སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད།
སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དེ་2013ལོའི་ཟླ་1ཚེས་22ཉིན་ནས་ཚེས་27ཉིན་བར་ལྷ་སར་སྐོང་ཚོགས་བྱས་ཤིང་། ཚོགས་འདུའི་ཐོག་བློ་མཐུན་མགོན་པོ་བཀྲ་ཤིས་ནས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་དང་བློ་མཐུན་པད་མ་ཚེ་དབང་ནས་གནང་བའི་གྲོས་གཞིའི་ལས་དོན་སྙན་སྒྲོན་གསན་པ་དང་སྦྲགས་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་། ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་པའི་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་བདམས་ཐོན་བྱས་པ། ཚོགས་ཞུགས་ཨུ་ཡོན་གྱིས་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་མོལ་དང་གྲོས་བསྡུར་གནང་བ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྙན་ཞུ་དང་ནོར་སྲིད་སྔོན་རྩིས་སྙན་ཞུར་གྲོས་མོལ་དང་གྲོས་བསྡུར་གནང་བ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་གསན་ཞིང་དེར་གྲོས་བསྡུར་གནང་བ་དང་སྦྲགས་གོང་གསལ་སྙན་ཞུ་ཁག་ལ་གཅིག་གྱུར་ཐོག་ཡིད་མཐུན་བྱུང་ཡོད། ཚོགས་འདུ་གཟབ་ཅིང་རྒྱས་སྤྲོས་མེད་པ་དང་དངོས་འཛིན་དངོས་སྒྲུབ་བྱུང་ནས་ཡོངས་སུ་ལེགས་གྲུབ་བྱུང་ཞིང་། ཚོགས་འདུའི་འགོ་ནས་མཇུག་བར་དམངས་གཙོ་དང་། མཐུན་སྒྲིལ། འཆམ་མཐུན་བཅས་ཀྱི་རྣམ་པས་ཁེངས་ཤིང་། ཚོགས་འདུ་དེ་ནི་སྟོབས་ཤུགས་གོང་བུར་སྒྲིལ་བ་དང་། འཕེལ་རྒྱས་མཉམ་གཉེར་བྱེད་པའི་ཚོགས་ཆེན་ཞིག་དང་། སྔ་འཛིན་ཕྱི་གཏོད་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་ཚོགས་ཆེན་ཞིག་ཡིན།
ཚོགས་འདུས་ངོས་འཛིན་བྱུང་བར། འདས་ཟིན་པའི་ལོ་ལྔ་ནི་བོད་ཀྱི་སྤྱིར་བཏང་མིན་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བ། འཕེལ་རྒྱས་མྱུར་དུ་འགྲོ་བ་བཅས་ཀྱི་ལོ་ལྔ་ཡིན་ལ། བོད་ལྗོངས་སྲིད་གྲོས་ཀྱིས་སྔ་འཛིན་ཕྱི་གཏོད་དང་། སེམས་ནུས་ཡོད་རྒུས་འབད་བརྩོན། གསར་འབྱེད་མདུན་སྐྱོད་བཅས་བྱེད་པའི་ལོ་ལྔ་ཡང་ཡིན། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་མཛད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་བར་བརྟེན་བྱ་གཞག་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ལྗོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོར་བསྒྲེངས་ཀྱིས་ཏེང་ཞའོ་ཕིང་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ། འགན་ནུས་སྒྲུབ་པ། ནུས་པ་འདོན་སྤེལ་བཅས་བྱས་ཏེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཐད་འཕེལ་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་ཡོད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ། དམངས་འཚོའི་བྱ་གཞག་འགན་ལེན་བྱ་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐད་ལེགས་སྐྱེས་གསར་པ་ཕུལ་བ། རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཚད་བརྒལ་གསར་པ་བྱུང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་གཏོད་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། འདས་ཟིན་པའི་ལོ་ལྔའི་རིང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་ཨུ་ཡོན་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ནས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས ”ཀྱི་འབད་འཐབ་དམིགས་ཚད་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་བཏོན་པའི་འཐབ་ཇུས་ཀྱི་ཡུན་རིང་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཚོགས་འདུས་ངོས་འཛིན་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་མཚམས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་གྱིས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་དབྱེ་ཞིབ་གནང་ཡོད་པ་མ་ཟད། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་འབད་འཐབ་བརྒྱུད་རིམ། དེ་བཞིན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་སྡོམ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་རྒྱུ་བཅས་ཀྱི་བརྗིད་ཆེའི་དམིགས་ཚད་བཀོད་ཡོད་ལ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་ཀྱི་གནས་བབ་གཏན་འཁེལ་བྱས་པ་དེ་ཏང་དང་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མུ་མཐུད་མདུན་སྐྱོད་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་ཆེད་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན།
དེར་བརྟེན་རང་ལྗོངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་བསམ་བློའི་ངོས་འཛིན་དེ་ངེས་པར་དུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཚོགས་ཆེན་བཅོ་བརྒྱད་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་སྒྲིལ་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱ་དགོས།
ཚོགས་འདུས་མཛུབ་སྟོན་གནང་བར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པས་གྲོས་འཆམ་གནང་བའི 《ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》གྱིས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་བཏོན་ཡོད་པ་དེ་ནི་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་གལ་ཆེའི་བྱེད་ཐབས་དང་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐུན་མོང་གི་བསམ་འདུན་མཚོན་ཡོད་ཅིང་། རང་ལྗོངས་ཀྱི་དུས་སྐབས་གསར་པའི་ལྟེ་བ་དང་སྤྱི་ཡོངས་གནད་དུ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་ཡོད། དེར་བརྟེན་རང་ལྗོངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་གྱིས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་། ངོས་འཛིན་གཅིག་གྱུར། ལས་འགན་ཁ་གསལ། གོ་སྐབས་དམ་བཟུང་། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱེད་དགོས། རང་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཏཱ་ལའི་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་སྔར་བས་གསལ་རྟོགས་ཐུབ་པ་བྱས་ཐོག བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་སྤྲད་པའི་མཆོག་ཏུ་གྱུར་པའི་འགན་འཁྲི་དང་བླ་ན་མེད་པའི་ལས་འགན་ལེགས་སྒྲུབ་ཧུར་ཐག་ཞུ་དགོས།
ཚོགས་འདུས་མཛུབ་སྟོན་གནང་བར། གྲོས་མོལ་དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཐད་ཀྱི་རླབས་ཆེའི་གསར་གཏོད་ཅིག་དང་མར་ཁེ་སི་རིང་ལུགས་ཀྱི་དམངས་གཙོའི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་བཏང་བ་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པས་བསམ་བློ་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་ཡུན་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། དེར་བརྟེན་རང་ལྗོངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་གྱིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཞིབ་འཇུག་གཏིང་ཟབ་དང་འཚོལ་ཞིབ་ཧུར་ཐག་གིས་རང་ལྗོངས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་དང་བྱ་ཐབས་རྒྱུན་ཆད་མེད་པར་འཛུགས་རྒྱུ་དང་འཐུས་ཚང་དུ་བཏང་སྟེ་གྲོས་མོལ་དམངས་གཙོ་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་འདི་ཉིད་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་བློ་རྩལ་སྤྲུག་པའི་ཐབས་ཤེས་དང་། ཕན་ཐོགས་ཡོད་པའི་ཇུས་བཟང་། ལྷག་བསམ་རྣམ་དག་གི་ནུས་པ་བཅས་བཏོན་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་རྩེ་གཅིག་ཏུ་དམིགས་ཏེ་ཆེད་དོན་གྲོས་མོལ་དང་། ག་སྦྱར་གྲོས་མོལ། ལས་རིགས་ཀྱི་གྲོས་མོལ། གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་བཅས་གཏིང་ཟབ་སྤེལ་ཐོག གྲོས་མོལ་དམངས་གཙོའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་དམངས་གཙོའི་གྲོས་མོལ་གྱི་ཕན་འབྲས་དངོས་ཐོན་རྒྱུ་ཤུགས་ཆེར་བཏང་ནས་མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིན་ཐང་དང་དགོས་ངེས་ཀྱི་དོན་སྙིང་ཏན་ཏིག་མཚོན་པ་བྱེད་དགོས།
ཚོགས་འདུས་མཛུབ་སྟོན་གནང་བར། སླད་ཕྱིན་གྱི་ལོ་ལྔ་ནི་བོད་ལྗོངས་ཀྱིས་མུ་མཐུད་རྒྱལ་ཡོངས་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཟིན་པ་བྱ་རྒྱུ་དང་། “ལོ་ལྔ་ཚན་བཅུ་གཉིས ”ཀྱི་འཕེལ་རྒྱས་འཆར་གཞི་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། སྐབས་བཅུ་པའི་སྲིད་གྲོས་ཀྱི་འགོ་འཛུགས་ས་གསར་པ་དང་། སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ། ཚད་བརྒལ་གསར་པ་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་གལ་ཆེའི་དུས་སྐབས་ཤིག་ཀྱང་ཡིན། སྐབས་གསར་པའི་སྲིད་གྲོས་ཀྱིས་དུས་རབས་དང་མི་དམངས་ཀྱིས་སྤྲད་པའི་གཟི་བརྗིད་ཀྱི་ལས་འགན་རང་འགུལ་གྱིས་ཕྲག་ཐོག་ཏུ་འཁུར་དགོས། དེར་བརྟེན་རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་གྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་ དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་རྒྱུན་འཁྱོངས་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་རྒྱུ་དང་། ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་བསྒྲུབ་རྒྱུ། འབྲེལ་བ་མཐུན་འགྲིག་དང་སྟོབས་ཤུགས་གོང་བུར་བསྒྲིལ་རྒྱུ། ཐབས་འདོན་ཇུས་འབུལ་བྱ་རྒྱུ། སྤྱི་ཡོངས་ལ་ཞབས་ཞུ་བྱ་རྒྱུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་རྒྱུ་དང་འགན་ནུས་སྒྲུབ་པའི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་གཏོང་རྒྱུ། འགན་ནུས་སྒྲུབ་པའི་ནང་དོན་དང་ཐབས་ཤེས་དེ་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ། སྲིད་གྲོས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་རྒྱུའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་རྒྱུ་བཅས་ཀྱི་ཐོག་ནས་རང་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
ཚོགས་འདུས་བླང་བྱ་བཏོན་པར། རང་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་རྒྱུའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་རང་ལྗོངས་སྲིད་གྲོས་ཀྱི་ལས་དོན་དངོས་ལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྲིད་གྲོས་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱས་ནས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ལམ་ལུགས་དང་། ལས་ཀའི་ལམ་ལུགས། ལས་ཁུངས་ཀྱི་དོ་དམ་ལམ་ལུགས་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཁག་གི་སྔོན་ཐོན་གྱི་བྱ་ཐབས་དང་ལེགས་གྲུབ་བྱུང་བའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་དཔེ་བལྟ་མཁས་པོ་བྱས་ཏེ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱ་རྒྱུར་ཤུགས་བརྒྱབ་ནས་སྔོན་ཐོན་གྱི་ཉམས་མྱོང་དང་ཚན་རིག་གི་ཐབས་ཤེས་ཐོག་ནས་འགན་ནུས་སྒྲུབ་པའི་དོན་དངོས་ལ་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེར་ཏན་ཏིག་གཏོང་དགོས། བྱང་ཚད་མཐོ་བའི་སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རང་ལྗོངས་སྲིད་གྲོས་བྱ་གཞག་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
ཚོགས་འདུས་འབོད་སྐུལ་གནང་བར། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག དུས་བསྟུན་ཡར་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་པའི་ཡར་བརྩོན་གྱི་བསམ་པ། བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་རང་ལྗོངས་སྲིད་གྲོས་ཀྱི་ལས་དོན་དེ་སླར་ཡང་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣