར་འགོ་འཛུགས་རྒྱུ། ནས་ཀྱི་ཐོན་ལས་དང་། བོད་སྨན་ཐོན་ལས། གསེར་གཡག་སོགས་གལ་ཆེའི་ཚན་རྩལ་ཆེད་དོན་ཆེ་གྲས་ཁག་བརྒྱད་ལག་བསྟར་གཏིང་ཟབ་བྱས་ཐོག ལྷ་ས་དང་གཞིས་རྩེའི་ཞིང་འབྲོག་ལས་ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་སྡེ་གླིང་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

        གསུམ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཙོ་གནད་ཀྱི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་ཤུགས་རྒྱག་དགོས་ཤིང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་གི་དབང་ཆ་གཏན་འཁེལ་དང་། ཐོ་འགོད། ལག་འཁྱེར་སྤྲོད་པ་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་གོམ་པ་བརྟན་པོའི་སྒོ་ནས་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། ནོར་ཁྲལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཐོག་གཉེར་སྒྱུར་འཕར་གསུམ་དང་། ཐོན་ཁུངས་དཔྱ་ཁྲལ་སྒྱུར་བཅོས་ཚོད་ལྟ་ཡག་པོ་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཇེ་མགྱོགས་སུ་བཏང་ནས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་སྤེལ་ནས་རིན་མེད་སྨན་བཅོས་བྱེད་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། ཕྱི་ནང་གཉིས་ཀར་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། ནང་ས་དང་ལྷག་པར་དུ་ག་སྦྱར་བོད་སྐྱོར་གྱི་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དབར་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགེ་མཚན་གསབ་རེས་དང་གཉིས་འཕེལ་མཉམ་རྒྱལ་ཐུབ་པ་བྱེད་རྒྱུ། ཉེ་འཁོར་ཞིང་ལྗོངས་དབར་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྷོ་ནུབ་དཔལ་འབྱོར་འཁོར་རྒྱ་ཆེན་པོའི་ནང་འཛུལ་ཞུགས་ཇེ་མགྱོགས་སུ་གཏོང་རྒྱུ། ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། མཐའ་མཚམས་འགག་སྒོ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག སྐྱིད་གྲོང་འགག་སྒོའི་མཐའ་མཚམས་གྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱི་ཕྱོགས་ཀྱི་ཚོང་དོན་འཕར་སྣོན་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ནག་ཆུའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་སྙན་འབུལ་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཕྱི་དངུལ་ནང་འདྲེན་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཨ་སྒོར་དུང་ཕྱུར་2ཡན་དངོས་སུ་བེད་སྤྱོད་གཏོང་ཐུབ་པ་བྱེད་རྒྱུ། གོང་འཕེལ་གྱི་ཁོར་ཡུག་ལེགས་འགྱུར་ཡོང་རྒྱུར་ཤུགས་རྒྱག་དགོས་ཤིང་། འགྲིམ་འགྲུལ་དང་། ནུས་ཁུངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག་མངོན་མེད་ཁོར་ཡུག་ལེགས་འགྱུར་ཡོང་རྒྱུར་ཤུགས་རྒྱག་དགོས་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་རྒྱུན་འཁྱོངས་བྱས་ཏེ་སྲིད་གཞུང་གི་འགན་ནུས་འགྱུར་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཞིབ་མཆན་འགོད་དབང་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིབ་མཆན་འགོད་ལམ་སྟབས་བདེར་ཤུགས་ཆེ་བཏང་ནས་འདི་ལོ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིབ་མཆན་འགོད་པའི་དོན་གནད་རྩ་དོན་ཐོག་50%ཉུང་དུ་གཏོང་རྒྱུ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དབང་ཆ་གཤམ་ལ་སྤྲད་ཐོག་སྲིད་ཇུས་ཁོར་ཡུག་གི་སྐས་རིམ་གྱི་དབྱེ་བ་བཟོས་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་བོད་དུ་མ་འཇོག་གིས་བྱ་གཞག་གཏོད་རྒྱུར་འདྲེན་འགུག་བྱེད་དགོས།

        བཞི། དམངས་འཚོ་ལེགས་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི “དངོས་དོན་ཁག་བཅུ ”ཡག་པོ་སྒྲུབ་དགོས། བདེ་སྡོད་ལས་གྲྭ་ལག་བསྟར་གང་མགྱོགས་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་8.75གྲབས་གསོག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུད་ལྷག་མ་52035ཡི་བདེ་སྡོད་ཁང་པ་འཛུགས་སྐྲུན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུད་ཁྲི་46.03ཚང་མ་བདེ་འཇགས་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་གནས་སྤོས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྡོད་ཁང་ཚང་སྒྲིག་ཁྲི་4.3གྱི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཟིན་པ་བྱེད་རྒྱུ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དྲོད་གཏོང་ལས་གྲྭར་སྐུལ་འདེད་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་མིར་དྲོད་གཏོང་ཆ་ཚང་ཁེབས་ཐུབ་པ་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། “བརྒྱད་འཛོམས་ཞིང་དུད ”ལས་གཞི་སྤེལ་མགྱོགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཡོངས་ཀྱི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་དང་། སྲིད་འཛིན་གྲོང་ཚོ་ཡོངས་ལ་ཤར་གཏོང་གི་གནད་དོན་ཐག་གཅོད་བྱས་ཏེ། ཤང་གྲོང་གི་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་60%ཟིན་པ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་ཁྱིམ་དུད་ཁྲི་1.5ལ་རྫབ་རླངས་སྐྲུན་ཟིན་པ་བྱེད་རྒྱུ། ཁྱིམ་དུད་ཁྲི་8.4ལ་རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ཁྱབ ”ཀྱི་ལས་གཞི་ལེགས་གྲུབ་ཟིན་པ་བྱེད་རྒྱུ། རླུང་འཕྲིན་དང་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁྱབ་ཚད་94.4%དང་95.5%ཟིན་པ་བྱེད་རྒྱུ། ཁ་པར་ཁྱབ་གདལ་ཐུབ་ཚད་96.8%ཟིན་པ་བྱེད་རྒྱུ། སྲིད་འཛིན་གྲོང་ཚོར་སྦྲག་འཕྲིན་ཤར་གཏོང་ཐུབ་ཚད་91.6%ཟིན་པ་བྱེད་རྒྱུ། སྲིད་འཛིན་གྲོང་ཚོ་1000གི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་ཐུབ་པ་བྱེད་རྒྱུ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་རྒྱ་ཆེར་གཏོང་དགོས་ཤིང་། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ཀྱི་མཐོ་རིམ་སློབ་གྲྭའི་ད་ལོའི་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་། དེ་སྔའི་སློབ་ཐོན་སློབ་མ་གཞི་རྩའི་ཆ་ནས་ལས་ཞུགས་ཐུབ་པ་བྱས་ཐོག གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་མི་གྲངས་ཁྲི་2.2ཡན་ཟིན་པ་བྱས་ཏེ། ལས་ཞུགས་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་པ་བཟོ་ཐུབ་པ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་མིའི་ཐེངས་གྲངས་ཁྲི་12ཡན་ལ་སྦྱོང་བརྡར་སྤྲོས་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མིའི་ཐེངས་གྲངས་ཁྲི་45.5ཡན་ཁ་སྒྱུར་བྱེད་རྒྱུ། ཟོག་གོང་ཚོད་འཛིན་བརྟན་པོ་ཡོང་གང་ཐུབ་བྱེད་དགོས་ཤིང་། རིན་གོང་འཕྲལ་སྡོམ་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མན་ལ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་ཐོག་ངལ་རྩོལ་གན་རྒྱའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་ཞིང་པ་ལས་མིའི་ངལ་རྩོལ་གན་རྒྱ་འཇོག་ཚད་85%ཟིན་ཐུབ་པ་བྱེད་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་བསྡུ་འཇལ་དང་། ལྟ་སྐུལ་དོ་དམ། གཤམ་སྤྲོད། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྤོ་འགྱུར་འབྲེལ་མཐུད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་པ་ལས་མི་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་དེའི་ལས་གཉེར་མི་སྣ་འགན་བཅོལ་ནང་ཞུགས་ཚད་གོང་མཐོར་བཏང་ནས་འགན་བཅོལ་གྱི་རིགས་ཁག་ལ་ཞུགས་ཚད་93%ཡན་ཟིན་པ་བྱེད་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི “འགན་ལེན་ལྔ ”གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་ཚད་40%ཡན་མས་ཟིན་པ་བྱེད་རྒྱུ། བྱིས་པའི་ཕན་བདེ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ཁ་ཐོར་གྱི་འཚོ་སྐྱོང་བྱས་པའི་བྱིས་པ་4588ལ་རོགས་སྐྱོབ་ནུས་ལྡན་ཐུབ་པ་བྱེད་རྒྱུ། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆ་རྐྱེན་ཞན་པའི་སློབ་གྲྭ་དང་། ལས་རིགས་སློབ་གསོའི་ཚོད་ལྟ་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་བྱིས་གསོ་ཁང་འཛུགས་སྐྲུན་དང་དེ་མཚུངས་ཀྱི་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “སྐད་གཉིས ”སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ནས་སློབ་མ་སློབ་གྲྭར་ཞུགས་ཚད་སྲ་བརྟན་དང་གོང་མཐོར་བཏང་སྟེ། སློབ་ཞུགས་མ་བྱས་གོང་གི་སློབ་གསོའི་བྱིས་གསོ་ཁང་ལ་ན་འདྲེས་བྱིས་པ་ཞུགས་ཚད་50%ཟིན་པ་དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.4%ཟིན་པ། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་གྲྭར་ཞུགས་ཚད་98.7%ཟིན་པ། མཐོ་རིམ་སློབ་འབྲིང་གི་ན་འདྲེས་སློབ་གྲྭར་ཞུགས་ཚད་75%ཟིན་པ་བཅས་བྱེད་རྒྱུ། ལོ་བཅོ་ལྔའི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལོ་རེར་སློབ་མ་རེའི་ཆ་སྙོམས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྒོར་2700ལ་སྤར་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་སྒྱུར་བཅོས་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་དང་། མཐོ་རིམ་སློབ་གྲྭར་ཆེད་ལས་གྲུབ་ཆ་བཅོས་སྒྲིག་ཧུར་ཐག་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་འགན་སྲུང་ཤུགས་ཆེར་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་ནད་ཡམས་འགོག་བཅོས་ལྟེ་གནས་དང་། བྱིས་པའི་སྨན་ཁང་། ཚན་ཁག་ཆ་ཚང་བའི་སྨན་པའི་ནད་ཐོག་སྦྱོང་བརྡར་རྟེན་གཞི་བཅས་ཀྱི་འཛུགས་སྐྲུན་ལས་འགོ་ཚུགས་ཐུབ་པ་བྱེད་རྒྱུ་དང་། རྫོང་ཚང་མར་ཚད་ལྡན་ཅན་གྱི་སྨན་ཁང་དང་། ཤང་ཚང་མར་འཕྲོད་བསྟེན་སྨན་བཅོས་ཁང་། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་། ཁྲོམ་གཞུང་ལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་ཡོད་པ་བྱས་ནས་གྲོང་གསེབ་ཀྱི་མྱུར་སྐྱོབ་མ་ལག་ཁག་27འཛུགས་སྐྲུན་ཡག་པོ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་མུ་མཐུད་རིན་མེད་བདེ་ཐང་བརྟག་དཔྱད་བྱེད་པ་དང་། ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་རིན་མེད་སྨན་བཅོས་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱེད་རྒྱུ། དམིགས་བསལ་དང་ཚབས་ཆེའི་ནད་གཞིའི་སྨན་བཅོས་རོགས་སྐྱོབ་བྱེད་རྒྱུའི་ལས་དོན་སྤེལ་ནས་རང་ལྗོངས་ཀྱི་སྨན་བཅོས་རོགས་སྐྱོབ་དང་འཚམ་པའི་གཅིག་འཐུས་རྣམ་པའི་འཕྲལ་མའི་དུས་རྩིས་རྒྱག་སྟངས་འཚོལ་ཞིབ་བྱེད་རྒྱུ། རིག་གནས་དམངས་ཕན་ལ་སྐུལ་འདེད་གཏོང་དགོས་ཤིང་། ས་གནས་གྲོང་ཁྱེར་གྱི་རྟེན་རྫས་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། དཔེ་མཛོད་ཁང་བཅས་ཀྱི་ལས་འགོ་ཕྱོགས་ཡོངས་ནས་འཛུགས་ཐུབ་པ་བྱེད་རྒྱུ་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་543དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་23གྱི་ནང་སྦྱོང་བྱེད་ས་འཛུགས་སྐྲུན་མགྱོགས་མྱུར་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གྲྭའི་ཤང་དང་གྲོང་རྡལ་གྱི་གཞི་རིམ་ས་ཚིགས་589འཛུགས་སྐྲུན་ལེགས་སྒྲུབ་བྱེད་རྒྱུ། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་སྤོ་འགུལ་ཆོག་པའི་རིག་དངོས་ཡོངས་བཤེར་ཡག་པོ་སྤེལ་རྒྱུ། སྨར་ཁམས་ཚྭ་ཞིང་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་སྙན་ཞུ་བྱེད་རྒྱུའི་ལས་དོན་ཡག་པོ་སྤེལ་རྒྱུ། ལྗོངས་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭར་དམ་འཛིན་ཡག་པོ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས། དབུལ་སྐྱོར་གསར་སྤེལ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁྱིམ་དུད་ལ་རོགས་སྐྱོར་བྱེད་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྱིམ་དུད་ཁྲི་8དང་མི་གྲངས་ཁྲི་38ཚང་མ་རྣམ་གྲངས་ནང་ཚུད་ཐུབ་པ་བྱེད་རྒྱུ་དང་དབུལ་ཕོངས་དཀའ་ངལ་ཡོད་པའི་མི་འབོར་ཁྲི་12.8བརྟན་པོའི་ངང་དབུལ་གྲོལ་ཐུབ་པ་བྱེད་རྒྱུ། གནོད་འགོག་དང་གེགས་སེལ་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གནོད་འགོག་གེགས་སེལ་ལས་དོན་ནན་ཏན་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཐོན་ཚད་དང་མི་ཤི་ཚད་གཉིས་ཀ་ཆག་ཐུབ་པ་བྱེད་རྒྱུ་དང་དམིགས་བསལ་དང་ཚབས་ཆེའི་བདེ་འཇགས་དོན་རྐྱེན་མི་ཐོན་པའི་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ། དུས་མཚུངས་རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་བྱེད་ཤུགས་ཆེ་རུ་བཏང་ནས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་སྔར་བས་དོན་འཁྱོལ་གྱིས་འགན་བཅོལ་བྱེད་ཐབས་ཁག་སྲ་བརྟན་འཐུས་ཚང་དུ་བཏང་ཐོག སྒྲིག་ཁོངས་ཀྱི་གྲྭ་བཙུན་ལ་རིན་མེད་ཀྱི་བདེ་ཐང་བརྟག་དཔྱད་ཡག་པོ་བྱེད་རྒྱུ་དང་། དགོན་པའི་ནང་གཙོ་འཛིན་གྱི་སྐུ་པར་དང་། རྒྱལ་དར། ཚགས་པར། རིག་གནས་དཔེ་དེབ་ཁང་བཅས་ཡོངས་སུ་ཁེབས་པའི་རྨང་གཞིའི་ཐོག་ད་ལོ་དགོན་སྡེ་ཡོངས་ལ་ལམ་དང་། ཆུ། གློག འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན་བཅས་ཤར་གཏོང་ཐུབ་པ་བྱས་ནས་དགོན་སྡེའི་སྤྱི་པའི་ཞབས་ཞུ་དང་གྲྭ་བཙུན་གྱི་སྒོམ་སྒྲུབ་ཆ་རྐྱེན་ཡག་ཏུ་གཏོང་རྒྱུ།

        ལྔ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། ཐེངས་གཉིས་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་དམིགས་བསལ་གྱིས་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ། གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ཆུ་ཚད་གོང་མཐོར་གཏོང་རྒྱུ། ལག་ཁྱེར་ཁ་པར་དང་། གཏན་འཇགས་ཁ་པར། མཉམ་འབྲེལ་དྲ་རྒྱ་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཆ་འཕྲིན་གསང་གནད་དང་འཕྲལ་བསྟུན་ཐག་གཅོད་བྱེད་པའི་ལམ་སྲོལ་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་བཏང་སྟེ་བོད་གསར་ཪྙིང་བསྡུར་བ་བྱེད་པའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི “རང་གཤིས་གསུམ ”གྱི་ཁ་ཕྲལ་གྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ “མི་ཐོན་པ་གསུམ ”(གནད་དོན་ཆེ་རིགས་མི་ཐོན་པ་དང་། འབྲིང་རིགས་མི་ཐོན་པ། ཆུང་ཙག་ཀྱང་མི་ཐོན་པ་བྱེད་རྒྱུ )དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་བཅས་འགན་ལེན་བྱེད་དགོས། ཡིག་འབུལ་ཞུ་བཅར་དང་མི་དམངས་འདུམ་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ནང་ཁུལ་གྱི་འགལ་ཟླ་དུས་ཐོག་ཏུ་འདུམ་སྒྲིག་ཐག་གཅོད་འཚམ་པོ་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དམིགས་བསལ་དང་ཚབས་ཆེའི་བདེ་འཇགས་ཀྱི་དོན་རྐྱེན་དོགས་ཟོན་ནུས་ལྡན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ།

        དྲུག གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིབ་གཉེར་དང་། རིག་ནུས། འབྱུང་འཕྲོད། ཐཱན་ཉུང་བཅས་ཀྱི་གྲོང་རྡལ་ཅན་གསར་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གོང་འཕེལ་གཏོང་བའི་འཆར་འགོད་འཐུས་སྒོ་ཚང་དུ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་ཁྱབ་བཀོད་ལུགས་མཐུན་ཡོང་བ་མཐའ་འཁྱོངས་བྱས་ཏེ་ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པ་དང་། ས་གནས་གནས་ཡུལ་རྟེན་སར་བྱེད་པ། རྫོང་གྲོང་དང་མཐའ་མཚམས་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཅས་དྲ་རྒྱར་བྱས་པའི་གྲོང་ཁྱེར་གྲོང་རྡལ་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཐོན་ལས་དང་མི་འབོར་རུབ་སྡུད་ནུས་པ་གོང་མཐོར་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ལས་སྒྱུར་མི་འབོར་གོ་རིམ་ལྡན་པའི་ངང་གྲོང་མི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཐོག་ཐེམ་ཐོ་དང་། ས་ཆ། ནོར་ཁྲལ། སྡོད་ཁང་། སློབ་གསོ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐད་ཞིང་འབྲོག་ལས་ཀྱི་ལས་སྒྱུར་མི་འབོར་གྲོང་ཁྱེར་གྲོང་རྡལ་དུ་ཐེམ་ཐོ་སྒྱུར་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་ཧུར་ཐག་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་25%ཡན་ཟིན་པ་བྱེད་རྒྱུ། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུ་ཚན་རིག་དང་མཐུན་པའི་ཆུ་ཚད་གཙོ་གནད་ཐོག་གོང་མཐོར་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བཅས་བྱས་ཏེ་གྲོང་ཁྱེར་དེ་ཉིད་གནས་སྡོད་དང་། ལས་གཉེར། ཚོང་གཉེར། ཡུལ་སྐོར་བཅས་བྱེད་རྒྱུར་དེ་བས་འཚམ་པོ་ཡོང་བ་བཟོ་དགོས། རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་དགོས་ཤིང་། མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ་བཅས་རྫོང་ཁོངས་ལ་འཁོར་རྒྱུག་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་རྨང་གཞིའི་ཆ་རྐྱེན་ལེགས་པ་དང་སྣེ་ཁྲིད་ནུས་པ་ཤུགས་ཆེ་བའི་ལྟེ་བའི་རྫོང་གྲོང་དང་དཔལ་འབྱོར་སྟོབས་ཆེའི་རྫོང་ཁག་གཅིག་གཅིག་སྡུད་ཐོག་བསྐྲུན་རྒྱུ།

        དུས་མཚུངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། 《འབྱུང་ཁམས་བོད་ལྗོངས་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད 》ཀྱི་བཟོ་འགོད་ལེགས་སྒྲུབ་བྱེད་རྒྱུ་དང་། ཇོ་རི་དང་། བྱང་ཐང་། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ལུང་ཤུར་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་དང་བྱེད་ནུས་ལེགས་སྒྲིག་ཧུར་ཐག་བྱེད་རྒྱུ་དང་མཚོ་མཚེའུ་དང་། གཤེར་ས། གཙང་ཆུ་ཆེ་རིགས་སོགས་ཀྱི་འབྱུང་ཁམས་ཕན་ནུས་སྐྱོང་གསབ་ཐུབ་པ་བྱེད་རྒྱུ། རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་ནུས་འདུས་ཁུལ་གྱི་འགྱུར་སྤྲོད་ཁྱབ་ཁོངས་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ། གཏེར་ཐོན་དང་ཆུ་གློག་སོགས་ཀྱི་ཐོན་ཁུངས་གསར་སྤེལ་བྱས་པའི་འབྱུང་ཁམས་སྐྱོང་གསབ་ལམ་སྲོལ་ཚོད་ལྟ་བྱས་ཏེ་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྤྲོད་རྒྱུ་དང་ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། གོང་དཀར་གནམ་ཐང་ནས་ལྷ་ས་དང་ཉིང་ཁྲི་བར་གྱི་ཁུལ་ཁོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལེགས་སྒྲུབ་བྱེད་རྒྱུ། གཙོ་གནད་ཐོན་ཁུངས་གསར་སྤེལ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། གཙོ་གནད་ཁུལ་ཁོངས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་གི་གཙོ་གནད་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་བཏང་སྟེ་སྦགས་བཙོག་དངོས་རིགས་གཙོ་བོའི་རིགས་ཀྱི་སྤྱི་འབོར་གྱི་ཚོད་འཛིན་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། བཟོ་གཞོན་བུད་མེད་སོགས་ཀྱི་མི་དམངས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ། དཔལ་འབྱོར་ཡོངས་བཤེར་བྱེད་ཐེངས་གསུམ་པ་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་རྒྱུ། འཐུས་མི་རྣམ་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ཕུགས་རྒྱང་ལམ་བུ་གསར་པ་བཏོད་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སེམས་ཤུགས་གཅིག་སྒྲིལ། དམ་པ་དོན་གཉེར། སར་གཏོད་ཡར་བརྩོན་བཅས་བྱས་ཏེ། འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱས་ནས། མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་སྟེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།   (ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང་། )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།